འབྲུག་ཆོས་ཀྱི་དབུ་ཁྲིད་ རྗེ་མཁན་ཁྲི་རབས་རིམ་བྱོན།

རྗེ་མཁན་ཁྲི་རབས་དང་པ།

བྲིས་རྩོམ་འབད་མི་: མགོན་པོ་རྡོ་རྗེ།

༆   སྐྱབས་རྗེ་པད་དཀར་འབྱུང་གནས་མཆོག་ སྤྱི་ལོ ༡༦༠༤ རབ་བྱུང་ ༡༠ པའི་ གནམ་ལོ་ཤིང་འབྲུག་ལོར་ ཐིམ་ཕུ་ཅང་སྟོད་སྒང་ཁར་ ཕ་ཇོ་འབྲུག་སྒོམ་ཞིག་པོའི་སྲས་ ཉི་མའི་གདུང་བརྒྱུད་ལས་ འཁྲུངས་ཡོདཔ་ད། དེ་ལས་ གདན་ས་ར་ལུང་ལུ་ སྐྱབས་མགོན་ཆེན་པོའི་ ཞབས་སར་བཅར་ཏེ་ དབྱངས་ཐིག་གར་གསུམ་དང་ མན་ངག་ གཞུང་ཆེན་ དཀར་ནག་གི་ རྩིས་གཞུང་ལ་སོགས་པ་ཚུ་ལུ་ གསན་བསམ་ཕུལ་ཕྱིན་མཛད།

དགུང་ལོ་ ༡༨ སྤྱི་ལོ་ ༡༦༢༠ ལྕགས་སྤྲེལ་ལོར་ ལྕགས་རི་ལུ་ དགེ་འདུན་གྲྭ་ཚང་ འགོ་དང་པ་ བཙུགས་གནང་པའི་སྐབས་ལུ། དཔལ་ལྡན་འབྲུག་པའི་ ཆོས་ཁྲིམས་པའི་ གོ་གནས་ཁར་ བསྐོ་བཞག་གནངམ་ལས། ཆོས་རྗེ་འབྲུག་པའི་ སྒྲིག་ལམ་རྣམ་གཞག་དང་ སྤུ་ཙམ་ཡང་ འགལ་བ་མེད་པར་ བྱ་སྤུ་གནོན་གྱི་ ལམ་སྲོལ་བཟང་པོ་ཚུ་ བཙུགས་གནང་ནུག།

སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ གསར་བཞེངས་གནང་སྟེ་ དགེ་འདུན་འདུས་པའི་གྲྭ་ཚང་ འགོ་བཙུགས་གནང་པའི་སྐབས་ལུ། དགུང་ལོ་ ༤༨ སྤྱི་ལོ་ ༡༦༥༡ རབ་བྱུང་ ༡༡ པའི་ ལྕགས་ཡོས་ལོར་ རྗེ་མཁན་ཁྲི་རབས་དང་པར་ བསྐོ་བཞག་གནང་སྟེ། མི་ལོ་ཉེར་གཅིག་གི་རིང་ལུ་ མཁན་ཁྲིར་བཞུགས་བཞིན་དུ། དགུང་ལོ་ ༦༩ བཞེས་པའི་ སྤྱི་ལོ་ ༡༦༧༢ རབ་བྱུང་ ༡༡ པའི་ ཆུ་བྱི་ལོར་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ལས་ ཐིམ་ཕུ་ལུ་ གསོལ་ཐབ་ཕེབས་པའི་ བྱོན་ལམ་ཁར་ ཐིམ་ཕུ་ཅང་གླིང་མའི་ཐང་ནང་ ཆིབས་བརྡབས་ཤོར་བའི་རྐྱེན་གྱིས་ སྐུ་མྱ་ངན་ལས་འདས་ནུག།

རྗེ་མཁན་ཁྲི་རབས་གཉིས་པ།

༆   སྐྱབས་རྗེ་བསོད་ནམས་འོད་ཟེར་མཆོག་ ཐིམ་ཕུ་དཀར་སྤེ་བསེ་ལུང་ནང་ ཕ་ཇོ་འབྲུག་སྒོམ་ཞིག་པོའི་ གདུང་བརྒྱུད་ལས་ སྤྱི་ལོ་ ༡༦༡༣ རབ་བྱུང་ ༡༠ པའི་ ཆུ་གླང་ལོར་འཁྲུངས། དགུང་ལོ་ ༡༠ ལས་ ལྕགས་རིའི་གདན་སར་ སྐྱབས་མགོན་རིན་པོ་ཆེའི་ ཞབས་སར་བཅར་ཏེ་ ཆོས་སྒོར་ཞུགས་ཐོག་ལས་ ཐོས་བསམ་སྒོམ་གསུམ་ ཕུལ་དུ་ཕྱིན་ཏེ། ཤར་ལུང་གི་ བླ་མཆོད་མཛད་དེ་ བཞུགས་པའི་སྐབས་ལུ་ གྲུབ་རྟགས་མང་རབས་ཅིག་ སྟོན་གནང་ཡོདཔ་མ་ཚད་ མཁོ་ཐང་རྡོ་ལུང་དགོན་པར་ གདན་ས་ཡང་ བཅགས་གནང་ནུག།

དགུང་ལོ་ ༦༠ སྤྱི་ལོ་ ༡༦༧༢ རབ་བྱུང་ ༡༡ པའི་ ཆུ་བྱི་ལོར་ དགེ་འདུན་འདུས་པའི་ མཁན་ཁྲིར་ཕེབས་ཏེ་ བསྟན་སྲིད་བསྐྱངས་པའི་སྐབས་ལུ་ རྒྱལ་ཁབ་ནང་ བོད་དམག་ཐོནམ་ལས། མངོན་སྤྱོད་དྲག་པོའི་ གསུང་ཆོག་གནང་སྟེ་ གཡུལ་ལས་རྣམ་པར་རྒྱལ་བའི་ ཡ་མཚན་ཅན་གྱི་ གྲུབ་རྟགས་དང་། བཤད་སྒྲུབ་ཀྱི་སྡེ་ལེ་ཤ་ཅིག་ ཁྱབ་སྤེལ་གནངམ་ལ་སོགས་པའི་ ཆོས་སྤྱོད་ཀྱི་བྱ་བ་ ཡར་འཕེལ་མཛད་བཞིན་དུ་ མི་ལོ་ ༡༧ གྱི་རིང་ལུ་ བཞུགས་པའི་མཐར། དགུང་ལོ་ ༧༧ བཞེས་པའི་ སྤྱི་ལོ་ ༡༦༨༩ ས་སྦྲུལ་ལོར་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་གསུམ་པ།

༆   སྐྱབས་རྗེ་པད་དཀར་ལྷུན་གྲུབ་མཆོག་ ཐིམ་ཕུ་དཀར་སྤེ་བསེ་ལུང་བྲག་གོང་ལུ་ སྤྱི་ལོ་ ༡༦༤༠ རབ་བྱུང་ ༡༡ པའི་ ལྕགས་འབྲུག་ལོར་ འཁྲུངས་ཡོདཔ་ད། དགུང་ལོ་ ༡༡ ལས་ ཆོས་སྒོར་བཞུགས་ཏེ་ མཁས་གྲུབ་མང་རབས་ཅིག་གི་ཞབས་ལས་ གསར་རྙིང་རིས་མེད་ཀྱི་ སྨིན་གྲོལ་རྒྱ་མཚོའི་བདུད་རྩི་བཞེས་ཏེ་ བསྟན་པའི་བདག་པོར་གྱུར། དེ་ལས་ སྟག་ཚང་བླམ་མཛད་དེ་ གདུལ་བྱ་བསྐྱངས་བཞུགས་ནུག།

དགུང་ལོ་ ༥༠ བཞེས་པའི་ སྤྱི་ལོ་ ༡༦༨༩ རབ་བྱུང་ ༡༢ པའི་ ས་སྦྲུལ་ལོར་ གཞུང་དགེ་འདུན་གྲྭ་ཚང་གི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༨ ཀྱི་རིང་ལུ་ ཚངས་སྤྱོད་དགེ་འདུན་འདུས་པའི་སྡེར་ ཆོས་ཀྱི་ཆར་རྒྱུན་མ་ཆད་པར་ཕབ་སྟེ་ བཤད་སྒྲུབ་ཀྱི་བསྟན་པ་ ཡར་ངོའི་ཟླ་ལྟར་སྤེལ་གནང་བཞིན་དུ། དགུང་ལོ་ ༥༨ སྤྱི་ལོ་ ༡༦༩༧ མེ་གླང་ལོར་ མཁན་ཁྲི་ལས་ དགོངས་ཞུས་མཛད་དེ། སྤུས་མོ་བདེ་ཆེན་ཆོས་འཁོར་ལུ་ བྱོན་ཞིནམ་ལས་ དཔལ་ངག་དབང་ཆོས་རྒྱལ་གྱི་གདན་ས་ རྩ་བ་ལས་ ཉམས་གསོ་མཛད་དེ་ ཚེ་དང་ སྒྲུབ་པ་ མཉམ་པར་མཛད་པའི་མཐར། དགུང་ལོ་ ༦༠ བཞེས་པའི་ སྤྱི་ལོ་ ༡༦༩༩ ས་ཡོས་ལོར་ བདེ་ཆེན་ཞིང་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་བཞི་པ།

༆   སྐྱབས་རྗེ་དམ་ཆོས་པད་དཀར་མཆོག་ སྤྱི་ལོ་ ༡༦༣༩ རབ་བྱུང་ ༡༡ པའི་ ས་ཡོས་ལོར་འཁྲུངས། སྐྱབས་རྗེ་གོང་མའི་ཞབས་སར་བཅར་ཏེ་ དགུང་ལོ་ ༥ ལས་ ༡༣ གྱི་བར་ན་ རང་ལུགས་ཀྱི་ གདམས་ངག་ཕལ་ཆེལ་ གསན་བསམ་མཛད་བཞིན་དུ། རབ་ཏུ་བྱུང་ནི་གི་ ཐུགས་འདོད་ཡོད་རུང་ ཡབ་ཀྱིས་ གནང་བ་མ་གནང་པར་ ལུས་པའི་ཤུལ་ལས། དགུང་ལོ་ ༡༤ ལུ་ ཡང་བསྐྱར་དགོངས་སྐོར་ཞུ་སྟེ་ མཁན་ཆེན་པད་དཀར་འབྱུང་གནས་ལས་ རབ་ཏུ་བྱུང་སྟེ་ མདོ་བརྒྱུད་དང་ མི་ཕམ་པདྨ་དཀར་པོའི་ དགོངས་དོན་སྦྲང་རྩིའི་སྙིང་པོ་ སྨིན་པར་བཞེས།

དེ་བསྒང་ བལ་པོའི་རྒྱལ་བརྒྱུད་ ཉམས་ནི་གུ་ལྷོད་དེ་ གཉིད་ལམ་དང་ པྲ་སེའི་ལུང་བསྟན་ལྟར་དུ། ཆོས་རྒྱལ་མི་འགྱུར་བསྟན་པ་ལུ་ བླམ་ཅིག་དགོ་པའི་ ཞུ་ཡིག་འབྱོར་བ་ལུ་བརྟེན་ཏེ། སྐུ་འཁོར་དག་པ་ཅིག་དང་བཅས་པ་ བལ་ཡུལ་ལུ་ བྱོན་ཞིནམ་ལས་ རྒྱལ་བརྒྱུད་ཀྱི་ ས་བོན་ཐེབས་ཏེ་ རྒྱལ་པོའི་དགོངས་བཞེད་ གྲུབ་ནི་དེ་གིས་ བལ་ཡུལ་གྱི་ དབུ་བླར་བཞུགས་ཏེ་ དཔལ་ལྡན་འབྲུག་པའི་ བསྟན་པ་རིན་པོ་ཆེ་ དར་ཁྱབ་མཛད་པའི་ཤུལ་ལས་ རིམ་པ་བཞིན་དུ་ བུམ་ཐང་ཆོས་གྲགས་བླམ་དང་ སྤ་རོ་སྟག་ཚང་བླམ་མཛད་དེ་ འགྲོ་དོན་བསྐྱངས་ནུག།

དེ་ལས་ དགུང་ལོ་ ༥༩ བཞེས་པའི་ སྤྱི་ལོ་ ༡༦༩༧ རབ་བྱུང་ ༡༢ པའི་ མེ་གླང་ལོར་ འཕགས་ཚོགས་འདུས་པའི་ མཁན་ཁྲིར་བྱོན་ཏེ་ མི་ལོ་ ༡༠ གྱི་རིང་ལུ་ བསྟན་སྲིད་ལེགས་པར་བསྐྱངས། དགུང་ལོ་ ༦༩ མེ་ཕག་ལོར་ མཁན་ཁྲི་ལས་ དགོངས་ཞུས་མཛད་ཡོདཔ་ད་ དགུང་ལོ་ ༧༠ སྤྱི་ལོ་ ༡༧༠༨ ས་བྱི་ལོར་ བདེ་ཆེན་ཞིང་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་ལྔ་པ།

