རྒྱབ་ཁུངས།
༆ མ་ཎི་འདི་ ཐུགས་རྗེ་ཆེན་པོ་ འཕགསཔ་སྤྱན་རས་གཟིགས་ལུ་ གསོལཝ་བཏབ་པའི་ ར་ཁུངས་ཨིནམ་ལས་ དེ་སྦེ་ མ་ཎི་བགྱང་པའི་སྐབས་ལུ་ ཐུགས་རྗེ་ཆེན་པོ་ རང་གི་སྤྱི་གཙུག་ལུ་ བཞུགས་ཏེ་ཡོདཔ་སྦེ་ བསྒོམ་ཞིནམ་ལས་ ཁ་ཙམ་ཚིག་ཙམ་མིན་པར་ ཀུན་སློང་བྱང་ཆུབ་ཀྱི་སེམས་དང་ སྙིང་རྗེའི་སེམས་ཀྱི་སྒོ་ལས་ ཁམས་གསུམ་འཁོརབའི་ སེམས་ཅན་ག་རའི་དོན་ལུ་དམིགས་ཏེ་ ཁ་ཡེངས་མིག་ཡེངས་མེད་པར་ དད་པ་དང་ མོས་གུས་བསྐྱེད་དེ་ བགྱང་དགོཔ་ཨིན་པས།
བགྱང་ཐངས།
༆ མ་ཎི་བགྱང་ནི་འདི་ འགོ་བཙུགས་པའི་སྐབས་ལུ་ དང་པ་ར་ ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང་། །སྤྱན་སྟོང་བསྐལ་པ་བཟང་པོ་སངས་རྒྱས་སྟོང་། །གང་ལ་གང་འདུལ་དེ་ལ་དེར་བརྩོན་པའི། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཟེར་སྐྱོར་ཐོག་ལས་ མ་ཎི་བགྱངས་ཚར་བའི་ཤུལ་ལུ་ དགེ་བ་འདི་ཡིས་མྱུར་དུ་བདག །སྤྱན་རས་གཟིགས་དབང་གྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཟེར་བའི་ དགེ་བ་བསྔོ་དགོཔ་ཨིན་པས།
ཕྱེངམ།
༆ མ་ཎི་འདི་ གཙོ་བོ་ ཤེལ་ཕྲེང་གུ་ བགྱང་དགོཔ་ཨིན་རུང་ བོ་དྷིའི་ཕྱེངམ་གུ་ཡང་ བགྱང་བཏུབ་ཨིན་པས། མ་ཎི་བགྱང་པའི་སྐབས་ལུ་ ཕྱེངམ་དེ་ ལགཔ་གཡོན་པའི་ ཨམ་མཐེ་བོང་དང་ མཛུབ་མོ་གཉིས་ཀྱིས་བཟུང་སྟེ་ རང་གི་ཁ་ཐུག་ལུ་ འཐེན་དགོཔ་ད། དེ་ཡང་ ཕྱེངམ་གི་མདོ་འཛིན་ལས་ འགོ་བཙུགས་ཏེ་ ཕྱེངམ་ཕུད་རྡོག་རེ་རེ་ འཐེན་པའི་སྐབས་ལུ་ ཁམས་གསུམ་འཁོར་བའི་ སྡུག་བསྔལ་གྱི་ནང་ན་ འཁྱམས་སྡོད་མི་ སེམས་ཅན་ཚུ་ག་ར ཡར་འདྲེནམ་ཨིན་པའི་ དམིགས་པ་བསྐྱེད་དགོཔ་ཨིན་པས། དེ་ལས་ ཕྱེངམ་རེ་རེ་བཞིན་དུ་འཐེན་ཏེ་ སྐོར་ར་འཁོར་ཏེ་ མདོ་འཛིན་གུ་ལྷོདཔ་ད་ ཁམས་གསུམ་འཁོར་བའི་ སེམས་ཅན་ག་ར ཐུགས་རྗེ་ཆེན་པོའི་ ཞིང་ཁམས་ལུ་འདྲེན་པའི་ མནོ་བསམ་གཏང་དགོཔ་ཨིན་པས།
དུས་ཚོད།
༆ མི་མང་ཤོས་ཅིག་གིས་རང་ མ་ཎི་འདི་ ཉི་ནུབ་མེད་པར་ བགྱངས་སྲོད་ཡོདཔ་ཨིན་རུང་། ཨོ་རྒྱན་རིན་པོ་ཆེ་གིས་ བཀ་ཐང་བསྡུས་པའི་ནང་ ཉིན་མོའི་དུས་སུ་ཐུགས་རྗེ་ཆེན་པོ་བསྒོམ། །མཚན་མོའི་དུས་སུ་ཨོ་རྒྱན་ང་ཉིད་བསྒོམ། །ཟེར་གསུངས་དོ་བཟུམ་འབད་བ་ཅིན་ ཉིན་མའི་རིགས་ལུ་ ཐུགས་རྗེ་ཆེན་པོའི་གཟུངས་སྔགས་ མ་ཎི་བགྱངས་དགོ་པའི་སྐོར་ལས་དང་། ཕྱི་རོའི་རིགས་ལུ་ ཨོ་རྒྱན་གུ་རུ་རིན་པོ་ཆེར་ གསོལཝ་བཏབ་པའི་ཚུལ་ལུ་ བཛྲ་གུ་རུ་བགྱངས་དགོ་ཟེར་ཨིན་པས།
ཕན་ཡོན།
༆ མ་ཎི་བགྱངས་པའི་ ཕན་ཡོན་འདི་གིས་ ལྷ་ལུ་འཕོ་ལྟུང་གི་ སྡུག་བསྔལ་དང་། ལྷ་མིན་ལུ་ འཐབ་རྩོད་ཀྱི་སྡུག་བསྔལ། མི་ལུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ། དུད་འགྲོ་ལུ་ བཀོལ་སྤྱོད་དང་ གཅིག་གིས་གཅིག་ཟའི་ སྡུག་བསྔལ་ལ་སོགས་པ་དང་། ཡི་དྭགས་ལུ་ བཀྲེས་སྐོམ་གྱི་སྡུག་བསྔལ། དམྱལ་བ་ལུ་ ཚ་གྲང་གི་ སྡུག་བསྔལ་ལ་སོགས་པ་ཚུ་ཞི་སྟེ་ ཐར་པ་དང་ ཐམས་ཅད་མཁྱེན་པའི་ སངས་རྒྱས་ཀྱི་ གོ་འཕང་འཐོབ་ནི་ཨིན་པས།
དེ་ལས་ རྒྱ་མཚོའི་ནང་ ཆུ་ཆུང་མང་རབས་ཅིག་འབབ་པའི་ གྱངས་ཁ་ཆོད་ནི་ཨིན་རུང་ མ་ཎི་ཚིག་གཅིག་བགྱངས་པའི་ ཕན་ཡོན་འདི་ ནེ་ཅིག་ཨིན་ཟེར་ ཚད་བཟུང་མི་ཤེས་ནི་དང་། དེ་བཟུམ་སྦེ་ འཛམ་གླིང་གི་ ས་ཆ་ག་ར་ སྲང་གུ་བཏབ་པའི་ ལྗིད་ཚད་ཀྱི་ གྱངས་ཁ་ཆོད་ནི་ཨིན་རུང་ མ་ཎི་ཚིག་གཅིག་བགྱངས་པའི་ ཕན་ཡོན་གྱི་ཚད་དེ་ གྱངས་ཁ་མི་ཆོད་ནི་ཨིན་ནོ། །