འཕྲིན་ལས་རྡོ་རྗེ།
སྤྱི་ཟླ་ ༨ པའི་ཚེས་ ༡༦ ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ཧོངས་ལས་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་བཞུགས་སྐུ་ཚབ་ སྒྲོལ་མ་ཚེ་རིང་དང་ རྒྱལ་སྤྱི་ལས་འབྲེལ་གཙུག་ལག་སློབ་སྡེའི་ འཛུལ་ཞུགས་ཀྱི་ སྒྲིག་འཛིན་འོགམ་ ཇོ་ན་ཐཱན་ བར་ཌིག་དང་ སྒྲིག་འཛིན་འོགམ་ ཨམ་ཝེན་ཌེ་ ཝཱོལ་ཕོརཌ་ཚུ་གི་བར་ན་ ཡིག་ཆ་ཚུ་ བརྗེ་སོར་ཐོག་ལས་ ཀོར་ནེར་གཙུག་ལག་སློབ་སྡེའི་ནང་ འབྲུག་རྒྱལ་པོའི་ སློབ་གཉེར་གྲོགས་རམ་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་བཞེད་ལྟར་དུ་ དུས་རབས་ ༢༡ པའི་ གོ་སྐབས་ཚུ་ བཟོ་ནི་དང་ སྤྲོད་ནི་ལུ་ གྲ་སྒྲིག་གི་དོན་ལས་ ཤེས་ཡོན་ཅན་དང་ མདུན་སྐྱོད་ལུ་བརྩོན་མི་ མི་སྡེ་ཅིག་སྦེ་ བཟོ་ཐབས་ལུ་ཨིན་ཟེར་ ཕྱི་འབྲེལ་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
མཉམ་འབྲེལ་འདི་གི་འོག་ལུ་ འབྲུག་ལས་ གཙུག་ལག་གཞི་རིམ་གྱི་ སློབ་ཕྲུག་ ༢ ཀོར་ནེར་གཙུག་ལག་སློབ་སྡེའི་ནང་ འཛུལ་ཞུགས་ཀྱིས་ ཨེཛ་སི་ཇཱོན་སཱན་ ཚོང་འབྲེལ་མཐོ་རིམ་སློབ་གྲྭའི་ ཌེ་སཱན་སློབ་གྲྭའི་ནང་ དཔལ་འབྱོར་དང་ འཛིན་སྐྱོང་གི་ ཤེས་ཡོན་དང་ དེ་ལས་ སོ་ནམ་དང་ སྐྱེ་ལྡན་ཚན་རིག་ མཐོ་རིམ་སློབ་གྲྭའི་ནང་ སོ་ནམ་ཚན་རིག་ཤེས་ཡོན་ སྦྱང་ནི་གི་ གོ་སྐབས་འཐོབ་ནི་ཨིན་པས།
དེ་བཟུམ་མའི་ སློབ་གཉེར་གྲོགས་རམ་ལུ་བརྟེན་ཏེ་ འབྲུག་གཞུང་གིས་ མི་སྟོབས་ཡར་དྲགས་གཏང་ནི་གི་ ཁས་ལེན་འབད་མི་ལུ་ ལྷན་ཐབས་དང་ མ་འོངས་པར་ ཞི་གཡོག་ནང་འཁོད་ལུ་ འགོ་ཁྲིདཔ་ལེ་ཤ་སྦེ་ བཟོ་ནི་ལུ་ཡང་ ཁེ་ཕན་འབྱུང་ནི་ཨིན་པས།
ནིའུ་ཡོག་ལུ་ ཀོར་ནེར་གཙུག་ལག་སློབ་སྡེའི་ ས་ཁོངས་ནང་སྦེ་ སློབ་གཉེར་གྲོགས་རམ་གྱི་ ཆིངས་ཡིག་གུ་ མིང་རྟགས་བཀོད་པའི་ ལས་རིམ་ནང་ ཀོར་ནེར་གཙུག་ལག་སློབ་སྡེའི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡི་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།