༆   སྐྱབས་རྗེ་བཟོད་པ་འཕྲིན་ལས་མཆོག་ སྤ་རོ་དོལ་སྟེང་ལུག་ཁྱུ་སྒང་ཁར་ སྤྱི་ལོ་ ༡༦༤༥ རབ་བྱུང་ ༡༡ པའི་ ཤིང་བྱ་ལོར་ འཁྲུངས་ཡོདཔ་ད། དགུང་ལོ་ ༡༣ ལས་ དགེ་འདུན་འདུས་སྡེར་ཞུགས་ཏེ་ ཤེས་བྱ་སྤྱི་དང་ ལྷག་པར་དུ་ མཐུན་མིན་གདམས་ངག་ཚུ་ རིམ་པ་བཞིན་དུ་ གསན་བསམ་མཛད་དེ་ སྒོམ་པ་དམིགས་པའི་རིམ་པ་དང་། འཆར་བ་ཉམས་མྱོང་གི་རིམ་པ། གྲུབ་པ་འབྲས་བུའི་རིམ་པ་ཚུ་ མངོན་དུ་གྱུར་ཏེ་ ཆོས་ཉིད་ཀྱི་ བདེན་པ་གཟིགས།

དགུང་ལོ་ ༦༣ སྤྱི་ལོ་ ༡༧༠༧ རབ་བྱུང་ ༡༢ པའི་ མེ་ཕག་ལོར་ འཕགས་ཚོགས་འདུས་སྡེའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༡༧ གྱི་རིང་ལུ་ བསྟན་སྲིད་ཆོས་བཞིན་དུ་ བསྐྱངས་གནང་པའི་མཐར། དགུང་ལོ་ ༨༠ སྤྱི་ལོ་ ༡༧༢༤ ཤིང་འབྲུག་ལོར་ མཁའ་འགྲོའི་ལུང་བསྟན་དང་འཁྲིལ་ཏེ་ མཁན་ཁྲི་ལས་ ལྕགས་རིར་བྱོན། ཚངས་པར་སྤྱོད་པའི་ སྐུ་ཚེ་དང་ མཛད་པ་མཐར་ཕྱིན་ཏེ་ དགུང་ལོ་ ༨༥ སྤྱི་ལོ་ ༡༧༢༩ ས་བྱ་ལོར་ ལྷོ་ཕྱོགས་དཔལ་གྱི་རི་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་དྲུག་པ།

༆   སྐྱབས་རྗེ་ངག་དབང་ལྷུན་གྲུབ་མཆོག་ ཐིམ་ཕུ་ཅང་སྒང་ཁའི་ གདུང་བརྒྱུད་ལུ་ སྤྱི་ལོ་ ༡༦༧༠ རབ་བྱུང་ ༡༡ པའི་ ལྕགས་ཁྱི་ལོར་ སྐུ་འཁྲུངས་ཡོདཔ་ད། དགུང་ལོ་ ༡༠ ལས་ འཕགས་པའི་དགེ་འདུན་གྱི་ འདུས་སྡེར་ཞུགས་ཏེ་ བཅུ་ཕྲག་རིག་པའི་གནས་ལུ་ སྒྲོ་འདོགས་ཆོད་ཅིང་ སྨིན་གྲོལ་དམ་པ་ གསན་བསམ་མཐར་སོན་པའི་ཁར་ ཐ་སྙད་ཚིག་གི་བརྒྱུད་པ་དང་། མྱོང་བ་བརྡའི་བརྒྱུད་པ། རྟོགས་པ་དོན་གྱི་བརྒྱུད་པ་ཚུ་ཡང་ མཐར་ཕྱིན་པར་ མཛད་པའི་ཤུལ་ལུ། རྟ་ལང་བླམ་དང་ རྡོ་རྗེ་སློབ་དཔོན་ཚུ་ རིམ་པ་བཞིན་དུ་མཛད་ནུག།

དགུང་ལོ་ ༥༥ སྤྱི་ལོ་ ༡༧༢༤ རབ་བྱུང་ ༡༢ པའི་ ཤིང་འབྲུག་ལོར་ གཞུང་འཕགས་ཚོགས་འདུས་པའི་ མཁན་ཁྲིར་ཕེབས་ཏེ། མི་ལོ་ ༦ གི་རིང་ལུ་ དགེ་འདུན་འདུས་པའི་འཕགས་ཚོགས་ལུ་ སྨིན་གྲོལ་གདམས་པ་གིས་ ཚིམས་པར་མཛད་པའི་མཐར། དགུང་ལོ་ ༦༡ སྤྱི་ལོ་ ༡༧༣༠ ལྕགས་ཁྱི་ལོར་ མཁན་ཁྲིར་བཞུགས་བཞིན་དུ་ དགོངས་པ་ཆོས་དབྱིངས་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་བདུན་པ།

༆   སྐྱབས་རྗེ་ངག་དབང་འཕྲིན་ལས་མཆོག་ ཤར་ཝ་ཅན་ཞལ་ངོའི་ གདུང་བརྒྱུད་ལུ་ སྤྱི་ལོ་ ༡༦༧༡ རབ་བྱུང་ ༡༡ པའི་ ས་སྤྲེལ་ལོར་ སྐུ་འཁྲུངས་ཡོདཔ་ད། དགེ་འདུན་འདུས་སྡེར་ཞུགས་ཐོག་ལུ་ བཀའ་དྲིན་གསུམ་ལྡན་ པད་དཀར་ལྷུན་གྲུབ་ལས་ སྨིན་གྲོལ་ཆོས་ཚུལ་ དབྱེར་མེད་རྟོགས་ཏེ། དེ་ལས་ རིམ་བཞིན་དུ་ བུམ་ཐང་ཆོས་རྗེ་བྲག་བླམ་དང་། སྤ་རོ་སྟག་ཚང་བླམ། རྒྱལ་སྲས་འཇིགས་མེད་ནོར་བུའི་ ཡོངས་འཛིན་ཚུ་མཛད་ནུག།

དགུང་ལོ་ ༦༣ སྤྱི་ལོ་ ༡༧༣༠ རབ་བྱུང་ ༡༢ པའི་ ལྕགས་ཁྱི་ལོར་ འཕགས་པ་དགེ་འདུན་པའི་ མཁན་ཁྲིར་ཕེབས་ཏེ། མི་ལོ་ ༨ ཀྱི་རིང་ལུ་ སྨིན་བྱེད་ཆུ་བོ་རྣམ་བྱེད་བཞིའི་རྒྱུན་དང་ གྲོལ་བྱེད་གདམས་པའི་ ཆར་ཆེན་ཕབ་སྟེ་ འདུས་སྡེའི་རྒྱ་མཚོ་ དགུང་དབྱིངས་ལུ་ འཕྱར་བཞིན་དུ་ བཞུགས་པའི་སྐབས། སྐྱེ་བོ་ངན་པའི་ རྣམ་འགྱུར་སྣ་ཚོགས་ ཐུགས་ཀྱི་མེ་ལོང་ལུ་ འཆར་བའི་རྐྱེན་གྱིས་ དགུང་ལོ་ ༧༡ བཞེས་པའི་ སྤྱི་ལོ་ ༡༩༣༨ ས་རྟ་ལོར་ མཁན་ཁྲི་བཤོལ་ཏེ་ བྱོན་པའི་ཤུལ་ལས། སྤྱི་ལོ་ ༡༧༤༦ དགུང་ལོ་ ༧༩ མེ་སྟག་ལོར་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་བརྒྱད་པ།

༆   སྐྱབས་རྗེ་བསྟན་འཛིན་ནོར་བུ་མཆོག་ སྟོད་ལ་དྭགས་ཤཱཀྱའི་རྒྱལ་བརྒྱུད་ལུ་ སྤྱི་ལོ་ ༡༦༨༩ རབ་བྱུང་ ༡༢ པའི་ ས་སྦྲུལ་ལོར་འཁྲུངས། དེ་བསྒང་ བོད་དང་ ལ་དྭགས་གཉིས་ མ་འགྲིགས་པར་ དམག་འཁྲུག་ལངས་ཏེ་ཡོདཔ་ལས་ ཡབ་ཀྱིས་ འབྲུག་ལུ་ བཏང་གནངམ་བཞིན་དུ། བྱམས་མགོན་མཆོག་གིས་ དགེ་འདུན་འདུས་སྡེར་ བཙུགས་གནང་སྟེ་ ཐོས་བསམ་སྒོམ་གསུམ་གྱི་ ཉམས་ལེན་མཐར་ཕྱིན་མཛད་པའི་ཤུལ་ལུ། རིན་སྤུངས་སྤྱི་བླར་ ལོ་ངོ་ ༣ གྱི་རིང་ལུ་བཞུགས་ནུག།

དེ་ལས་ དགུང་ལོ་ ༥༠ སྤྱི་ལོ་ ༡༧༣༨ རབ་བྱུང་ ༡༢ པའི་ ས་རྟ་ལོར་ དགེ་འདུན་འཕགས་ཚོགས་ཀྱི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༦ གི་རིང་ལུ་ རྒྱལ་ཁབ་ནང་ ཆོས་ཀྱི་སྒྲོན་མེ་སྤར་ཏེ་ གསལ་བར་མཛད་པའི་མཐར། དགུང་ལོ་ ༥༦ སྤྱི་ལོ་ ༡༧༤༤ ཤིང་བྱི་ལོར་ མཁན་ཁྲི་ལས་ བྱམས་མགོན་མཆོག་གིས་ བསུ་བར་བྱོན་ཏེ་ དགའ་ལྡན་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་དགུ་པ།

༆   སྐྱབས་རྗེ་ཤཱཀྱ་རིན་ཆེན་མཆོག་ དབང་འདུས་ཕོ་བྲང་ཆ་འདུས་ ཤར་རུད་པ་སེམས་སྐྱོང་ལུ་ སྤྱི་ལོ་ ༡༧༡༠ རབ་བྱུང་ ༡༢ པའི་ ལྕགས་སྟག་ལོར་ སྐུ་འཁྲུངས་ཏེ་ སྐུ་ན་ཆུང་ཀུ་ལས་ ཆོས་ཚུལ་གྱི་ ལད་སྲོལ་ཁོ་ནར་མཛད། དགུང་ལོ་ ༡༣ ལུ་ སེ་ལ་རྡོ་རྗེ་གདན་གྱི་ ཆོས་གྲྭར་བྱོན་ཏེ་ བྱམས་མགོན་མཆོག་ལས་ ཐོས་བསམ་དང་ སྨིན་གྲོལ་གདམས་པ་དང་བཅས་པ་ གསན་སྒོམ་མཛད་པའི་ཁར། གཞན་ཡང་ དགེ་བའི་བཤེས་གཉེན་ མང་རབས་ཅིག་ལས་ ཆོས་རྒྱུན་མ་ལུས་པར་ གསན་བསམ་མཛད་ནུག།

དགུང་ལོ་ ༣༥ སྤྱི་ལོ་ ༡༧༤༤ རབ་བྱུང་ ༡༢ པའི་ ཤིང་བྱི་ལོར་ གཞུང་དགེ་འདུན་གྲྭ་ཚང་གི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༡༡ གི་རིང་ལུ་ ཆོས་ཀྱི་འཁོར་ལོ་ རྒྱ་ཆེར་བསྐོར་བཞིན་དུ། ཐུབ་བསྟན་བྱ་རྒོད་ཕུང་པོར་ འོག་མིན་རྣམ་རྒྱལ་ཁང་བཟང་དང་། དཔལ་ན་ལཎྜའི་ ཆོས་སྡོང་ཆེན་པོ་བཞེངས་ནུག། དགུང་ལོ་ ༤༦ ཤིང་ཕག་ལོར་ ཆོས་ཁྲི་ལས་བཞེངས་ཏེ་ དགུང་ལོ་ ༤༦ སྤྱི་ལོ་ ༡༧༥༥ ཤིང་ཕག་ལོར་ དཔལ་རི་རྡོ་རྗེ་གདན་གྱི་ གཙུག་ལག་ཁང་ གསར་བཞེངས་ལ་སོགས་པའི་ བསྟན་པ་རིན་པོ་ཆེ་ སྤེལ་བར་མཛད་པའི་མཐར། དགུང་ལོ་ ༥༠ སྤྱི་ལོ་ ༡༧༥༩ རབ་བྱུང་ ༡༣ པའི་ ས་ཡོས་ལོར་ ཞིང་འདིའི་གདུལ་བྱ་རྫོགས་ཏེ་ དགའ་ལྡན་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་བཅུ་པ།

