སྒྲོལ་མ་ཡེ་ཤེས་དང་
བདེ་སྐྱིད་ཆོས་སྒྲོན།
སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རྣམ་ཅོ་བརྟག་དཔྱད་ཁང་ འགོ་འབྱེད་འབད་མི་དེ་གིས་ རྒྱལ་ཁབ་ནང་ ཨ་ལོ་རྣམ་ཅོ་མ་གོ་བའི་ གནད་དོན་བཀག་ནི་ཚུ་ དུས་ཚོད་ཁར་ བདའ་ཟུན་ནི་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།
དེ་ཡང་ གསོ་བ་ལྷག་ཁག་གིས་ ཡུ་ཨེན་འཕྲུལ་རིག་དངུལ་ཁང་དང་ མེ་ཊོ་ནིག་ལེབཛ་ཇི་ཨེན་ཨར་ས་འུནཌ་དང་ ཨཱཛ་ཊི་ཡ་ གོང་འཕེལ་ལས་ཚབ་ཚུ་དང་ མཉམ་འབྲེལ་ཐོག་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གཞི་བཙུགས་འབད་ནུག།
འགོ་འབྱེད་རྟེན་འབྲེལ་སྐབས་ལུ་ གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ མིག་ཏོ་སྐྱོན་ཅན་གྱི་ ལས་རིམ་འོག་ལུ་ མིག་ཏོ་ཁར་ སྐྱོན་ཕོག་མི་ ཨ་ལོ་བརྒྱ་ཆ་ ༩༩.༤ དེ་ཅིག་ བརྟག་དཔྱད་འབད་དེ་ མིག་ཤེལ་ཚུ་ བྱིན་ཡོདཔ་ལས་ ལས་རིམ་དེ་གི་དོན་ལུ་ གྲུབ་འབྲས་སྦོམ་ཅིག་ཨིན་ཟེར་བཤད་ནུག།
དེ་མ་ཚད་ སྤྱི་ལོ་ ༢༠༡༩ ལུ་ རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་ སྲིད་བྱུས་ཆ་འཇོག་སྐབས་ལུ་ གཞུང་གི་ཁ་ཐུག་ལས་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་བསུབ་ནི་གི་ དམིགས་ཡུལ་དང་གཅིག་ཁར་ དབང་པོ་སྐྱོན་ཅན་སྦོམ་ཤོས་ཅིག་ཨིན་མི་ མིག་ཏོ་མ་མཐོང་མི་དང་ རྣམ་ཅོ་མ་གོ་ ༢ ཀྱི་ དཀའ་ངལ་སེལ་ཐབས་འབད་ནི་ལུ་ གཙོ་རིམ་བཟུང་དོ་ཟེར་ཨིན་པས།
རྒྱལ་ཁབ་ནང་ སྔོན་འགོག་འབད་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ཏེ་ ཨ་ལོ་ཕུད་རྡོག་ ༡ ཡང་ རྣམ་ཅོ་མ་གོ་བའི་ སྐྱོན་མེདཔ་སྦེ་ བཟོ་ནི་གི་ མནོ་བསམ་གཏང་དགོཔ་ད་ ཡུན་བརྟན་གྱི་དོན་ལས་ ནང་འཁོད་ལུ་ འཇོན་ཐངས་དང་ ལྕོགས་གྲུབ་དགོཔ་བཞིན་དུ་ ཌོག་ཊར་དང་ འཕྲུལ་ལསཔ་ཚུ་གི་ འཇོན་ཐངས་དང་ ལྕོགས་གྲུབ་ཚུ་ གོང་འཕེལ་གཏང་ཐབས་ལུ་ འབྲུག་ལུ་ མ་རྩ་གཞི་བཙུགས་འབད་གནང་ཟེར་ཨིན་པས།
ཨ་ལོ་ཚུ་གི་དོན་ལུ་ རྣམ་ཅོ་བརྟག་དཔྱད་ཁང་དང་ རྣམ་ཅོ་གོ་ནིའི་ ལྷན་ཐབས་འཕྲུལ་ཆས་ཀྱི་ ཞབས་ཏོག་ཚུ་ ད་ལས་ཕར་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ འཐོབ་ཚུགས་ནི་ཨིན་པའི་གནས་ཚུལ།