དགེ་འདུ་ལས་ སྨྱོ་རྫས་ནག་ཚོང་འཐབ་མི་ ཕོ་སྐྱེས་ ༣ དང་ ཨམ་སྲུ་ ༡ འཛིན་བཟུང་།

བདེ་སྐྱིད་ཆོས་སྒྲོན།
སྤྱི་ཟླ་ ༦ པའི་ཚེས་ ༡༤ ལུ་ ནུབ་མོའི་ཆུ་ཚོད་ ༡༡ དེ་ཅིག་ཁར་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ དགེ་འདུའི་ས་གནས་ ཇུམ་བྱག་ལས་ སྨྱོ་རྫས་ནག་ཚོང་འཐབ་མི་ ཕོ་སྐྱེས་ ༣ དང་ ཨམ་སྲུ་ ༡ འཛིན་བཟུང་འབད་ནུག།
དེ་ཡང་ དབང་འདུས་རྫོང་ཁག་ བསམ་གཏན་སྒང་རྒེད་འོག་ གཡུས་ཀུན་བཟང་གླིང་ལས་ སྐྱེས་ལོ་ ༥༡ འབད་མི་ ཀུན་ལེགས་དང་ ཨ་ཐང་རྒེད་འོག་ གཡུས་བསམ་ཐང་ལས་ སྐྱེས་ལོ་ ༣༠ འབད་མི་ འཇིགས་མེད་ཚེ་རིང་ དེ་ལས་ མོང་སྒར་རྫོང་ཁག་ ལྕགས་ས་མཁར་ལས་ སྐྱེས་ལོ་ ༣༨ འབད་མི་ ཀུན་བཟང་དང་ བསམ་རྩེ་རྫོང་ཁག་ ཕུན་ཚོགས་དཔལ་རི་རྒེད་འོག་ གཡུས་ཀ་ལ་པ་ནི་ལས་ སྐྱེས་ལོ་ ༣༠ འབད་མི་ རྣམ་རྒྱལ་ཚེ་རིང་ཚུ་ཨིན་པས།
དེ་བསྒང་ སྣུམ་འཁོར་མ་ཧིན་ད་ར་ཅིག་ནང་ འགྲུལ་བསྐྱོད་འབད་མི་ ཉེས་འཛུགས་ཅན་ཚུ་ལས་ སྨྱོས་རྫས་ཨེཛ་པི་པ་ལཱཛ་ སྨན་ཐུམ་ ༡༧,༤༠༠ དང་ སྨྱོས་རྫས་ཨེན་ ༡༠ སྨན་ལེབ་ ༤༧༠ ཐོབ་ནུག།
ཉེས་འཛུགས་ཅན་ ཀུན་ལེགས་ཀྱི་ ཆབ་གསང་བརྟག་དཔྱད་འབདཝ་ད་ སྨྱོ་རྫས་ལག་ལེན་འཐབ་འཐབ་མེད་པའི་ གྲུབ་འབྲས་ཐོན་ཡོད་རུང་ ཀུན་བཟང་དང་ རྣམ་རྒྱལ་ཚེ་རིང་ འཇིགས་མེད་ཚེ་རིང་ ༣ གྱི་ ཆབ་གསང་བརྟག་དཔྱད་ནང་ལས་ སྨྱོ་རྫས་ལག་ལེན་འཐབ་ཡོད་པའི་ གྲུབ་འབྲས་ཐོན་ནུག།
རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཁྲིམས་འགལ་དང་ ལག་ལེན་སྡེ་ཚན་ལས་ དམག་སྲིད་པ་སངས་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱ་ངན་དེ་ ཐོནམ་འཐོན་ས་ར་ཡོདཔ་ལས་ མི་ཚུ་ལུ་ གོ་བརྡ་ག་དེམ་ཅིག་སྤྲོད་རུང་ ཉན་ཁུག་མེད་ནི་དེ་གིས་ བྱ་ངན་རྩ་མེད་བཏང་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
ཨིན་རུང་ རྒྱལ་གཞུང་འབྲུག་གི་འགག་སྡེའི་ ཁ་ཐུག་ལས་ བྱ་ངན་དེ་ཚུ་ རྩ་མེད་བཏང་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོད་ཟེར་ དམག་སྲིད་པ་སངས་རྡོ་རྗེ་གིས་ བཤདཔ་ཨིན་པས།
དེ་བཟུམ་མའི་ བྱ་ངན་ལུ་བརྟེན་ཏེ་ རྒྱལ་ཁབ་དང་ མི་སེར་ཚུ་ལུ་ བྱ་སྟབས་མ་བདེཝ་སྦོམ་སྦེ་ར་ འཐོན་དོ་ཡོདཔ་ལས་ འགག་སྡེ་གིས་ ལྟ་རྟོག་ཚུ་ ག་དེ་དྲག་དྲ་འབད་བའི་གུ་ བྱ་ལྟ་མི་ཚུ་ཡང་ བཙུགས་ཏེ་ཡོད་རུང་ བྱ་ངན་མར་ཕབ་ཀྱི་དོན་ལུ་ མི་མང་གི་ ཁ་ཐུག་ལས་ཡང་ ལྟ་རྟོག་དང་ སྙན་ཞུའི་ཐོག་ལས་ རྒྱབ་སྐྱོར་འབད་དགོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།