མི་དབང་ཞབས་ལས་ གྲྭ་ཚང་ལྷན་ཚོགས་ཀྱི་ དྲུང་ཆེན་དང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་གསར་བསྐོས།

སྤྱི་ཟླ་ ༧ པའི་ཚེས་ ༡༥ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གྲྭ་ཚང་ལྷན་ཚོགས་ཀྱི་ དྲུང་ཆེན་དང་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་འཐུས་མི་ཅིག་ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ཡི།
དེ་ཡང་ བཟང་ལ་རྣམ་རྒྱལ་དེ་ གྲྭ་ཚང་ལྷན་ཚོགས་ཀྱི་ དྲུང་ཆེན་གསརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ དེ་གི་ཧེ་མར་ མི་དབང་མཆོག་གི་ ཕྱག་སྒརཔ་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
དེ་མ་ཚད་ དྲུང་ཆེན་བཟང་ལ་རྣམ་རྒྱལ་གྱིས་ ཞི་གཡོག་ནང་ ཕྱག་ཞུ་བའི་རིང་ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ མདོ་ཆེན་འོགམ་དང་ ནང་སྲིད་ལྷན་ཁག་ནང་ སྒྲིག་ལམ་རྣམ་གཞག་གི་ འགོ་འཛིན་སྦེ་ཡང་ ཕྱག་ཞུ་ནུག།
དེ་ལས་ བཀྲིས་ཆོས་འཛོམས་དེ་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་འཐུས་མི་སྦེ་ བསྐོ་བཞག་གནང་ཡོདཔ་ད་ དེ་གི་ཧེ་མར་ མོ་གིས་ མངོན་མཐོ་ཁྲིམས་འདུན་གྱི་ དྲང་དཔོན་སྦེ་ ཕྱག་ཞུ་ཡོད་པའི་གནས་ཚུལ།