༆   སྐྱབས་རྗེ་བསྟན་འཛིན་ཆོས་རྒྱལ་མཆོག་ ནགས་རྙིང་སྒང་ཉིས་ནང་ཟེར་སར་ སྤྱི་ལོ་ ༡༧༠༡ རབ་བྱུང་ ༡༢ པའི་ ལྕགས་སྦྲུལ་ལོར་འཁྲུངས། དགུང་ལོ་ ༡༢ ལས་ ནགས་རིན་རྣམ་འཕྲུལ་ མཁན་ཆེན་བཟོད་པའི་ ཞབས་སར་བཏུགས་ཏེ་ དགེ་འདུན་འདུས་སྡེར་ འཛུལ་ཞུགས་ཀྱིས་ བཅུ་ཕྲག་རིག་པའི་གནས་དང་ ཐུན་མིན་གདམས་པའི་ བདུད་རྩི་བཞེས་ཏེ་ རྟོགས་པ་མངོན་དུ་གྱུར།

དགུང་ལོ་ ༥༥ སྤྱི་ལོ་ ༡༧༥༥ རབ་བྱུང་ ༡༣ པའི་ ཤིང་ཕག་ལོར་ དགེ་འདུན་འདུན་སྡེའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་བདུན་གྱི་རིང་ལུ་ འཆད་རྩོམ་སྤྲིན་དབྱངས་ཀྱི་ དགའ་སྟོན་སྤེལ་བར་མཛད་པའི་མཐར། དགུང་ལོ་ ༦༢ སྤྱི་ལོ་ ༡༧༦༢ ཆུ་རྟ་ལོར་ མཁན་ཁྲི་བཤོལ་ཏེ་ དཔལ་རིའི་གཟིམས་ཁང་གོང་མ་ ཆོས་བཟང་སྤྲིན་གྱི་ ཡང་རྫོང་བཞེངས་ཏེ་ དགུང་ལོ་ ༦༧ སྤྱི་ལོ་ ༡༧༦༧ རབ་བྱུང་ ༡༣ པའི་ མེ་ཕག་ལོར་ དགོངས་པ་ཆོས་དབྱིངས་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་བཅུ་གཅིག་པ།

༆   སེ་ལ་བྱམས་མགོན་སྐུ་འཕྲེང་དང་པ་ སྐྱབས་རྗེ་ངག་དབང་འཕྲིན་ལས་མཆོག་ ཨ་མོ་རི་མོའི་གདུང་བརྒྱུད་ལུ་ སྤྱི་ལོ་ ༡༧༡༢ རབ་བྱུང་ ༡༢ པའི་ ཆུ་འབྲུག་ལོར་ སྐུ་འཁྲུངས་ཏེ། ངེས་འབྱུང་ཚུལ་ཁྲིམས་ཀྱི་ སྡོམ་པ་གིས་གཙོས་པའི་ ཐུན་མོང་གི་ ཤེས་བྱ་སྤྱི་དང་། ཁྱད་པར་དུ་ ཐུན་མིན་སྨིན་གྲོལ་གྱི་ གདམས་ངག་ཡོངས་རྫོགས་ གསན་བསམ་གྱིས་ ཉམས་ལེན་མཐིལ་ཕྱིན་ མཛད་པའི་ཤུལ་ལུ། སྤུངས་ཐང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཛད་ནུག།

དགུང་ལོ་ ༥༡ སྤྱི་ལོ་ ༡༧༦༢ རབ་བྱུང་ ༡༣ པའི་ ཆུ་རྟ་ལོར་ དཔལ་ལྡན་འབྲུག་པའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༧ གྱི་རིང་ལུ་ བསླབ་གསུམ་ནོར་བུའི་ མཛོད་ཁང་ཕྱེ་ཐོག་ལས་ འཕགས་པའི་ནོར་གྱིས་ ཁྱབ་པར་མཛད་པའི་མཐར། དགུང་ལོ་ ༥༨ ས་གླང་ལོར་ མཁན་ཁྲི་ལས་ དགོངས་ཞུས་མཛད་དེ་ གདན་སར་བཞུགས་བཞིན་དུ། དགུང་ལོ་ ༥༩ སྤྱི་ལོ་ ༡༧༧༠ ལྕགས་སྟག་ལོར་ དགོངས་པ་ཆོས་དབྱིངས་ལུ་ ཐིམས་སོང་ནུག།

རྗེ་མཁན་ཁྲི་རབས་བཅུ་གཉིས་པ།

༆   སྐྱབས་རྗེ་ཀུན་དགའ་རྒྱ་མཚོ་མཆོག་ སྤྱི་ལོ་ ༡༧༢༢ རབ་བྱུང་ ༡༢ པའི་ ཆུ་སྟག་ལོར་ སྟོད་པ་ཕན་བདེ་ཁར་སྐུ་འཁྲུངས། དགུང་ལོ་ ༡༣ ལས་ འཕགས་པའི་འདུས་སྡེར་ཞུགས་ཏེ་ བཅུ་ཕྲག་རིག་པའི་གནས་ལུ་ མཁས་པར་སྦྱངས་གནང་པའི་ཁར། སྨིན་གྲོལ་གདམས་ངག་ཚུ་ཡང་ བུམ་པ་གང་ཇོའི་ཚུལ་ལུ་གསན་ཏེ་ དཔྱད་སྒོམ་འཇོག་སྒོམ་ཟུང་འབྲེལ་ ཉམས་བཞེས་ཀྱིས་ ཆོས་ཉིད་ཀྱི་ བདེན་པ་གཟིགས་པའི་ཤུལ་ལུ་ སྤུངས་ཐང་དགེ་འདུན་འདུས་སྡེའི་ མཚད་ཉིད་སློབ་དཔོན་མཛད་དེ་ ལོ་དག་པ་ཅིག་ བཤད་གྲྭ་བསྐྱངས་གནང་ནུག།

དགུང་ལོ་ ༤༨ སྤྱི་ལོ་ ༡༧༦༩ རབ་བྱུང་ ༡༣ པའི་ ས་གླང་ལོར་ འཕགས་ཚོགས་འདུས་པའི་ མཁན་ཁྲིར་ཕེབས་ཏེ་ ལོ་ངོ་ ༢ ཀྱི་རིང་ལུ་ མཁས་ཚུལ་གསུམ་གྱི་སྒོ་ལས་ བསྟན་པ་གསལ་བར་མཛད་འཕྲོར། བསྟན་འགྲོར་མི་ཤིས་པའི་ མཚན་མ་གཟིགས་པའི་རྐྱེན་གྱིས་ དགུང་ལོ་ ༥༠ ལྕགས་ཡོས་ལོར་ མཁན་ཁྲི་ལས་ དབེན་པའི་གནས་ལུ་ཕེབས་ཏེ། དགུང་ལོ་ ༥༡ སྤྱི་ལོ་ ༡༧༧༢ ཆུ་འབྲུག་ལོར་ མངོན་པར་དགའ་བའི་ཞིང་ཁམས་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་བཅུ་གསུམ་པ།

༆   སྐྱབས་རྗེ་ཡོན་ཏན་མཐའ་ཡས་མཆོག་ མཚམས་བྲག་ཆོས་རྗེ་ ངག་དབང་འབྲུག་པའི་ ཕོ་རྒན་མའི་སྲས་ལུ་ སྤྱི་ལོ་ ༡༧༢༤ རབ་བྱུང་ ༡༢ པའི་ ཤིང་འབྲུག་ལོར་འཁྲུངས། དགུང་ལོ་ ༨ ལས་ འཕགས་པའི་དགེ་འདུན་འདུས་སྡེར་ འཛུལ་ཞུགས་ཀྱིས་ རིག་གཞུང་དང་ གདམས་ངག་ཡོངས་རྫོགས་ གསན་བསམ་མཛད་དེ། སྤ་རོ་ལ་སྟེང་བླ་མར་ བཞུགས་པའི་སྐབས་ལུ་ སྒྲུབ་པར་ནན་ཏན་མཛད་དེ་ སྒོམ་བྱུང་རྟོགས་པའི་ ཡེ་ཤེས་མངོན་དུ་གྱུར་ཞིནམ་ལས། སྤུངས་ཐང་གྲྭ་ཚང་ནང་ མཚན་ཉིན་སློབ་དཔོན་མཛད་དེ་ ལོ་དག་པ་ཅིག་གི་རིང་ལུ་ བཤད་གྲྭ་བསྐྱངས་བཞུགས་ནུག།

དེ་ལས་ དགུང་ལོ་ ༤༨ སྤྱི་ལོ་ ༡༧༧༡ རབ་བྱུང་ ༡༣ པའི་ ལྕགས་ཡོས་ལོར་ ཆོས་བདག་ཆེན་པོའི་ མཁན་ཁྲིར་ཕེབས་པའི་ ལོ་ངོ་ཤུལ་མའི་ནང་། ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ལུ་ མེ་མཆོད་བཞེས་རུང་ དེ་འཕྲལ་ལས་ ཀླུ་གྲོང་པའི་ཞིང་སར་ གསར་བཞེངས་གནང་སྟེ། ལོ་ངོ་ ༤ གི་རིང་ལུ་ བསྟན་པར་ཕན་པའི་ ཕྱག་ལཱ་མང་རབས་ཅིག་མཛད་དེ། དགུང་ལོ་ ༥༢ བཞེས་པའི་ སྤྱི་ལོ་ ༡༧༧༥ ཤིང་ལུག་ལོར་ མཁན་ཁྲི་ལས་ ཕ་ཇོ་ལྡིངས་ བྱ་རྒོད་ཕུང་པོའི་ དགོན་གནས་ལུ་ཕེབས་རུང་ བསྟན་འགྲོར་ཕན་བདེ་མཛད་བཞིན་དུ། དགུང་ལོ་ ༦༡ སྤྱི་ལོ་ ༡༧༨༤ ཤིང་འབྲུག་ལོར་ གདུལ་བྱ་མཐར་ཕྱིན་ཏེ་ ལྕང་ལོ་ཅན་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་བཅུ་བཞི་པ།

༆   སྐྱབས་རྗེ་བསྟན་འཛིན་རྣམ་རྒྱལ་མཆོག་ ཝང་འགྲམ་པའི་སར་ སྤྱི་ལོ་ ༡༧༣༣ རབ་བྱུང་ ༡༢ པའི་ ཆུ་གླང་ལོར་འཁྲུངས། དགུང་ལོ་ ༡༠ ལས་ དགེ་འདུན་འདུས་སྡེར་ འཛུལ་ཞུགས་ཀྱིས་ ཐོས་བསམ་དང་ སྨིན་གྲོལ་གདམས་པའི་སྐོར་ཚུ་ ཡོངས་རྫོགས་བཞེས་ཞིནམ་ལས། སྤ་རོ་ཆུ་མོ་ཕུའི་ ནགས་ཁྲོད་ལུ་ སྙིང་པོའི་སྒྲུབ་པ་བཞེས་ཏེ་ རླུང་རིག་དབུ་མའི་གྲོང་ལུ་ཚུད་དེ་ འོད་གསལ་ཆོས་སྐུའི་དགོངས་པ་ མངོན་དུ་གྱུར།

དགུང་ལོ་ ༤༣ སྤྱི་ལོ་ ༡༧༧༥ རབ་བྱུང་ ༡༣ པའི་ ཤིང་ལུག་ལོར་ དགེ་འདུན་འདུས་པའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༦ གི་རིང་ལུ་ བསྟན་པའི་སྣང་བ་ རྫོགས་ལྡན་གྱི་དཔལ་ལུ་ དོ་འགྲན་བཟུམ་ཅིག་ མཛད་གནང་ཡོདཔ་ད། དགུང་ལོ་ ༤༨ ལྕགས་བྱི་ལོར་ སྤུངས་ཐང་རྫོང་ལུ་ མེ་སྐྱོན་དང་པ་ བྱུང་པའི་རྐྱེན་གྱིས་ སྙུང་གཞིས་ཐེབས་ཏེ། དགུང་ལོ་ ༤༩ སྤྱི་ལོ་ ༡༧༨༡ ལྕགས་གླང་ལོར་ མཁན་ཁྲིར་བཞུགས་བཞིན་དུ་ སྐུ་ཞི་བར་ཕེབས་ནུག།

རྗེ་མཁན་ཁྲི་རབས་བཅོ་ལྔ་པ།

༆   སྐྱབས་རྗེ་ཀུན་བཟང་རྒྱལ་མཚན་མཆོག་ ཐིམ་ཕུ་ཆ་འདུས་ ཝང་གྲང་མའི་ས་ལུ་ སྤྱི་ལོ་ ༡༧༦༩ རབ་བྱུང་ ༡༢ པའི་ ས་བྱ་ལོར་འཁྲུངས། དགེ་འདུན་འདུས་སྡེར་ འཛུལ་ཞུགས་མཛད་དེ་ མདོ་སྔགས་གཞུང་ལུགས་སྤྱི་དང་ ལྷག་པར་དུ་ སྒྲ་རིག་པ་ལུ་ མཁས་ཐོག་ཆོད་དེ་ རྩོམ་པ་ཕུལ་དུ་ཕྱིན། སྨིན་གྲོལ་གདམས་པའི་གནད་ལུ་ གསན་སྒོམ་མཐར་ཕྱིན་མཛད་དེ་ མཁས་གྲུབ་གཉིས་ལྡན་ལུ་ གྱུར་ཞིནམ་ལས། རིམ་པ་བཞིན་དུ་ ཞབས་དྲུང་ཆོས་ཀྱི་རྒྱལ་མཚན་གྱི་ ཡོངས་འཛིན་དང་ གཞུང་དགེ་འདུན་གྲྭ་ཚང་ནང་ སྒྲ་སློབ་མཛད་ནུག།

