སྒྲོལ་མ་ཡེ་ཤེས།
མགར་ས་རྫོང་ཁག་ ལུང་ནག་ནང་ལུ་ དབྱར་རྩྭ་དགུན་འབུབ་འཐུ་སའི་ ས་ཁོངས་ནང་ ལྟ་རྟོག་འབད་མི་ དམག་མི་དང་ ནགས་ཚལ་ལས་བྱེདཔ་ སྡེ་ཚན་ཅིག་ལུ་ དབྱར་རྩྭ་དགུན་འབུབ་འཐུ་མི་ སྡེ་ཚན་ཅིག་གིས་ རྡོ་བླུགས་བྱིནམ་ལས་ དམག་མི་ཅིག་གི་ མགུ་ཏོ་ཁར་ རྨ་སྐྱོན་རྨ་སྐྱོན་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།
དེ་ཡང་ འཐུས་མི་ ༡༠ འབད་མི་ ལྟ་རྟོག་སྡེ་ཚན་དང་ དབྱར་རྩྭ་དགུན་འབུབ་འཐུ་མི་ སྡེ་ཚན་གྱི་བར་ན་ འཐབ་འཛིང་སྐབས་ལུ་ བྱུང་ཡོདཔ་ད་ དེ་བསྒང་ རྨ་སྐྱོན་བྱུང་མི་ དམག་མི་ ༡ དང་ དབྱར་རྩྭ་དགུན་འབུབ་འཐུ་མི་ ༢ ལུ་ཡང་ རྨ་སྐྱོད་བྱུང་ཡོད་རུང་ སྨན་བཅོས་འབད་དེ་ དྲག་པའི་བསྒང་ཡོདཔ་ཨིན་པས།
དེ་བཟུམ་མའི་ འཐབ་འཛིང་ལངས་དགོ་པའི་ གནད་དོན་གཙོ་བོ་ར་ དབང་འདུས་ཕོ་བྲང་རྫོང་ཁག་ སྲས་ཕུག་དང་ དྭངས་ཆུ་རྒེད་འོག་ ༢ ལས་ ཁྲིམས་འགལ་ཐོག་ལུ་ དབྱར་རྩྭ་དགུན་འབུབ་འཐུ་བར་ འགྱོ་ནི་དེ་གིས་ཨིན་པས་ཟེར་ སོ་ནམ་དང་ ནགས་ཚལ་ལྷན་ཁག་ལས་ གསར་བཏོན་འབད་མི་ གནས་ཚུལ་ནང་བཀོད་ནུག།
འཐབ་འཛིང་དེ་ཡང་ ཁྲིམས་འགལ་ཐོག་ལུ་ དབྱར་རྩྭ་དགུན་འབུབ་འཐུ་མི་ཚུ་ ལོག་འགྱོ་དགོཔ་སྦེ་ སླབ་པའི་ཤུལ་ལུ་ ཞིབ་དཔྱད་འབདཝ་ད་ ཁོང་ཆ་ཁྱབ་ ས་གནས་དེ་ནང་ར་ སྡོད་ཡོདཔ་སྦེ་ མཐོང་ནུག་ཟེར་ཨིན་པས།
ཨིན་རུང་ སྤྱི་ཟླ་ ༥ པའི་ཚེས་ ༡༣ ལུ་ ལྟ་རྟོག་སྡེ་ཚན་གྱིས་ མི་དེ་ཚུ་དང་ འབྲེལ་བ་མ་འཐབ་པར་ གནམ་ཕྱི་རོ་ཁམས་ཅིག་ཁར་ ཁོང་རའི་སྒར་ནང་ ལོག་འགྱོ་བའི་ལམ་ཁར་ ཁྲིམས་འགལ་ཐོག་ལས་ དབྱར་རྩྭ་དགུན་འབུབ་འཐུ་མི་ དག་པ་ཅིག་དང་ ཕྱད་ཡོདཔ་ལས་ ཁོང་གིས་ ད་རུང་ཡང་ འཐུས་མི་སྡེ་ཚན་ལུ་ རྡོ་རྐྱབ་ནི་ འོག་བཙུགས་པ་ལུ་བརྟེན་ཏེ་ དམག་མི་ཚུ་གིས་ གནས་སྟངས་དེ་ ལེགས་ཤོམ་བཟོ་ཐབས་ལུ་ ཉེན་བརྡ་བཟུམ་ཅིག་སྦེ་ ཀྲོབ་མདའ་རྐྱབ་ནུག་ཟེར་ གནས་ཚུལ་ནང་བཀོད་ནུག།
དེ་བསྒང་ མི་ ༢ ལུ་ ཀྲོབ་མདའ་ཕོག་ཡོདཔ་ལས་ དམག་སྡེའི་ཌོག་ཊར་ཅིག་གིས་ སྨན་བཅོས་འབད་དེ་ མཚོ་ཆེན་ལྗོངས་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ ད་ལྟོ་ ཁོང་གཉིས་ཆ་རའི་ གནས་སྟངས་དེ་ ལེགས་ཤོམ་ཡོདཔ་ཨིན་པས།
རྨ་སྐྱོན་སྦོམ་བྱུང་མི་ དམག་མི་དེ་ ཐད་འཕུར་གནམ་གྲུའི་ཐོག་ལས་ སྨན་ཁང་ནང་བསྐྱལ་ཏེ་ སྨན་བཅོས་འབད་བའི་བསྒང་ཡོདཔ་ད་ རྨ་སྐྱོན་དུམ་གྲ་རེ་ བྱུང་མི་ཚུ་ཡང་ ལུང་ནག་ནང་གི་ སྨན་ཁང་ནང་ སྨན་བཅོས་འབད་དོ་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།