མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ གཟིགས་སྐོར་གནང་སྟེ་ རྒྱལ་ས་ཐིམ་ཕུ་ལུ་ ལོག་ཕེབས་ཡོདཔ།

རྡོ་རྗེ་དབང་ཕྱུག།

སྤྱི་ཟླ་ ༩ པའི་ཚེས་ ༡༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ གཟིགས་སྐོར་གནང་སྟེ་ རྒྱལ་ས་ཐིམ་ཕུ་ལུ་ ལོག་ཕེབས་ཡོདཔ་ད་ གཟིགས་སྐོར་དེ་ཡང་ སྤྱི་ཟླ་ ༩ པའི་ཚེས་ ༦ ལས་ འགོ་བཙུགས་གནང་ནུག།

དེ་ཡང་ ཕུན་ཚོགས་གླིང་དང་ བསམ་རྩེ་ལུ་ གཟིགས་སྐོར་གནང་པའི་སྐབས་ལུ་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དབང་ཕྱུག་དང་ མི་དབང་རྒྱལ་སྲས་ ཨོ་རྒྱན་དབང་ཕྱུག་མཆོག་ཡང་ ཕྱག་ཞུ་སྟེ་བྱོན་ཡོདཔ་ཨིན་པས།

སྤྱི་ཟླ་ ༩ པའི་ཚེས་ ༨ ལས་ ༡༡ ཚུན་ བསམ་རྩེ་ལུ་ གཟིགས་སྐོར་གནངམ་ད་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ བསམ་རྩེ་ཤི་ཝ་ལ་ཡ་ མཱན་དིར་ནང་ ཐུགས་སྨོན་ཚུ་ གནང་པའི་ཤུལ་ལས་ བསམ་རྩེ་ཁྲོམ་ཁར་ ཕེབས་བསུ་ཞུ་བར་བཅར་མི་ མི་སེར་ཚུ་དང་ མཇལ་ཕྲད་མཛད་གནང་ནུག།

མི་དབང་རྒྱལ་སྲས་ ཨོ་རྒྱན་དབང་ཕྱུག་མཆོག་ ལྷོ་ཕྱོགས་རྫོང་ཁག་ལུ་ གཟིགས་སྐོར་གནང་པར་ བྱོད་མི་འདི་ འགོ་དང་པ་ཨིནམ་ལས་ བསམ་རྩེ་རྫོང་ཁག་གི་ ཁ་ཐུག་ལས་ མི་དབང་རྒྱལ་སྲས་མཆོག་ལུ་ སྐུ་གསུང་ཐུགས་རྟེན་གྱི་ མན་ཌལ་ཕུལ་ཡོདཔ་ཨིན་པས།

མི་དབང་མངའ་ཞབས་མཆོག་ བསྟན་འབྲུག་དང་ བཀྲིས་ཆོས་གླིང་ལུ་ བདེ་སྲུང་ཤོ་ཐེངས་ ༥༢ པའི་ སྦྱོང་བརྡར་ལས་རིམ་ནང་ བཅར་མར་གཏོགས་མི་ཚུ་དང་  མཇལ་ཕྲད་མཛད་གནང་ཡོདཔ་མ་ཚད་ བསམ་རྩེ་རྫོང་ཁག་གི་ གཞུང་འབྲེལ་འགོ་དཔོན་ཚུ་དང་ སྡེ་ཚན་འགོ་དཔོན་ཚུ་དང་ཡང་ མཇལ་ཕྲད་མཛད་གནང་ནུག།

དེ་སྦེ་ བསམ་རྩེ་དང་ ཕུན་ཚོགས་གླིང་ རྫོང་ཁག་གི་ འགོ་དཔོན་ཚུ་དང་ ཁྲོམ་སྡེའི་འགོ་དཔོན་ དེ་ལས་ སྡེ་ཚན་འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་གནང་པའི་སྐབས་ལུ་ མི་དབང་མཆོག་གིས་ ནད་ཡམས་ཐོན་པའི་ ནམ་དུས་ལུ་ ཁོང་ཆ་ཁྱབ་ཀྱིས་ བརྩོན་འགྲུས་ཐེབས་བསྐྱེད་དེ་ ལཱ་རྩ་འགེངས་འབད་མི་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ཚུ་ གསུངས་གནངམ་མ་ཚད་ མི་དབང་མཆོག་གིས་ ནད་ཡམས་དེ་ལུ་བརྟེན་ཏེ་ ང་བཅས་ལུ་ མཐོང་སྣང་གསརཔ་ འཆར་ཡོདཔ་ད་ དེ་བསྒང་ཐོབ་མི་ ཡོན་ཏན་ཚུ་ བདག་མེད་སྦེ་ བཞག་ནི་མེདཔ་ ངེས་གཏན་བཟོ་དགོ་པའི་ དྲན་སྐུལ་ཡང་ གནང་ཡོདཔ་ཨིན་པས།

མི་དབང་མཆོག་གི་ གཟིགས་སྐོར་སྐབས་ལུ་ མི་རྗེ་བློན་ཆེན་ཡང་ ཕྱག་ཞུ་སྟེ་ཡོདཔ་ཨིན་པའི་གནས་ཚུལ།