དགུང་ལོ་ ༥༣ སྤྱི་ལོ་ ༡༧༨༡ རབ་བྱུང་ ༡༣ པའི་ ལྕགས་གླང་ལོར་ དགེ་འདུན་འདུས་སྡེའི་ མཁན་ཁྲིར་ཕེབས་ཞིནམ་ལས་ མི་ལོ་ ༣ གྱི་རིང་ འཆད་རྩོད་རྩོམ་གསུམ་གྱི་ སྒོ་བརྒྱ་དུས་ཅིག་ལུ་ཕྱེ་སྟེ་ བསྟན་པ་བསྐྱངས་བཞིན་དུ། དགུང་ལོ་ ༥༦ བཞེས་པའི་ ཤིང་འབྲུག་ལོར་ གློ་བུར་དུ་ སྙུང་གཞིས་ཐེབས་ཏེ་ དབེན་པར་བྱོན་པའི་ཤུལ་ལས། དགུང་ལོ་ ༥༨ སྤྱི་ལོ་ ༡༧༨༦ མེ་རྟ་ལོར་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་བཅུ་དྲུག་པ།

༆   སྐྱབས་རྗེ་ཤེས་རབ་སེངྒེ་མཆོག་ སྤ་རོ་ཆ་འོག་ དགོན་རྙིང་དགེ་དགོན་ཁར་ སྤྱི་ལོ་ ༡༧༢༤ རབ་བྱུང་ ༡༢ པའི་ ཤིང་འབྲུག་ལོར་འཁྲུངས། དགུང་ལོ་ ༡༠ དེ་ཅིག་ལས་ འདུས་སྡེར་འཛུལ་ཞུགས་མཛད་དེ་ རིག་གཞུང་ལུ་ ཐོས་བསམ་དང་། ཐུན་མིན་རང་ལུགས་ཀྱི་ གདམས་ངག་ཚུ་ གཏན་ལ་ཕབ་སྟེ་ སྒྲོ་འདོགས་ཆོད། དབེན་པའི་རི་ཁྲོད་ལུ་ གཅིག་པུར་བཞུགས་པའི་ ངེས་དོན་ཕྱག་རྒྱ་ཆེན་པོ་ མངོན་པར་གྱུར་ཏེ། རིམ་པ་བཞིན་དུ་ དབང་རྫོང་གནས་བརྟན་དང་ སྤུངས་ཐང་དགེ་འདུན་འདུས་སྡེའི་ རྡོ་རྗེ་སློབ་དཔོན་མཛད་ནུག་།

དགུང་ལོ་ ༦༡ སྤྱི་ལོ་ ༡༧༨༤ རབ་བྱུང་ ༡༣ པའི་ ཤིང་འབྲུག་ལོར་ འཕགས་ཚོགས་འདུས་སྡེའི་ མཁན་ཁྲིར་མངའ་གསོལ་ཞུ་སྟེ། ལོ་ངོ་ ༧ གྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ བཅའ་ཡིག་ཆེན་མོ་དང་འཁྲིལ་ཏེ་ མིག་དཔེར་འོས་པའི་ སྒྲིག་ལམ་དམ་ཟབ་ཐོག་ལུ་ བསྟན་པར་སྨན་པའི་ བཀའ་དྲིན་དཔག་མེད་མཛད། དགུང་ལོ་ ༦༨ སྤྱི་ལོ་ ༡༧༩༡ ལྕགས་ཕག་ལོར་ མཁན་ཁྲི་ལས་ དབེན་པར་ཕེབས་པའི་ཤུལ་ལུ། དགུང་ལོ་ ༧༠ ཆུ་གླང་ལོར་ སྤུངས་ཐང་ན་ལཎྜར་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་བཅུ་བདུན་པ།

༆   སྐྱབས་རྗེ་བྱམས་མགོན་ཡེ་ཤེས་རྡོ་རྗེ་མཆོག་ དགོན་ཤར་རི་བ་ལང་ནང་ལུ་ སྤྱི་ལོ་ ༡༧༥༧ རབ་བྱུང་ ༡༣ པའི་ མེ་གླང་ལོར་ སྐུ་འཁྲུངས་ནུག། བྱམས་སྤྲུལ་སྔ་ཕྱི་ ༢ ཀྱི་བར་ན་ མི་ལོ་ ༢༥ དེ་ཅིག་ སོང་ཡོདཔ་ལས་ མི་མང་གིས་ ཐེ་ཚོམ་ཆགས་པ་ལུ་བརྟེན་ཏེ། ཆོས་རྗེ་ངག་དབང་འཕྲིན་ལས་མཆོག་གིས་ སྤྲུལ་སྐུ་ཕྱག་ལུ་བསྣམས་ཏེ་ དམ་ཅན་སྒོ་མོ་ལུ་ དམོད་བཅོལ་མཛད་ཐོག་ལས། ལྷ་ཁང་གི་ རབ་གསལ་ལས་ རྡོ་གཅལ་ནང་ བཀོག་བའི་སྐབས་ལུ་ སྒོ་མོ་གིས་ ཕང་མར་བཟེད་པའི་ རྣམ་གཞག་མཐོངམ་ལས་ མི་མང་ག་ར་ ཡ་མཚན་ཆེ་སྟེ་ ཐེ་ཚོམ་ལས་གྲོལ། སྨིན་གྲོལ་ཁྲིད་ཀྱི་རིམ་པ་ གསན་སྒོམ་མཛད་དེ་ རང་གནས་གཉུག་མའི་ རྒྱལ་སྲིད་ལུ་དབང་བསྒྱུར།

དགུང་ལོ་ ༣༥ སྤྱི་ལོ་ ༡༧༩༡ རབ་བྱུང་ ༡༣ པའི་ ལྕགས་ཕག་ལོར་ ཚངས་སྤྱོད་འདུས་སྡེའི་ མཁན་ཁྲིར་བྱོན་ཏེ། མི་ལོ་ ༦ གི་རིང་ལུ་ བསྟན་པའི་རྒྱ་མཚོ་ སྤེལ་བར་མཛད་དེ། དགུང་ལོ་ ༤༡ བཞེས་པའི་ སྤྱི་ལོ་ ༡༧༩༧ མེ་སྦྲུལ་ལོར་ མཁན་ཁྲི་ལས་བཞེངས་རུང་། གདན་ས་སེ་ལ་དགོན་པར་ བསྟན་འགྲོར་ཕན་པའི་ ཆོས་འཁོར་བསྐོར་བཞིན་དུ་ དགུང་ལོ་ ༤༩ སྤྱི་ལོ་ ༡༨༠༥ ཤིང་གླང་ལུ་ དགོངས་པ་ཆོས་དབྱིངས་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་བཅོ་བརྒྱད་པ།

༆   སྐྱབས་རྗེ་འཇམ་དབྱངས་རྒྱལ་མཚན་མཆོག་ ཤར་རུད་པ་ཟངས་དམར་ལྡིངས་ལུ་ སྤྱི་ལོ་ ༡༧༤༣ རབ་བྱུང་ ༡༢ པའི་ ཆུ་ཕག་ལོར་འཁྲུངས། སྐུ་ན་ཆུང་ཀུའི་བསྒང་ལས་ འཕགས་པའི་དགེ་འདུན་འདུས་སྡེར་ འཛུལ་ཞུགས་ཀྱིས་ མདོ་སྔགས་གཞུང་ལུགས་དང་། སྨིན་གྲོལ་བརྒྱུད་པའི་ ཕྱག་སྲོལ་ག་ཅི་ལུ་ཡང་ སྒྲོ་འདོགས་ཆོད་དེ་ མཁས་ཤིང་གྲུབ་པ་བརྙེས། དེ་ལས་ རིམ་པ་བཞིན་དུ་ དཀྱིལ་འཁོར་སློབ་དཔོན་དང་ རྡོ་རྗེ་སློབ་དཔོན་མཛད་ནུག།

དགུང་ལོ་ ༥༥ སྤྱི་ལོ་ ༡༧༩༧ རབ་བྱུང་ ༡༣ པའི་ མེ་སྦྲུལ་ལོར་ དགེ་འདུན་འདུས་སྡེའི་ མཁན་ཁྲིར་ཕེབས་པའི་ ལོ་དེ་ནང་རང་ སྤུངས་ཐང་རྫོང་ལུ་ མེ་སྐྱོན་གཉིས་པ་ བྱུང་ཡོདཔ་ལས། སྐྱབས་རྗེ་མཆོག་གིས་ ལྷ་ཁང་དང་ མགོན་ཁང་ལ་སོགས་པའི་ ནང་རྟེན་གྱི་རིགས་ག་ར་ ཕྱག་བསྟར་ཞིབ་ཆ་མཛད་པའི་ཁར། བླ་སྤྲུལ་ཚུ་གིས་གཙོས་པའི་ སྐལ་ལྡན་འདུས་པའི་ཚོགས་ལུ་ཡང་ ཤེས་བྱ་གཏན་ལ་ཕབ་པ་དང་། སྒོམ་པ་སྨར་ཁྲིད་ཚུ་བཏབ་སྟེ་ ཆོས་སྒོ་ཕྱེ་བའི་འགལ་ཟླར་ བར་ཆད་ཀྱི་ འཚུབས་མེད་རུང་། ལུས་མེད་སྙིང་ལུ་ཞུགས་པའི་ སྡེ་འཁྲུགས་ཀྱི་དབང་ལས་ དགུང་ལོ ༦༡ བཞེས་པའི་ སྤྱི་ལོ་ ༡༨༠༣ ཆུ་ཕག་ལོར་ ལོག་སྟེ་རང་ སྤུངས་ཐང་རྫོང་ལུ་ མེ་རྐྱེན་ ༣ པ་ བྱུང་པའི་སྟབས་ཀྱིས་ རྫོང་ནང་ལས་ དཔྱང་ཐག་ལུ་བརྟེན་ཏེ་ ཕྱི་ཁར་ཕེབས་མ་ཐག་ཏུ་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་བཅུ་དགུ་པ།

༆   སྐྱབས་རྗེ་ངག་དབང་ཆོས་རྒྱལ་མཆོག་ སྟོད་པ་ཕན་བདེ་ཁ་ལུ་ ༡༧༥༦ རབ་བྱུང་ ༡༣ པའི་ མེ་བྱི་ལོར་འཁྲུངས། སྐུ་ན་ཆུང་ཀུ་ལས་ འཕགས་པའི་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ སྨིན་གྲོལ་ལམ་གྱི་རིམ་པ་ གསན་སྒོམ་མཛད་དེ་ དོན་དམ་པའི་ བདེན་པ་གཟིགས་ཏེ་ ཁྲི་སྤྲུལ་པདྨ་རྒྱ་མཚོའི་ ཡོངས་འཛིན་མཛད་ནུག།

དགུང་ལོ་ ༤༨ བཞེས་པའི་ སྤྱི་ལོ་ ༡༨༠༣ ཆུ་ཕག་ལོ་ འཕགས་པའི་དགེ་འདུན་གྱི་ མཁན་ཁྲིར་ཕེབསཏེ་ མི་ལོ་ ༤ གི་རིང་ལུ་ དགེ་འདུན་འདུས་པའི་ཚོགས་ལུ་ བསྟན་པ་བསྐྱངས་ཞིནམ་ལས། དགུང་ལོ་ ༥༢ སྤྱི་ལོ་ ༡༨༠༧ མེ་ཡོས་ལོར་ མཁན་ཁྲི་ལས་ དབེན་པར་བྱོན་ཏེ་ བཀྲ་ཤིས་སྒང་གི་ གདན་ས་རྒྱ་བསྐྱེད་དང་ སྒྲུབ་སྡེ་དར་རྒྱས་སུ་ བསྐྱངས་གནང་པའི་མཐར། དགུང་ལོ་ ༦༡ སྤྱི་ལོ་ ༡༨༡༦ མེ་བྱི་ལོར་ དགོངས་པ་ཆོས་དབྱིངས་ལུ་ ཐིམས་སོང་ནུག།

རྗེ་མཁན་ཁྲི་རབས་ཉི་ཤུ་པ།

༆   ཞབས་དྲུང་གསུང་སྤྲུལ་ སྐུ་འཕྲེང་གསུམ་པ་ སྐྱབས་རྗེ་ཡེ་ཤེས་རྒྱལ་མཚན་མཆོག་ ལྷོ་རྒྱུད་ཝང་ཡུལ་ཁ་སར་ལུ་ སྤྱི་ལོ་ ༡༧༨༡ རབ་བྱུང་ ༡༣ པའི་ ལྕགས་གླང་ལོར་ སྐུ་འཁྲུངས་ཡོདཔ་བཞིན་དུ། གདན་སར་སྤྱན་དྲངས་ཏེ་ མདོ་སྔགས་རིག་གནས་ཚུ་ལུ་ གསན་བསམ་དང་། སྨི་གྲོལ་གདམས་པས་ ཐུགས་བརྒྱུད་སྨིན་ཏེ་ རྟོགས་པ་མངོན་དུ་གྱུར།

