ངང་ལམ་དང་ བདེ་བ་ཐང་གི་མར་ན་ འཁོར་ལམ་བསལ་ནི་གི་ འགོ་འབྱེད་རྟེན་འབྲེལ།

རྡོ་རྗེ་དབང་ཕྱུག།
སྤྱི་ཟླ་ ༩ པའི་སྤྱི་ཚེས་ ༦ ལུ་ ངང་ལམ་དང་ བདེ་བ་ཐང་གི་བར་ན་ འཁོར་ལམ་ཀི་ལོ་མི་ཊར་ ༦༨ འབད་མི་ བསལ་ནིའི་དོན་ལས་ ཌན་ཊག་ལས་འགུལ་གྱི་ འགོ་འདྲེན་ཐོག་ལུ་ ངང་ལམ་ལུ་སྦེ་ འགོ་འབྱེད་རྟེན་འབྲོལ་ བརྩི་སྲུང་འབད་ནུག།
དེ་སྦེ་ འབྲུག་གི་ཤར་ཕྱོགས་ཁ་ཐུག་ལུ་ ག་ནི་བ་ གནད་གལ་ཆེ་བའི་ ལས་འགུལ་འདི་ནང་ འཁོར་ལམ་ཀི་ལོ་མི་ཊར་ ༢༤ དེ་ཅིག་གི་ལཱ་དེ་ འཕྲལ་མགྱོགས་ར་ འགོ་བཙུགས་ནིའི་དོན་ལུ་ སྔོ་ལྗང་དང་ལྡན་པའི་ ས་གཞི་ཚུ་ནང་ འཕྲང་ལམ་གྱི་དོན་ལུ་ འཕྲུལ་ཆས་བསྐྱལ་ནི་ཚུ་ཡང་ འགོ་བཙུགས་ཡོདཔ་ཨིན་པས།
དེ་བསྒང་ སྐུ་མགྲོན་གཙོ་བོ་སྦེ་ ལས་གཡོག་བློན་པོ་ ཀརྨ་རྡོ་རྗེ་དང་ ཌན་ཊག་ལས་འགུལ་གྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ མདོ་འཛིན་ཇཱཛ་ཝིན་ཌར་ སིང་གིས་གཙོས་པའི་ ལས་གཡོག་ལྷན་ཁག་ནང་ལས་ འགོ་དཔོན་ ༣༠ དེ་ཅིག་གིས་ གྲལ་གཏོགས་འབད་ཡོདཔ་ད་ བླམ་གནས་བརྟན་མཆོག་གིས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་སྒོ་ལས་ ས་བླངས་རྟེན་འབྲེལ་མཛད་ནུག།
འགོ་འབྱེད་རྟེན་འབྲེལ་དེ་ ཌན་ཊག་ལས་འགུལ་གྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་གྱིས་ བཀྲིན་ལེགས་སོའི་ གསལ་བཤད་དང་བཅསཔ་སྦེ་ མཇུག་བསྡུ་ཡོད་པའི་གནས་ཚུལ།