མི་དབང་མཆོག་གིས་ ཧིན་དུའི་མི་སྡེ་དང་གཅིག་ཁར་ ད་ས་ཡེན་དུས་སྟོན་བརྩི་སྲུང་།

སྤྱི་ཟླ་ ༡༠ པའི་ཚེས་ ༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་ དེ་ལས་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་མཆོག་གིས་ གླིང་ཀ་ནང་ ཕོ་བྲང་ལུ་སྦེ་ ཧིན་དུའི་མི་སྡེ་དང་གཅིག་ཁར་ ད་ས་ཡེན་དུས་སྟོན་ བརྩི་སྲུང་མཛད་གནང་ནུག།

དེ་བསྒང་ མི་དབང་མངའ་ཞབས་མཆོག་གིས་ མི་རྗེ་བློན་ཆེན་དང་ ནང་སྲིད་བློན་པོ་ གྲྭ་ཚང་ལྷན་ཚོགས་དང་ གཞུང་གི་དཔོན་ཁག་ཚུ་ གླིང་ཀ་ནང་ ཕོ་བྲང་ལུ་ མགྲོན་འབོད་ཐོག་ལས་ མི་སྡེ་མ་འདྲཝ་ཚུ་གི་ ངོ་ཚབ་ཚུ་ལུ་ ད་ས་ཡེན་གྱི་ ཀྲི་ཀ་གནང་ཡོདཔ་ཨིན་པས། 

དེ་ཡང་ གླིང་ཀ་ནང་ ཕོ་བྲང་ལུ་སྦེ་ ཉིན་གྲངས་ ༣ གྱི་རིང་ལུ་ ལྷ་མོ་རྗོང་གཉེར་མའི་ སྐུ་རིམ་བསྒྲུབས་ཏེ་ བྱིན་རླབས་ཅན་གྱི་ ཀྲི་ཀ་དེ་ མི་སེར་ཚུ་ལུ་ཡང་ བཀྲམ་སྤེལ་གྱི་དོན་ལས་ རྫོང་ཁག་ཚུ་ལུ་ཡང་ བསྐྱལ་གནང་བཏང་ནུག། 

སྔར་འཁྱུན་གྱི་ ལམ་སྲོལ་ལྟར་དུ་འབད་བ་ཅིན་ ད་ས་ཡེན་ ཀྲི་ཀ་དེ་ བཟའ་ཚང་ནང་མི་ གཙོ་ཅན་གྱིས་ བཟའ་ཚང་ནང་མི་ གཞན་ཚུ་གི་དཔྱལཝ་གུ་ བཀལ་ནི་ཡོདཔ་ད་ དེ་ཡང་ བཟའ་ཚང་ནང་མི་ཚུ་ གཅིག་མཐུན་ཐོག་ལུ་ གནས་ནི་གི་ བརྡ་མཚོན་ལུ་ཨིན་པས། 

འབྲུག་ལུ་ ད་ས་ཡེན་དེ་ ཧིན་དུ་མི་སྡེའི་ དུས་སྟོན་གཙོ་བོ་ཅིག་ཨིནམ་ད་ དུས་སྟོན་དེ་ བཟའ་ཚང་དང་ མི་སྡེའི་བར་ན་ མཐུན་ལམ་བསྐྱར་གསོ་དང་ བཙན་ཐབས་ཀྱི་ དུས་ཚོད་ཅིག་ཨིན་པས།

གླིང་ཀ་ནང་ ཕོ་བྲང་ལུ་ ལྷ་མོ་རྫོང་གཉེར་མའི་ སྐུ་རིམ་འགོ་ཁྲིད་འབད་མི་ པཎྜི་ཏ་ ན་ར་ཡཱན་སིག་ཌེལ་གྱིས་ དུས་ཅི་ ནད་ཡམས་ལུ་བརྟེན་ཏེ་ དཀའ་ངལ་ཅན་གྱི་ དུས་ཚོད་ནང་ལས་ ཕྱིར་ཐོན་གྱི་ ལོ་འབདཝ་ལས་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་གིས་ ཀྲི་ཀ་གནང་ནི་དེ་  སྔར་ལས་ལྷག་པའི་ དུས་སྐལ་བཟང་པོ་ཅིག་ཨིན་ཟེར་བཤད་ནུག།

ད་ས་ཡེན་ ཀྲི་ཀ་དེ་ ཤེས་རབ་དང་ སྲུང་སྐྱོབ་ཀྱི་ བྱིན་རླབས་ཅན་ཨིནམ་ད་ དེ་ཡང་ དཔེ་ཆའི་ནང་ལས་ མི་དབང་རྒྱལ་པོ་འདི་ འཛམ་གླིང་ནང་ ངན་པ་ཚར་གཅོད་ནིའི་དོན་ལུ་ རཱམ་སྦེ་བྱོན་པའི་ ལྷ་ཁྱབ་འཇུག་དང་ བཟང་པོ་རྒྱུན་བརྟན་གྱི་དོན་ལུ་ འཛམ་གླིང་ནང་ ཡང་བསྐྱར་ཆོས་རྒྱལ་ལུ་སྤྲུལ་ཏེ་ བྱོན་ཡོདཔ་སྦེ་ ཐོན་མས་ཟེར་ཨིན་པས།

ང་བཅས་ཀྱིས་ མཇལ་སར་ཡོད་དོ་བཟུམ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་རྗེའི་བྱིན་རླབས་དང་ དབུ་ཁྲིད་བཟང་པོ་ དེ་ལས་ གཅེས་སྐྱོང་ཚུ་ལུ་བརྟེན་ཏེ་ འབྲུག་གི་མི་སེར་ཚུ་ ནད་ཡམས་ལས་ བཀག་ཚུགས་ཏེ་ཡོད་ཟེར་ཡང་ བཤད་ཡོད་པའི་གནས་ཚུལ།