དགུང་ལོ་ ༢༧ བཞེས་པའི་ སྤྱི་ལོ་ ༡༨༠༧ རབ་བྱུང་ ༡༤ མེ་ཡོས་ལོར་ འཕགས་ཚོགས་འདུས་པའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༤ གི་རིང་ལུ་ ཆོས་ཀྱི་བསྟན་པ་བསྐྱངས་ཏེ། སྤྱི་ལོ་ ༡༨༡༡ ལོར་ སྡེ་ཁྲིར་ཕེབས་ཡོདཔ་བཞིན་དུ་ ཐུགས་སྤྲུལ་འཇིགས་མེད་གྲགས་པ་མཆོག་དང་ མཉམ་འབྲེལ་གྱིས་ ལོ་ ༡ དང་ རང་དབང་ཅན་གྱི་སྒོ་ལས་ ཆབ་སྲིད་ལོ་ ༣ བསྐྱངས་གནང་སྟེ་ གསང་ཆེན་ཆོས་འཁོརགྱི་ གདན་སར་བཞུགས་པའི་མཐར། དགུང་ལོ་ ༥༠ སྤྱི་ལོ་ ༡༨༣༠ ལྕགས་སྟག་ལོར་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ཉེར་གཅིག་པ།

༆   སྐྱབས་རྗེ་འཇམ་དཔལ་གྲགས་པ་མཆོག་ ཤར་སྦེད་ནག་ཐེམ་པ་ཁ་ལུ་ སྤྱི་ལོ་ ༡༧༦༦ རབ་བྱུང་ ༡༣ པའི་ མེ་ཁྱི་ལོར་འཁྲུངས། སྐུ་ན་ཆུང་ཀུའི་བསྒང་ལས་ འཕགས་ཚོགས་དགེ་འདུན་འདུས་སྡེར་ འཛུལ་ཞུགས་མཛད་དེ་ ཐོས་བསམ་དང་ སྨིན་གྲོལ་གདམས་པའི་ ཉམས་ལེན་བཞེསཔ་ལས་ སེམས་ཉིད་ལྷན་སྐྱེས་ཀྱི་ རང་ཞལ་གཟིགས་ནུག།

དགུང་ལོ་ ༤༦ སྤྱི་ལོ་ ༡༨༡༡ རབ་བྱུང་ ༡༤ པའི་ ལྕགས་ལུག་ལོར་ དཔལ་ལྡན་འབྲུག་པའི་ དགེ་འདུན་འདུས་སྡེའི་ མཁན་ཁྲིར་མངའ་གསོལ་ཞུ་སྟེ་ མི་ལོ་ ༥ གི་རིང་ལུ་ བསྟན་པ་ལེགས་པར་ བསྐྱངས་བཞིན་དུ། དགུང་ལོ་ ༥༡ སྤྱི་ལོ་ ༡༨༡༦ མེ་བྱི་ལོར་ དབེན་པར་ཕེབས་རུང་ འཕྲིན་ལས་མ་རྫོགས་པར། དགུང་ལོ་ ༦༡ ལུ་ ལོག་སྟེ་རང་ མཁན་ཁྲི་ ༢༣ པར་ཕེབས་ཏེ་ གདུལ་བྱ་བསྐྱངས་གནང་ནུག།

རྗེ་མཁན་ཁྲི་རབས་ཉེར་གཉིས་པ།

༆   སྐྱབས་རྗེ་འཇིགས་མེད་རྒྱལ་མཚན་མཆོག་ ཝང་སྲིན་མོ་ལས་ སྤྱི་ལོ་ ༡༧༥༢ རབ་བྱུང་ ༡༣ པའི་ ཆུ་སྤྲེལ་ལོར་ འཁྲུངས་ཡོདཔ་ད། དགུང་ལོ་ ༡༣ ལུ་ དགེ་འདུན་འདུས་པའི་རྒྱ་མཚོར་ འཛུལ་ཞུགས་ཀྱིས་ ཐོས་བསམ་དང་ སྨིན་གྲོལ་གདམས་པའི་སྐོར་ཚུ་ འཁྲུན་ཐག་ཆོད་པར་མཛད་དེ་ གཤིས་ལུགས་གཉུག་མའི་དོན་གཟིགས།

དགུང་ལོ་ ༦༥ སྤྱི་ལོ་ ༡༨༡༦ རབ་བྱུང་ ༡༤ པའི་ མེ་བྱི་ལོར་ ཞབས་སྤྲུལ་འཇིགས་མེད་གྲགས་པའི་ བཀའ་བསྐུལ་ལྟར་དུ་ རྗེ་མཁན་པོའི་ཁྲིར་ཕེབས་ཏེ་ ལོ་ངོ་ ༡༠ གི་རིང་ལུ་ དཔལ་ལྡན་འབྲུག་པའི་ བསྟན་པ་རིན་པོ་ཆེ་ འཛིན་སྐྱོང་སྤེལ་གསུམ་ ཡར་ངོའི་ཟླ་ལྟར་ མཛད་བཞིན་དུ། དགུང་ལོ་ ༧༥ བཞེས་པའི་ སྤྱི་ལོ་ ༡༨༢༦ མེ་ཁྱི་ལོར་ མཁན་ཁྲི་ཐོག་ལུ་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ཉེར་གསུམ་པ།

༆   རྗེ་མཁན་ཁྲི་རབས་ ༢༡ པ་ སྐྱབས་རྗེ་འཇམ་དཔལ་གྲགས་པ་མཆོག་ དགུང་ལོ་ ༦༡ སྤྱི་ལོ་ ༡༨༢༦ རབ་བྱུང་ ༡༤ པའི་ མེ་ཁྱི་ལོར་ ལོག་སྟེ་རང་ རྗེ་མཁན་ཁྲི་རབས་ ༢༣ པར་ ཕེབས་ཞིནམ་ལས་ མི་ལོ་ ༥ གི་རིང་ལུ་ སྐལ་ལྡན་གདུལ་བྱ་ མང་རབས་ཅིག་ སྨིན་གྲོལ་ལུ་བཀོད་གནང་།

དགུང་ལོ་ ༦༦ སྤྱི་ལོ་ ༡༨༣༡ ལྕགས་ཡོས་ལོར་ དབེན་པའི་གནས་ལུ་ཕེབས་ཏེ་ ཕ་ལྡིངས་འོག་མིན་གཉིས་པའི་ གཙུག་ལག་ཁང་ རྒྱ་བསྐྱེད་ཀྱིས་ བླ་མའི་གདན་ས་ མཐའ་རྒྱས་སུ་ མཛད་གནང་པའི་མཐར། དགུང་ལོ་ ༦༩ སྤྱི་ལོ་ ༡༨༣༤ ཤིང་རྟ་ལོར་ དགོངས་པ་ཆོས་དབྱིངས་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་ཉེར་བཞི་པ།

༆   སེ་ལ་ཆོས་རྗེ་གཉིས་པ་ སྐྱབས་རྗེ་ཤཱཀྱ་རྒྱལ་མཚན་མཆོག་ དགོན་ཨ་མོ་རིང་མོའི་ གདུང་རབས་ལུ་ སྤྱི་ལོ་ ༡༧༩༠ རབ་བྱུང་ ༡༣ པའི་ ལྕགས་ཁྱི་ལོར་ སྐུ་འཁྲུངས་ཏེ། དཀྱིལ་ཆོག་གི་ ཕྱག་ལེན་དང་ སྨིན་གྲོལ་གདམས་པ་ གསན་བཞེས་ཀྱིས་ མཆོག་གསང་དེ་ཉིད་གཟིགས་ནུག།

དགུང་ལོ་ ༤༢ སྤྱི་ལོ་ ༡༨༣༡ རབ་བྱུང་༡༤ པའི་ ལྕགས་ཡོས་ལོར་ དཔལ་ལྡན་འབྲུག་པའི་ འཕགས་མཆོག་དགེ་འདུན་འདུས་པའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༥ གི་རིང་ལུ་ བསྟན་པ་འཛིན་སྐྱོང་མཛད་བཞིན་དུ། དགུང་ལོ་ ༤༧ སྤྱི་ལོ་ ༡༨༣༦ མེ་སྤྲེལ་ལོར་ མཁན་ཁྲི་ཐོག་ལུ་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ཉེར་ལྔ་པ།

༆   སྐྱབས་རྗེ་ཤེས་རབ་རྒྱལ་མཚན་མཆོག་ སྤ་རོ་གཟར་ཆེན་ཆོས་རྗེའི་ གདུང་བརྒྱུད་ལུ་ སྤྱི་ལོ་ ༡༧༧༢ རབ་བྱུང་ ༡༣ པའི་ ཆུ་འབྲུག་ལོར་འཁྲུངས། དགུང་ལོ་ ༡༥ ལུ་ གཞུང་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ ཐུན་མོང་གི་གཞུང་ལུ་ ཐོས་བསམ་དང་། ཐུན་མིན་སྨིན་གྲོལ་གྱི་ གདམས་ངག་ཚུ་ལུ་ གསན་སྒོམ་ཕུ་ཐག་ཆོད་པར་མཛད་དེ་ མཁས་གྲུབ་གཉིས་ལྡན་དུ་གྱུར།

དགུང་ལོ་ ༦༥ སྤྱི་ལོ་ ༡༨༣༦ རབ་བྱུང་ ༡༤ པའི་ མེ་སྤྲེལ་ལོར་ དགེ་འདུན་འདུས་པའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༣ གྱི་རིང་ལུ་ ཆོས་ཆར་ཕབ་ཐོག་ལས། དགུང་ལོ་ ༦༨ སྤྱི་ལོ་ ༡༨༣༩ ས་ཕག་ལོར་ མཁན་ཁྲི་བཤོལ་ཏེ། སྤ་རོ་སྒོ་རི་ན་གདན་སར་ བཞུགས་པའི་སྐབས་ལུ་ སྐྱེར་ཆུ་ལྷ་ཁང་ལ་སོགས་པའི་ སྤ་རོའི་གཙུག་ལག་ཁང་ཕར་ཆེར་ ཞིག་གསོ་མཛད་དེ་ བསྟན་པ་བསྐྱངས་པའི་མཐར། དགུང་ལོ་ ༧༧ སྤྱི་ལོ་ ༡༨༤༨ ས་སྤྲེལ་ལོར་ ཀུན་སྣང་འོད་གསལ་ལུ་གཟིམས་ནུག།

རྗེ་མཁན་ཁྲི་རབས་ཉེར་དྲུག་པ།

༆   སྐྱབས་རྗེ་ཡོན་ཏན་རྒྱ་མཚོ་མཆོག་ སྤྱི་ལོ་ ༡༧༨༠ རབ་བྱུང་ ༡༣ པའི་ ལྕགས་བྱི་ལོར་ དབང་འདུས་ཆ་འོག་ ཤར་སྦེད་ནག་ལུ་འཁྲུངས། འཕགས་པའི་འདུས་སྡེར་ འཛུལ་ཞུགས་ཀྱིས་ ཐོས་བསམ་ཅི་རིགས་དང་ ཕྱག་རྒྱ་ཆེན་པོའི་ ཉམས་ཁྲིད་བསྐྱངས་ཏེ་ བསལ་བཞག་བྲལ་བའི་དོན་ལུ་ ལྟ་བའི་གདེངས་རྙེད།

དགུང་ལོ་ ༦༠ སྤྱི་ལོ་ ༡༨༣༩ ས་ཕག་ལོར་ དགེ་འདུན་འདུས་སྡེའི་ མཁན་ཁྲིར་ཕེབས་ཏེ་ ལོ་ངོ་ ༡ གི་རིང་ལུ་ དཔལ་ལྡན་འབྲུག་པའི་ བསྟན་པ་བསྐྱང་འཕྲོར། དགུང་ལོ་ ༦༡ སྤྱི་ལོ་ ༡༨༤༠ ལྕགས་བྱི་ལོར་ མཁན་ཁྲི་ཐོག་ཁར་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ཉེར་བདུན་པ།

༆   སྐྱབས་རྗེ་པདྨ་བཟང་པོ་མཆོག་ ཐིམ་ཕུ་ཆ་འདུས་ ཅང་ཨོ་ལ་ཁ་ལས་ སྤྱི་ལོ་ ༡༧༧༩ རབ་བྱུང་ ༡༣ པའི་ ས་ཕག་ལོར་འཁྲུངས། གཞུང་དགེ་འདུན་འདུས་སྡེར་ འཛུལ་ཞུགས་ཀྱིས་ སྨིན་གྲོལ་གདམས་པ་ གསན་སྒོམ་མཛད་དེ་ ལྷ་མོའི་བསྙེན་སྒྲུབ་ལུ་ གྲུབ་རྟགས་ཐོན།

