ཨྱོན་ཚེ་རིང་།
འབྲུག་ཚོང་འབྲེལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ ཡིག་ཚང་གི་ལས་བྱེདཔ་ ཨམ་སྲུ་ཚུ་ལུ་ འདོད་སྤྱོད་གནོད་འཚེ་གི་ ཉེས་འཛུགས་འབད་དེ་ ལཱ་གཡོག་ནང་ལས་ བཏོན་བཏང་ནི་དེ་གིས་ བརྡབ་གསིག་དང་ གྱོང་རྒུད་ཕོག་པའི་ གནད་ལུ་བརྟེན་ཏེ་ ཟླ་ངོ་ ༦ གི་ དངུལ་ཕོགས་རྩིས་རྐྱབ་སྟེ་ རྒུད་འཐུས་སྤྲོད་དགོ་པའི་ འཁྲུན་ཆོད་གནང་ནུག།
དེ་ཡང་ སྤྱི་ཟླ་ ༤ པའི་ཚེས་ ༢༩ ལུ་ ཆེ་མཐོ་ཁྲིམས་འདུན་ལས་ རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ བསྒྱུར་བཅོས་མཛད་དེ་ གནང་ཡོདཔ་ད་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་བགྲེསཔ་ ཀུན་དགའ་རྣམ་རྒྱལ་གྱིས་ དེ་སྦེ་ འདོད་སྤྱོད་གནོད་འཚེ་འབད་བའི་ ཉོག་བཤད་ལུ་ ངོས་ལེན་འབད་བ་ཙམ་མ་གཏོགས་ རྒྱབ་སྣོན་གྱི་ སྒྲུབ་བྱེད་གཞན་ ག་ནི་ཡང་མིན་འདུག་ཟེར་ཨིན་པས།
དེ་མ་ཚད་ ཉོག་བཤད་བཀོད་མི་ཚུ་དང་ཅིག་ཁར་ ངོ་འཛོམས་ཐོག་ལུ་ བསམ་བཤད་འབད་ནི་གི་ གོ་སྐབས་མ་བྱིན་ནི་དེ་གིས་ འབྲུག་གི་ལས་མི་དང་ ལཱ་གཡོག་བཅའ་ཁྲིམས་ ༢༠༠༧ ཅན་མ་དང་ འགལ་ཡོདཔ་མ་ཚད་ ལས་འཛིན་གྱི་ བཅའ་ཁྲིམས་དང་ སྒྲིག་གཞི་ ༢༠༡༨ ཅན་མ་དང་ཡང་ འགལ་ཡོདཔ་སྦེ་བཀོད་ནུག།
དེ་བཟུམ་སྦེ་ ལས་འཛིན་གྱིས་ ཞིབ་དཔྱད་འབད་བའི་སྐབས་ལུ་ ཞིབ་དཔྱོད་སྡེ་ཚན་གྱི་འཐུས་མི་ ཨྱོན་ཆོས་སྒྲོན་དང་ བསོད་ནམས་ཉི་ཟླ་ ༢ ཧེ་མ་ལས་ ཡིག་ཚང་གི་ ལཱ་དང་འབྲེལ་བའི་ གནད་དོན་ཐོག་ལུ་ འཁོན་འཛིན་ཆགས་ཏེ་ཡོད་པའི་ཁར་ ཁ་ཉེས་བཀལ་མི་ བདེ་ཆེན་ཆོས་སྒྲོན་དེ་ཡང་ བཀོད་ཚོགས་ཀྱི་ཁྲི་འཛིན་ ཀརྨ་ཡེ་ཤེས་ཀྱི་ ནང་ཚན་ཨིན་རུང་ ཁེ་ཕན་ལྟག་སྤྲོད་ གསལ་སྟོན་མ་འབད་བས་ཟེར་ཨིན་པས།
དེ་ལས་ ཉོག་བཤད་ཀྱི་ གནད་དོན་དེ་ ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་ཐོག་ལས་ དང་ལེན་འབད་དགོ་པའི་ཁར་ ཉོག་བཤད་བཀོད་མི་ ལས་བྱེདཔ་ ༣ ལུ་ གནོད་སྐྱོན་དང་ སྡུག་སྦྱོང་ཚབས་ཆེན་ བྱུང་བའི་སྐོར་ལས་ གསོ་བའི་མཁས་མཆོག་གི་ བརྟག་དཔྱད་སྒྲུབ་བྱེད་ཚུ་ཡང་ མིན་འདུག་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་བགྲེསཔ་ ཀུན་དགའ་རྣམ་རྒྱལ་གྱིས་ རྫོང་ཁག་ཁྲིམས་འདུན་ལུ་ རྩོད་བཤེར་བཙུགས་ཡོད་རུང་ བཀོད་ཚོགས་ཀྱི་ བདག་སྐྱོང་གྲོས་ཆོད་ལུ་ གཞི་འཛིན་ཐོག་ལས་ འཁྲུན་ཆོད་གནང་མི་ལུ་ ཁེ་རྒུད་མ་བཏུབ་པར་ མཐོ་གཏུགས་འབད་ནུག།
ཀུན་དགའ་རྣམ་རྒྱལ་དེ་ སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༩ པའི་ཚེས་ ༢ ལུ་ ལོ་ངོ་ ༣ གྱི་དོན་ལས་ ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་ ༨༠,༠༠༠ རེ་སྦེ་ འབྲུག་ཚོང་འབྲེལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱི་ གོ་གནས་ཁར་ བསྐོ་བཞག་འབད་ཡོད་རུང་ ཟླཝ་ ༨ ཀྱི་རྒྱབ་ལས་ བཏོན་བཏང་ཡོདཔ་ཨིན་པའི་གནས་ཚུལ།