བསམ་གྲུབ་ལྗོངས་མཁར་ སྒོམ་དར་རྒེད་འོག་ལུ་ གནམ་བྱཱར་གྱི་ དུས་ཚོད་ཁར་ ཆུ་རུད་དང་ ས་རུད་ཚུ་གི་དཀའ་ངལ།

སྒྲོལ་མ་ཡེ་ཤེས།
བསམ་གྲུབ་ལྗོངས་མཁར་ སྒོམ་དར་རྒེད་འོག་ནང་ གནམ་བྱཱར་གྱི་ དུས་ཚོད་ཁར་ ཆུ་རུད་དང་ ས་རུད་ཚུ་གིས་ འཁོར་ལམ་ཚུ་ འཕྱགས་བདའ་ནི་དེ་གིས་ ལམ་འགྲུལ་འབད་ནི་ལུ་ དཀའ་ངལ་སྦོམ་ཡོད་ཟེར་ཨིན་པས།
དེ་ཡང་ སྒོམ་དར་རྒཔོ་ དཀར་ཅུང་གིས་ བཤད་ཡོདཔ་ད་ དེ་བཟུམ་སྦེ་ རྒེད་འོག་བདག་སྐྱོང་གི་ ཡིག་ཚང་དེ་ཡང་ རྒེད་འོག་གཞན་ཁའི་ ཡིག་ཚང་བཟུམ་སྦེ་ ལེགས་ཤོམ་མེདཔ་ལས་ དཀའ་ངལ་དེ་ཚུ་ བསལ་ནི་གི་ ཐབས་ཤེས་ཚུ་ སྟོན་པའི་བསྒང་ཡོད་ཟེར་ཨིན་པས།
དེ་མ་ཚད་ རྒེད་འོག་དེ་ནང་ བརྒྱུད་འཕྲིན་གྱི་ རྒྱུན་ལམ་དང་ གློག་རིག་ཡོང་འབྲེལ་ ཨིན་ཊར་ནེཊ་གི་ དཀའ་ངལ་ཚུ་ཡང་ཡོདཔ་ལས་ ལས་སྡེ་གཞན་ཚུ་དང་ དུས་ཚོད་ཁར་ འབྲེལ་བ་འཐབ་མ་ཚུགས་པའི་ དཀའ་ངལ་དང་ གདོང་ལེན་ཚུ་ཡང་ཡོདཔ་ཨིན་པས།
སྐྱེས་ལོ་ ༥༢ འབད་མི་ སྒོམ་དར་རྒཔོ་ དཀར་ཅུང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧེ་མར་ མགྱོན་ཁྱིམ་སྦེ་ བཟོ་མི་དེ་ ད་རེས་ རྒེད་འོག་བདག་སྐྱོང་གི་ ཡིག་ཚང་སྦེ་ ལག་ལེན་འཐབ་དོ་ཟེར་ཨིན་པས།
དཀར་ཅུང་གིས་ སློབ་རིམ་ ༨ པ་ མཇུག་བསྡུ་བའི་ཤུལ་ལུ་ རྒྱལ་གཞུང་འབྲུག་གི་དམག་སྡེའི་ སྨན་ཁང་ནང་ ཚན་རིག་བརྟག་དཔྱད་ལས་རོགསཔ་སྦེ་ ལོ་ངོ་ ༡༩ གི་རིང་ལུ་ ཕྱག་ཞུ་ཡོདཔ་ད་ སྤྱི་ལོ་ ༢༠༢༡ ལུ་ བཙག་འཐུ་ཐེངས་ ༣ པའི་ནང་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ བཙག་འཐུ་ཡང་གྲུབ་ནུག།
རྒེད་འོག་དེ་ཁར་ སྤྱི་འོག་ ༥ གི་ནང་ གུང་གྲངས་ ༦༤༨ དང་ གུང་སྟོང་ ༧༣ ཡོདཔ་ད་ མི་རློབས་ ༥,༨༤༠ ལྷགཔ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།