དགུང་ལོ་ ༦༢ སྤྱི་ལོ་ ༡༨༤༠ རབ་བྱུང་ ༡༤ པའི་ ལྕགས་བྱི་ལོར་ དགེ་འདུན་འཕགས་ཚོགས་འདུས་སྡེའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༧ གྱི་རིང་ལུ་ བསྟན་པ་བསྐྱངས་ཞིནམ་ལས། དགུང་ལོ་ ༦༩ སྤྱི་ལོ་ ༡༨༤༧ མེ་ལུག་ལོར་ མཁན་ཁྲི་ལས་ དབེན་པར་བྱོན་ཡོད་རུང་། དགུང་ལོ་ ༧༠ ལུ་ སྐྱབས་རྗེ་རིན་ཆེན་བཟང་པོ་ མཁར་ཁྲི་ཐོག་ཁར་ གཤགས་སོངཔ་ལས་ མཁན་ཁྲི་ ༢༩ པར་ ལོག་བྱོན་ནུག།

མཁན་ཁྲི་ཉེར་བརྒྱད་པ།

༆   སྐྱབས་རྗེ་རིན་ཆེན་བཟང་པོ་མཆོག་ ཐིམ་ཕུ་ཆ་འདུས་ ཝང་འགྲམ་པའི་སར་ སྤྱི་ལོ་ ༡༧༧༧ རབ་བྱུང་ ༡༣ པའི་ མེ་བྱ་ལོར་ སྐུ་འཁྲུངས་ཏེ། འཕགས་པའི་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ སྨིན་གྲོལ་གདམས་པ་གིས་ ཐུགས་བརྒྱུད་སྨིན་པར་མཛད།

དགུང་ལོ་ ༧༡ སྤྱི་ལོ་ ༡༨༤༧ རབ་བྱུང་ ༡༤ པའི་ མེ་ལུག་ལོར་ མཁན་ཁྲིར་ཕེབས་ཏེ་ བསྟན་དོན་མཛད་བཞིན་དུ། དགུང་ལོ་ ༧༢ བཞེས་པའི་ སྤྱི་ལོ་ ༡༨༤༨ མེ་ལུག་ལོར་ མཁན་ཁྲི་ཐོག་ཁར་ སྐུ་ཞི་བར་གཤེགས་ནུག།

མཁན་ཁྲི་ཉེར་དགུ་པ།

༆   རྗེ་མཁན་ཁྲི་རབས་ ༢༧ པ་ སྐྱབས་རྗེ་པདྨ་བཟང་པོ་མཆོག་ དགུང་ལོ་ ༧༡ བཞེས་པའི་ སྤྱི་ལོ་ ༡༨༤༨ རབ་བྱུང་ ༡༤ པའི་ ས་སྤྲེལ་ལོར་ ལོག་སྟེ་རང་ འཕགས་ཚོགས་འདུས་པའི་ མཁན་ཁྲི་ ༢༩ པར་ ཕེབས་གནང་ནུག།

དེ་བསྒང་ སྤུངས་ཐང་རྫོང་ལུ་ མེ་སྐྱོན་ ༥ པ་བྱུང་སྟེ་ བསྐྱར་གསོའི་དབུ་འདྲེན་ མཛད་གནང་པའི་མཐར། དགུང་ལོ་ ༧༢ བཞེས་པའི་ སྤྱི་ལོ་ ༡༨༥༠ ལྕགས་ཁྱི་ལོར་ མཁན་ཁྲིར་བཞུགས་བཞིན་དུ་ དགོངས་པ་རྫོགས་སོང་ནུག།

རྗེ་མཁན་ཁྲི་རབས་སུམ་ཅུ་པ།

༆   སྐྱབས་རྗེ་འཇམ་དཔལ་རྒྱ་མཚོ་མཆོག་ དབང་འདུས་ཕོ་བྲང་ཆ་འོག་ ཤར་སྦེད་ནག་ལུ་ སྤྱི་ལོ་ ༡༧༩༨ རབ་བྱུང་ ༡༣ པའི་ ས་རྟ་ལོར་འཁྲུངས། གཞུང་དགེ་འདུན་འདུས་སྡེར་ འཛུལ་ཞུགས་ཐོག་ལས་ བསླབ་གསུམ་དང་ སྨིན་གྲོལ་གདམས་ངག་སྐོར་ གསན་སྒོམ་མཛད་དེ་ ཕྱག་རྒྱ་ཆེན་པོའི་དོན་གཟིགས།

དགུང་ལོ་ ༥༣ སྤྱི་ལོ་ ༡༨༥༠ རབ་བྱུང་ ༡༤ པའི་ ལྕགས་ཁྱི་ལོར་ དཔལ་ལྡན་འབྲུག་པའི་ མཁན་ཁྲིར་བྱོན་ཡོད་རུང་། ནང་འཁྲུགས་ཀྱིས་ ཐུགས་བསུན་ཏེ་ ལོ་ ༡ བཞུགས་ཞིནམ་ལས་ དབེན་གནས་ལུ་ཕེབས་ཏེ་ སྐུ་ཚེ་སྒྲུབ་པ་ལུ་ མཐར་བསྐྱལ་གནང་པའི་མཐར། དགུང་ལོ་ ༦༡ སྤྱི་ལོ་ ༡༨༥༨ ས་རྟ་ལོར་ དགོངས་པ་ཆོས་དབྱིངས་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་སོ་གཅིག་པ།

༆   སྐྱབས་རྗེ་ཡོན་ཏན་རྒྱལ་མཚན་མཆོག་ དབང་རྫོང་ཆ་འོག་ ཤར་སྦེད་ནག་ཐེམ་པ་ཁར་ སྤྱི་ལོ་ ༡༨༠༤ རབ་བྱུང་ ༡༣ པའི་ ཤིང་བྱི་ལོར་འཁྲུངས། སྐུ་ན་ཆུང་ཀུ་ལས་ འཕགས་པའི་འདུས་སྡེར་ འཛུལ་ཞུགས་ཀྱིས་ ཐུན་མོང་གི་གཞུང་ལུ་ ཐོས་བསམ་དང་། ཐུན་མིན་རང་ལུགས་སྨིན་གྲོལ་ གསན་སྒོམ་སྤེལ་མར་མཛད་དེ་ མཁས་གྲུབ་གཉིས་ལྡན་དུ་གྱུར། དགུང་ལོ་ ༣༦ ལུ་ ཞབས་དྲུང་ཐུགས་སྤྲུལ་ འཇིགས་མེད་ནོར་བུ་མཆོག་གི་ ཡོངས་འཛིན་མཛད་ནུག།

དགུང་ལོ་ ༤༨ བཞེས་པའི་ སྤྱི་ལོ་ ༡༨༥༡ རབ་བྱུང་ ༡༤ པའི་ ལྕགས་ཕག་ལོར་ འཕགས་ཚོགས་དགེ་འདུན་གྱི་ མཁན་ཁྲིར་ཕེབས་ཞིནམ་ལས་ མི་ལོ་ ༧ གྱི་རིང་ལུ་ སྨིན་གྲོལ་གདམས་པའི་ཁྲིད་རིམ་ འཆད་ཉན་གྱི་ སྲོལ་རྒྱུན་སྤེལ་གནང་སྟེ། དགུང་ལོ་ ༥༥ བཞེས་པའི་ སྤྱི་ལོ་ ༡༨༥༨ ས་རྟ་ལོར་ མཁན་ཁྲི་ལས་ དགོངས་ཞུས་མཛད་དེ་ བཀྲ་ཤིས་སྒང་དང་ སེ་ལ་དབེན་སར་ གདུལ་བྱ་བསྐྱངས་པའི་མཐར། དགུང་ལོ་ ༦༧ སྤྱི་ལོ་ ༡༨༧༠ ལྕགས་རྟ་ལོར་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་སོ་གཉིས་པ།

༆   སྐྱབས་རྗེ་ཚུལ་ཁྲིམས་རྒྱལ་མཚན་མཆོག་ དབང་རྫོང་ཆ་འདུས་ ཤར་སྦེད་ནག་ལུ་ སྤྱི་ལོ་ ༡༨༠༢ རབ་བྱུང་ ༡༣ པའི་ ཆུ་ཁྱི་ལོར་འཁྲུངས། སྐུ་ན་ཆུང་ཀུ་ལས་ འཕགས་པའི་གྲྭ་སྡེར་ འཛུལ་ཞུགས་ཐོག་ལུ་ ཐོས་བསམ་དང་ སྨིན་གྲོལ་གདམས་པ་ གསན་སྒོམ་མཛད་དེ་ མཐའ་བྲལ་གྱི་དོན་གཟིགས་ཡོདཔ་མ་ཚད་ ལྷག་པར་དུ་ མཁའ་འགྲོ་སེང་གདོང་མའི་ བསྙེན་སྒྲུབ་མཐར་འཁྱོལ་བའི་ བརྡ་མཚོན་ལུ་ གཏོརམ་གུ་ལས་ མེ་འབར་ནི་དང་ བདུད་རྩི་འཁོལཝ་ལ་སོགས་པའི་ གྲུབ་རྟགས་མངོན་དུ་གྱུར།

དགུང་ལོ་ ༥༧ སྤྱི་ལོ་ ༡༨༥༨ རབ་བྱུང་ ༡༤ པའི་ ས་རྟ་ལོར་ དཔལ་ལྡན་འབྲུག་པའི་ ཆོས་བདག་ཆེན་མོའི་ མཁན་ཁྲིར་ཕེབས་ཏེ་ ལོ་ངོ་ ༢ ཀྱི་རིང་ལུ་ བསྟན་པ་སྐྱོང་བཞིན་དུ། དགུང་ལོ་ ༥༩ སྤྱི་ལོ་ ༡༧༦༠ ལྕགས་སྤྲེལ་ལོར་ མཁན་ཁྲི་ཐོག་ཁར་ བཞུགས་བཞིན་དུ་ དགོངས་པ་ཆོས་དབྱིངས་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་སོ་གསུམ་པ།

༆   སྐྱབས་རྗེ་ཀུན་དགའ་དཔལ་འབྱོར་མཆོག་ སྤྱི་ལོ་ ༡༨༠༦ རབ་བྱུང་ ༡༣ པའི་ མེ་སྟག་ལོར་ སྤ་རོ་ཆ་འདུས་ དོལ་སྟེང་བྱ་སྦིས་ལུ་འཁྲུངས། གཞུང་དགེ་མདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ ཐོས་བསམ་དང་ སྨིན་གྲོལ་གདམས་པ་ གསན་བཞེས་མཛད་པའི་ནང་ལས་ སྒྲ་རིག་པར་ མཁས་ཐོག་ཆོད་དེ། གཞུང་དགེ་འདུན་གྲྭ་ཚང་གི་ སྒྲ་པའི་སློབ་དཔོན་མཛད་ནུག།

དགུང་ལོ་ ༥༥ བཞེས་པའི་ སྤྱི་ལོ་ ༡༨༦༠ རབ་བྱུང་ ༡༤ པའི་ ལྕགས་སྤྲེལ་ལོར་ རྗེ་མཁན་རིན་པོ་ཆེའི་ ཁྲིར་ཕེབས་རུང་ བསྟན་པ་ཁྱབ་སྤེལ་ རྒྱ་ཆེར་མཛད་མ་ཚུགས་པའི་བར་ན། དགུང་ལོ་ ༥༦ སྤྱི་ལོ་ ༡༨༦༡ ལྕགས་བྱ་ལོར་ མཁན་ཁྲིར་བཞུགས་བཞིན་དུ་ དགོངས་པ་ཆོས་དབྱིངས་ལུ་ ཐིམས་པར་མཛད་ནུག།

རྗེ་མཁན་ཁྲི་རབས་སོ་བཞི་པ།

༆   སྐྱབས་རྗེ་བཤད་སྒྲུབ་འོད་ཟེར་མཆོག་ ཐིམ་ཕུ་ཆ་འདུས་ རྟ་ལང་བཀྲ་ཤིས་འབྲུག་རྒྱལ་དགོན་པར་ སྤྱི་ལོ་ ༡༨༡༠ རབ་བྱུང་ ༡༤ པའི་ ལྕགས་རྟ་ལོར་ འཁྲུངས་ཡོདཔ་ད། སྐུ་ན་ཆུང་ཀུ་ལས་ དགེ་འདུན་འདུས་སྡེར་ ཞུགས་འཛུགས་ཀྱིས་ སྨིན་གྲོལ་གདམས་པ་ གསན་སྒོམ་གནད་སྨིན་མཛད་དེ་ གྲུབ་པ་ལུ་ རང་དབང་བསྒྱུར།

