སྒྲོལ་མ་ཡེ་ཤེས།
སྤྱི་ཟླ་ ༤ པའི་ཚེས་ ༢༡ ལས་ ཉིན་གྲངས་ ༩ གི་རིང་ལུ་ གཞུང་དགེ་འདུན་གྲྭ་ཚང་གི་ ཚོགས་ཀྱི་སློབ་དཔོན་མཆོག་ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་ ༢༠༠ དེ་ཅིག་གིས་ ཐིམ་ཕུ་སྤང་རི་ཟམ་པ་ རྩིས་གཞུང་མཐོ་རིམ་སློབ་གྲྭའི་ནང་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་མི་ རྒྱལ་ཁབ་ཀྱི་ བསྟན་སྲིད་སྐུ་རིམ་ འབྱུང་བའི་སྤྱི་མདོས་ གནང་དོ་ཡོདཔ་ཨིན་པས།
འབྱུང་བའི་སྤྱི་མདོས་དེ་ བརྒྱུད་སྡེའི་ཁོངས་སུ་ གཏོགསཔ་མ་ཚད་ རྩིས་ཀྱི་ལུགས་ལས་ དཀར་རྩིས་དང་ འབྱུང་རྩིས་ དབྱངས་འཆར་ཟེར་ ༣ ཡོད་མི་ལས་ འབྱུང་རྩིས་ཀྱི་གྲངས་སུ་ཨིནམ་ད་ གནས་མིང་ལུ་བརྟེན་ཏེ་ རྒྱ་ནག་སྤྱི་མདོས་ཟེར་ སླབ་ཨིན་རུང་ དོན་ངོ་མ་ལུ་ འབྱུང་བ་སྤྱིའི་མདོས་ཟེར་ཨིན་པས།
དེ་ཡང་ གཙོ་བོ་ གཟའ་དང་ སྐར་མ་ ལོ་དང་ ཟླ་བ་ལ་སོགས་པའི་ མདོས་ཀྱི་དཀྱིལ་འཁོར་དང་ མི་དབང་ཡབ་སྲས་དང་ མི་དབང་རྒྱལ་བཙུན་ཚུ་གི་སྐུ་གླུད་ བླམ་ཆོསཔ་ མི་སེར་སྤྱིར་བཏང་ཕོ་མོའི་གླུད་ ལོ་འཁོར་ ༡༢ ཀྱི་གླུད་ བདུན་ཟུར་ མཐུན་གསུམ་ གནམ་སྒོ་ ས་སྒོ་ དུར་མིག་ དགུ་མིག་ རྒྱལ་མདོས་ བཙན་མདོས་ བདུད་མདོས་ མིག་ཁ་ མཚོ་སྨན་དགུ་མདོས་ དེ་ལས་ རང་སོའི་སྲོག་ལུས་དབང་ཀླུང་གི་ སྐུ་རིམ་ཚུ་ སྒྲུབ་གནངམ་ཨིན་པས།
དེ་སྦེ་ གནང་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ སྤྱིར་འཛམ་གླིང་ནང་ ཞི་བདེ་འབྱུང་ཐབས་ལུ་དང་ ལྷག་པར་དུ་ དཔལ་འབྲུག་པའི་ བསྟན་སྲིད་ལུ་གནོད་མི་ འགལ་རྐྱེན་བར་ཆད་ མི་མཐུན་པའི་ ཕྱོགས་ག་ར་ཞི་སྟེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ མི་ཉམས་གོང་དུ་འཕེལ་ཐབས་ལུ་དང་ ཡང་སྒོས་ལུ་ འབྲུག་གི་སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་ ཡབ་སྲས་ཚུ་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ ཆོས་ཀྱི་དབུ་ཁྲིད་དམ་པ་ རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ སྐྱེས་ཆེན་དམ་པ་ཚུ་ སྐུ་ཚེ་ཞབས་པད་བརྟན་ཏེ་ མཛད་པ་འཕྲིན་ལས་ཚུ་ དར་ཞིང་རྒྱས་ཐབས་ལུ་ དམིགས་ཏེ་ཨིན་པས།
མདོས་དེ་ཚུའི་ནང་ རང་སོའི་གཟུགས་ཁ་ལས་ གླུད་འཕྱི་སྟེ་ བཙུགས་ཐོག་ལུ་ ཐུགས་སྨོན་རེ་ གནང་པ་ཅིན་ དུས་ཅི་ གནམ་ལོ་ཆུ་ཕོ་སྟག་ལོའི་ བཟློག་ཐབས་སྐུ་རིམ་ཚུ་ ལོགས་སུ་སྦེ་ བསྒྲུབ་མ་དགོ་པའི་ཁར་ སྲོག་ལུས་དབང་རླུང་ རྒུད་མི་ཚུ་ཡང་ སྤྱི་མདོས་དེ་གིས་ ཕན་ཐོགས་ཏེ་ ཚེ་འདིའི་རྐྱེན་སེལ་ནི་དང་ ཕྱི་མའི་དོན་བསྒྲུབ་ནི་ལུ་ཡང་ ཕན་ཐོགས་སྦོམ་ཡོདཔ་ཨིན་པའི་གནས་ཚུལ།