དགུང་ལོ་ ༥༢ སྤྱི་ལོ་ ༡༨༦༡ རབ་བྱུང་ ༡༤ པའི་ ལྕགས་བྱ་ལོར་ འཕགས་ཚོགས་འདུས་པའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༤ གི་རིང་ལུ་ བསྟན་དོན་རླབས་ཆེར་མཛད་དེ། དགུང་ལོ་ ༥༦ བཞེས་པའི་ སྤྱི་ལོ་ ༡༨༦༥ ཤིང་གླང་ལོར་ མཁན་ཁྲི་ལས་ དགོངས་ཞུས་ཀྱིས་ ཧོང་ཚོ་བཀྲ་ཤིས་སྒང་ལུ་ བྱོན་ཞིནམ་ལས་ གདུལ་བྱའི་ལྷག་མ་ བསྐྱངས་པའི་མཐར། དགུང་ལོ་ ༦༣ སྤྱི་ལོ་ ༡༨༧༢ ཆུ་སྤྲེལ་ལོར་ ཞིང་ཁམས་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་སོ་ལྔ་པ།

༆   སྐྱབས་རྗེ་ཤཱཀྱ་རྒྱལ་མཚན་མཆོག་ ཐེད་རྒྱུད་སྤང་གཤོང་དགོན་པར་ སྤྱི་ལོ་ ༡༨༡༣ རབ་བྱུང་ ༡༤ པའི་ ཆུ་བྱ་ལོར་འཁྲུངས། སྐུ་ན་ཆུང་ཀུ་ལས་ གཞུང་དགེ་འདུན་འདུས་པའི་ གྲྭ་སྡེར་ཞུགས་ཐོག་ལས་ ཐོས་བསམ་དང་ སྨིན་གྲོལ་གསན་སྒོམ་མཛད་དེ་ ཤེས་བྱའི་གནས་ལུ་ མངོན་པར་གཟིགས།

དགུང་གྲངས་ ༥༣ སྤྱི་ལོ་ ༡༨༦༥ རབ་བྱུང་ ༡༤ པའི་ ཤིང་གླང་ལོར་ དགེ་འདུན་འདུས་སྡེའི་ མཁན་ཁྲིར་བྱོན་ཏེ་ མི་ལོ་ ༤ གི་རིང་ལུ་ བསྟན་པ་བསྐྱངས་ཞིནམ་ལས། དགུང་ལོ་ ༥༧ བཞེས་པའི་ སྤྱི་ལོ་ ༡༨༦༩ རབ་བྱུང་ ༡༥ པའི་ ས་སྦྲུལ་ལོར་ ཐུགས་འགན་བཤོལ་ཏེ་ དབེན་པར་བྱོན་པའི་ཤུལ་ལུ། དགུང་ལོ་ ༦༣ ཤིང་ཕག་ལོར་ སྐྱབས་རྗེ་ཀུན་དགའ་སེངྒེ་མཆོག་ ཞིང་ལུ་ཕེབས་སོངཔ་ལས། ལོག་སྟེ་རང་ མཁན་ཁྲི་ ༣༨ པར་བྱོན་ནུག།

རྗེ་མཁན་ཁྲི་རབས་སོ་དྲུག་པ།

༆   སྐྱབས་རྗེ་ཡོན་ཏན་དཔལ་བཟང་མཆོག་ ཧཱ་རྫོང་ཆ་འདུས་ དཀར་ཚོགས་དགོན་པར་ སྤྱི་ལོ་ ༡༨༡༡ རབ་བྱུང་ ༡༤ པའི་ ལྕགས་ལུག་ལོར་འཁྲུངས། སྐུ་ན་ཆུང་ཀུ་ལས་ གཞུང་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ མཐོས་བསམ་དང་ སྨིན་གྲོལ་གདམས་པའི་ གསན་སྒོམ་མཛད་དེ་ གཅིག་ཤེས་ཀུན་གྲོལ་གྱི་ མཁས་གྲུབ་གཉིས་ལྡན་ལུ་གྱུར།

དེ་ལས་ དགུང་གྲངས་ ༥༩ སྤྱི་ལོ་ ༡༨༦༩ རབ་བྱུང་ ༡༥ པའི་ ས་སྦྲུལ་ལོར་ དགེ་འདུན་འདུས་པའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༤ གི་རིང་ལུ་ བསྟན་པ་ཆོས་བཞིན་དུ་བསྐྱངས་ཏེ། དགུང་ལོ་ ༦༣ བཞེས་པའི་ སྤྱི་ལོ་ ༡༨༧༣ ཆུ་བྱ་ལོར་ མཁན་ཁྲི་ལས་ ཧོང་ཚོ་བཀྲ་ཤིས་སྒང་དགོན་པར་ བྱོན་ཞིནམ་ལས་ གདུལ་བྱའི་ལྷག་མ་ བསྐྱངས་གནང་པའི་མཐར། དགུང་ལོ་ ༦༧ སྤྱི་ལོ་ ༡༨༧༧ མེ་གླང་ལོར་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་སོ་བདུན་པ།

༆   སྐྱབས་རྗེ་ཀུན་དགའ་སེངྒེ་མཆོག་ ཀྲོང་གསར་ཆ་འདུས་ སྲིན་ཕུག་དགོན་པར་ སྤྱི་ལོ་ ༡༨༡༥ རབ་བྱུང་ ༡༤ པའི་ ཤིང་ཕག་ལོར་ སྐུ་འཁྲུངས་ཡོདཔ་ད། གཞུངདགེ་འདུན་་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ སྨིན་གྲོལ་གདམས་པའི་སྐོར་ གསན་བསམ་མཛད་དེ། གུ་རུའི་སྒྲུབ་གནས་ཁག་ལུ་ བསྙེན་སྒྲུབ་ལུ་ བརྩོན་པའི་དབང་གིས་ གྲུབ་པ་བརྙེས་ནུག།

དགུང་གྲངས་ ༥༩ སྤྱི་ལོ་ ༡༨༧༣ རབ་བྱུང་ ༡༥ པའི་ ཆུ་བྱ་ལོར་ འཕགས་ཚོགས་དགེ་འདུན་འདུས་པའི་ མཁན་ཁྲིར་བྱོན་ཏེ་ མི་ལོ་ ༢ ཀྱི་རིང་ལུ་ བསྟན་པ་བསྐྱངས་གནང་པའི་མཐར། དགུང་ལོ་ ༦༡ བཞེས་པའི་ སྤྱི་ལོ་ ༡༨༧༥ ཤིང་ཕག་ལོར་ མཁན་ཁྲིར་བཞུགས་བཞིན་དུ་ དག་པའི་ཞིང་ཁམས་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་སོ་བརྒྱད་པ།

༆   མཁན་ཁྲི་ ༣༥ པ་ སྐྱབས་རྗེ་ཤཱཀྱ་རྒྱལ་མཚན་མཆོག་ དགུང་ལོ་ ༦༣ སྤྱི་ལོ་ ༡༨༧༥ རབ་བྱུང་ ༡༥ པའི་ ཤིང་ཕག་ལོར་ ལོག་སྟེ་རང་ ཆོས་བདག་ཆེན་པོའི་ མཁན་ཁྲིར་བྱོན་ཡོད་རུང་ ལོ་དེ་ནང་རང་ སྐུ་ཚེས་མ་ཟིན་པར་ རྗེ་མཁན་པོའི་ཁྲི་ཐོག་ཁར་ བཞུགས་བཞིན་དུ་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་སོ་དགུ་པ།

༆   སྐྱབས་རྗེ་བློ་གྲོས་རྒྱལ་མཚན་མཆོག་ སྤ་རོ་ཆ་འདུས་ དོས་ཤར་གྱང་ས་ལུ་ སྤྱི་ལོ་ ༡༨༢༦ རབ་བྱུང་ ༡༤ པའི་ མེ་ཁྱི་ལོར་ སྐུ་འཁྲུངས་ནུག། གཞུང་དགེ་འདུན་གྲྭ་ཚང་གི་ འདུས་སྡེར་ཞུགས་ཐོག་ལས་ ཐོས་བསམ་དང་ སྨིན་གྲོལ་གདམས་པ་ གསན་བཞེས་ཀྱིས་ བདག་བརྒྱུད་གྲོལ།

དགུང་གྲངས་ ༥༠ བཞེས་པའི་ སྤྱི་ལོ་ ༡༨༧༥ རབ་བྱུང་ ༡༥ པའི་ ཤིང་ཕག་ལོར་ འཕགས་ཚོགས་འདུས་སྡེའི་ མཁན་ཁྲིར་ཕེབས་ཏེ་ ལོ་ངོ་ ༣ གྱི་རིང་ སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེ་ བསྐྱངས་བཞིན་དུ།  ཕྱོགས་ལྷུང་ཅན་ དག་པ་ཅིག་གིས་ རྗེ་མཁན་གསར་བསྐོས་འབདཝ་ལས། དགུང་ལོ་ ༥༣ སྤྱི་ལོ་ ༡༨༧༨ ས་སྟག་ལོར་ མཁན་ཁྲི་ལས་ དབེན་པའི་གནས་ལུ་ བཞུགས་པའི་མཐར། དགུང་ལོ་ ༥༩ སྤྱི་ལོ་ ༡༨༨༤ ཤིང་སྤྲེལ་ལོར་ སྐུ་བདེ་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་བཞི་བཅུ་པ།

༆   སྐྱབས་རྗེ་པད་དཀར་འོད་ཟེར་མཆོག་ སྤུངས་རྫོང་ཐེད་ཡུལ་སྤང་གཤོང་དགོན་པར་ སྤྱི་ལོ་ ༡༨༣༣ རབ་བྱུང་ ༡༤ པའི་ ཆུ་སྦྲུལ་ལོར་འཁྲུངས་ཡོདཔ་ད། གཞུང་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ ཐོས་བསམ་དང་ སྨིན་གྲོལ་དམ་པའི་ ཁྲིད་རིམ་ཚུ་ལུ་ གསན་སྦྱོང་མཛད་དེ་ མཁས་པའི་ཁྱུ་མཆོག་ལུ་གྱུར་ཏེ། གཞུང་དགེ་འདུན་གྲྭ་ཚང་གི་ མཚན་ཉིད་སློབ་དཔོན་མཛད་ནུག།

དགུང་ལོ་ ༤༦ སྤྱི་ལོ་ ༡༨༧༨ རབ་བྱུང་ ༡༥ པའི་ ས་སྟག་ལོར་ འཕགས་པ་དགེ་འདུན་པའི་ མཁན་ཁྲིར་བྱོན་ཏེ་ ལོ་ངོ་ ༣ གྱི་རིང་ལུ་ ཆོས་སྲིད་ཀྱི་ བསྟན་པ་བསྐྱངས་བཞིན་དུ་ སྙུང་གཞིས་ཐེབས་ཏེ་ དགུང་ལོ་ ༤༩ སྤྱི་ལོ་ ༡༨༨༡ ལྕགས་སྦྲུལ་ལོར་ མཁན་ཁྲིའི་གུ་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ཞེ་གཅིག་པ།

༆   སྐྱབས་རྗེ་ངག་དབང་དོན་ལྡན་མཆོག་ སྤ་རོ་ཆ་འདུས་ བཙན་སྟོང་ཆུ་འགྱེད་ལུ་ སྤྱི་ལོ་ ༡༨༡༨ རབ་བྱུང་ ༡༤ པའི་ ས་སྟག་ལོར་སྐུ་འཁྲུངས། གཞུང་དགེ་འདུན་གྲྭ་ཚང་ཆེན་མོར་ འཛུལ་ཞུགས་ཀྱིས་ ཐོས་བསམ་དང་། སྨིན་གྲོལ་གྱི་གདམས་ངག་ཚུ་ གསན་སྒོམ་མཛད་དེ་ འཁྲུལ་སྣང་བཟུང་འཛིན་གྱི་ རྣལ་འབྱོར་པར་ གྱུར་སོང་ནུག།

དེ་ལས་ དགུང་གྲངས་ ༦༤ སྤྱི་ལོ་ ༡༨༨༡ རབ་བྱུང་ ༡༥ པའི་ ལྕགས་སྦྲུལ་ལོར་ འཕགས་ཚོགས་དགེ་འདུན་འདུས་པའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༥ གི་རིང་ལུ་ བསྟན་པ་བསྐྱངས་པའི་མཐར། དགུང་ལོ་ ༦༩ སྤྱི་ལོ་ ༡༨༨༦ མེ་ཁྱི་ལོར་ མཁན་ཁྲིར་བཞུགས་བཞིན་དུ་ ཞིང་ཁམས་གཞན་ཁར་ཕེབས་ནུག།

རྗེ་མཁན་ཁྲི་རབས་ཞེ་གཉིས་པ།

༆   ཆོས་རྗེ་སྐུ་འཕྲེང་གསུམ་པ་ སྐྱབས་རྗེ་འཕྲིན་ལས་རྒྱལ་མཚན་མཆོག་ སྤུངས་ཐང་ཆ་འདུས་ ཨ་མོ་རི་མོའི་ གདུང་རབས་ལས་ སྤྱི་ལོ་ ༡༨༣༩ རབ་བྱུང་ ༡༤ པའི་ ས་ཕག་ལོར་ སྐུ་འཁྲུངས་ཡོདཔ་ད། ཕྱི་ནང་གི་ གསན་བསམ་ཅི་རིགས་དང་ སྨིན་གྲོལ་རྒྱབ་རྟེན་དང་བཅས་པའི་ གདམས་པ་གསན་སྒོམ་མཛད་དེ་ རྣལ་འབྱོར་དབང་ཕྱུག་ཆེན་པོར་གྱུར།

དགུང་གྲངས་ ༤༨ སྤྱི་ལོ་ ༡༨༨༦ རབ་བྱུང་ ༡༥ པའི་ མེ་ཁྱི་ལོར་ མཁན་ཁྲིར་བྱོན་ཞིནམ་ལས་ མི་ལོ་ ༢ ཀྱི་རིང་ བསྟན་པ་བསྐྱངས་ཏེ་ དགུང་ལོ་ ༥༠ སྤྱི་ལོ་ ༡༨༨༨ ས་བྱི་ལོར་ དགོངས་ཞུས་ཀྱིས་ གདན་སར་བྱོན་ཡོད་རུང་། རྗེ་མཁན་བསྟན་འཛིན་ལྷུན་གྲུབ་མཆོག་ མཁན་ཁྲིར་གཤགས་སོངཔ་ལས་ ལོག་སྟེ་རང་ མཁན་ཁྲི་ ༤༤ པར་ཕེབས་ཏེ་ བསྟན་པ་བསྐྱངས་གནང་ནུག།

རྗེ་མཁན་ཁྲི་རབས་ཞེ་གསུམ་པ།

༆   སྐྱབས་རྗེ་བསྟན་འཛིན་ལྷུན་གྲུབ་མཆོག་ ཁ་བཞིའི་ཡ་གྱལ་ ནུབ་དྷ་ལི་ཁར་ སྤྱི་ལོ་ ༡༨༣༨ རབ་བྱུང་ ༡༤ པའི་ ས་ཁྱི་ལོར་འཁྲུངས། གཞུང་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ ཐོས་བསམ་སྨིན་གྲོལ་བཅས་ ཆོས་ཚུལ་མང་རབས་ཅིག་ གསན་སྦྱོང་མཛད་དེ་ ལྔ་རིག་སྨྲ་བའི་ དབང་ཕྱུག་ལུ་གྱུར།

དགུང་གྲངས་ ༥༡ སྤྱི་ལོ་ ༡༨༨༨ རབ་བྱུང་ ༡༥ པའི་ ས་བྱི་ལོར་ དཔལ་ལྡན་འབྲུག་པའི་ མཁན་ཁྲིར་བྱོན་ཞིནམ་ལས་ སྐལ་ལྡན་འདུས་པའི་ཚོགས་ལུ་ འཆད་རྩོམ་གྱི་ ཟློས་གར་བསྒྱུར་བཞིན་དུ། དགུང་ལོ་ ༥༢ སྤྱི་ལོ་ ༡༨༨༩ ས་གླང་ལོར་ མཁན་ཁྲི་ཐོག་ཁར་ སྐུ་བདེ་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ཞེ་བཞི་པ།

༆   མཁན་ཁྲི་ ༤༢ པ་ ཆོས་རྗེ་གསུམ་པ་ སྐྱབས་རྗེ་འཕྲིན་ལས་རྒྱལ་མཚན་མཆོག་ དགུང་ལོ་ ༥༡ སྤྱི་ལོ་ ༡༨༨༩ རབ་བྱུང་ ༡༥ པའི་ ས་གླང་ལོར་ ད་རུང་ ལོག་སྟེ་རང་ གཞུང་དགེ་འདུག་གྲྭ་ཚང་གི་ མཁན་ཁྲི་ ༤༤ པར་ཕེབས་ཏེ་ ལོ་ངོ་ ༢ ཀྱི་རིང་ལུ་ བསྟན་པ་རྒྱས་པར་བསྐྱངས་ཏེ། དགུང་ལོ་ ༥༣ སྤྱི་ལོ་ ༡༨༩༡ ལྕགས་ཡོས་ལོར་ དགོངས་ཞུས་ཀྱིས་ གདན་སར་བྱོན་ཞིནམ་ལས་ གདུལ་བྱའི་ལྷག་མ་ཚུ་ བསྐྱངས་གནང་པའི་མཐར། དགུང་ལོ་ ༦༠ སྤྱི་ལོ་ ༡༨༩༨ ས་ཁྱི་ལོར་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ཞེ་ལྔ་པ།

༆   སྐྱབས་རྗེ་འཕྲིན་ལས་རྒྱ་མཚོ་མཆོག་ དབང་འདུས་ཕོ་བྲང་ཆ་འདུས་ ཤར་སྦེད་ནག་ལུ་ སྤྱི་ལོ་ ༡༨༤༤ རབ་བྱུང་ ༡༤ པའི་ ཤིང་འབྲུག་ལོར་འཁྲུངས། གཞུང་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ ཐོས་བསམ་དང་ སྨིན་གྲོལ་གདམས་པ་ གསན་སྒོམ་མཛད་དེ་ མཐུ་ཆེན་ཅན་ལུ་ གྱུར་སོང་ནུག།

དེ་ལས་ དགུང་གྲངས་ ༤༨ སྤྱི་ལོ་ ༡༨༩༡ རབ་བྱུང་ ༡༥ པའི་ ལྕགས་ཡོས་ལོར་ དགེ་འདུན་འདུས་པ་རྒྱ་མཚོའི་ མཁན་ཁྲིར་ཕེབས་ཏེ་ ལོ་ངོ་ ༣ གྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ བསྟན་པ་ཚུལ་བཞིན་དུ་ བསྐྱངས་གནང་པའི་མཐར། དགུང་ལོ་ ༥༡ སྤྱི་ལོ་ ༡༨༩༤ ཤིང་རྟ་ལོར་ འདུས་སྡེའི་མཁན་ཁྲིར་ བཞུགས་བཞིན་དུ་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ཞེ་དྲུག་པ།

༆   སྐྱབས་རྗེ་དམ་ཆོས་རྒྱལ་མཚན་མཆོག་ སྤ་རོ་ཆ་འདུས་ སྤངས་པའི་སར་ སྤྱི་ལོ་ ༡༨༤༦ རབ་བྱུང་ ༡༤ པའི་ མེ་རྟ་ལོར་ སྐུ་འཁྲུངས་ཡོདཔ་ད། ཆུང་ཀུའི་བསྒང་ལས་ གཞུང་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ ཐོས་བསམ་དང་ སྨིན་གྲོལ་ལ་སོགས་པ་ གསན་བཞེས་མཛད་དེ་ སྡོམ་བརྩོན་འདུལ་བ་འཛིན་པའི་ གཙུག་རྒྱན་ལུ་གྱུར།

དགུང་ལོ་ ༤༩ སྤྱི་ལོ་ ༡༨༩༤ རབ་བྱུང་ ༡༥ པའི་ ཤིང་རྟ་ལོར་ གཞུང་དགེ་འདུན་གྲྭ་ཚང་གི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༥ གི་རིང་ལུ་ དགེ་འདུན་འདུས་པའི་ ཚོགས་པ་བསྐྱངས་བཞིན་དུ། དགུང་ལོ་ ༥༤ སྤྱི་ལོ་ ༡༨༩༩ ས་ཕག་ལོར་ མཁན་ཁྲིའི་གུ་ བཞུགས་བཞིན་དུ་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ཞེ་བདུན་པ།

༆   སྐྱབས་རྗེ་ཤེས་རབ་ལྷུན་གྲུབ་མཆོག་ ཐིམ་ཕུ་ཆ་འོག་ ཅང་དགེ་བསྙེན་ལུ་ སྤྱི་ལོ་ ༡༨༤༢ རབ་བྱུང་ ༡༤ པའི་ ཆུ་སྟག་ལོར་འཁྲུངས། གཞུང་དགེ་འདུན་གྲྭ་ཚང་གི་ འདུས་སྡེར་ཞུགས་ཐོག་ལས་ ཐོས་བསམ་དང་ སྨིན་གྲོལ་གདམས་པ་ གསན་སྒོམ་མཛད་དེ་ རྡོ་རྗེ་ཕུར་པའི་རྣལ་འབྱོར་གྱི་ མཐུ་སྟོབས་ལུ་ རང་དབང་བརྙེས།

དགུང་གྲངས་ ༥༨ སྤྱི་ལོ་ ༡༨༩༩ རབ་བྱུང་ ༡༥ པའི་ ས་ཕག་ལོར་ གཞུང་དགེ་འདུན་འདུས་སྡེའི་ མཁན་ཁྲིར་ཕེབས་ཏེ་ ལོ་ངོ་ ༢ ཀྱི་རིང་ལུ་ བསྟན་པ་བསྐྱངས་ཞིནམ་ལས། དགུང་ལོ་ ༦༠ སྤྱི་ལོ་ ༡༩༠༡ ལྕགས་གླང་ལོར་ མཁན་ཁྲི་ལས་ དགོངས་ཞུས་ཀྱིས་ དབེན་པའི་གནས་ལུ་བྱོན་ཏེ་ དགུང་ལོ་ ༦༡ སྤྱི་ལོ་ ༡༩༠༢ ཆུ་སྟག་ལོར་ ཞིང་གཞན་ཁར་ཕེབས་ནུག།

རྗེ་མཁན་ཁྲི་རབས་ཞེ་བརྒྱད་པ།

༆   སྐྱབས་རྗེ་འཇམ་དབྱངས་རིན་ཆེན་མཆོག་ ཐིམ་ཕུ་རྟ་མགོ་དགོན་པར་ སྤྱི་ལོ་ ༡༨༤༥ རབ་བྱུང་ ༡༤ པའི་ ཤིང་སྦྲུལ་ལོར་འཁྲུངས། གཞོན་ནུའི་དུས་ལས་ གཞུང་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ ཐོས་བསམ་དང་ སྨིན་གྲོལ་གྱི་ གདམས་ངག་ཚུ་ལུ་ གསན་བསམ་མཛད་དེ་ མཁས་ཤིང་བཙུན་པའི་མཆོག་ཏུ་གྱུར།

དགུང་གྲངས་ ༥༧ སྤྱི་ལོ་ ༡༩༠༡ རབ་བྱུང་ ༡༥ པའི་ ལྕགས་གླང་ལོར་ དགེ་འདུན་འཕགས་ཚོགས་ཀྱི་ མཁན་ཁྲིར་ཕེབས་ཞིནམ་ལས་ མི་ལོ་ ༢ ཀྱི་རིང་ བསྟན་པ་བསྐྱངས་ཏེ་ དགུང་ལོ་ ༡༩༠༣ ཆུ་ཡོས་ལོར་ དབེན་པའི་གནས་ལུ་ བྱོན་པའི་མཐར། དགུང་ལོ་ ༦༡ བཞེས་པའི་ སྤྱི་ལོ་ ༡༩༠༥ ཤིང་སྦྲུལ་ལོར་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ཞེ་དགུ་པ།

༆   སྐྱབས་རྗེ་རིག་འཛིན་སྙིང་པོ་མཆོག་ ཧཱ་རྡོ་རི་ཁར་ སྤྱི་ལོ་ ༡༨༥༣ རབ་བྱུང་ ༡༤ པའི་ ཆུ་གླང་ལོར་ འཁྲུངས་ཡོདཔ་ད། སྐུ་ན་ཆུང་ཀུ་ལས་ གཞུང་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ ཐོས་བསམ་དང་ སྨིན་གྲོལ་གྱི་ མན་ངག་ག་ར་ གསན་བཞེས་ཀྱིས་ བསྐྱེད་རྫོགས་མཐར་ཕྱིན་མཛད།

དགུང་ལོ་ ༥༡ སྤྱི་ལོ་ ༡༩༠༣ རབ་བྱུང་ ༡༥ པའི་ ཆུ་ཡོས་ལོར་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་ཆེན་མོའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༤ གི་རིང་ལུ་ དཔལ་ལྡན་འབྲུག་པའི་ བསྟན་པ་བསྐྱངས་བཞིན་དུ། དགུང་ལོ་ ༥༥ སྤྱི་ལོ་ ༡༩༠༩ རབ་བྱུང་ ༡༥ པའི་ མེ་ལུག་ལོར་ མཁན་ཁྲི་གུ་ བཞུགས་བཞིན་དུ་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ལྔ་བཅུ་པ།

༆   སྐྱབས་རྗེ་འཇམ་དཔལ་བཤེས་གཉེན་མཆོག་ ཐིམ་ཕུ་ཅང་དགེ་བསྙེན་ལུ་ སྤྱི་ལོ་ ༡༨༦༡ རབ་བྱུང་ ༡༤ པའི་ ལྕགས་བྱ་ལོར་འཁྲུངས། སྐུ་ན་ཆུང་ཀུའི་བསྒང་ལས་ དགེ་འདུན་འདུས་པའི་ གྲྭ་སྡེར་འཛུལ་ཞུགས་ཐོག་ལུ་ མཐུན་མོང་གི་ ཤེས་བྱ་དང་ མཐུན་མིན་གྱི་ སྨིན་གྲོལ་གདམས་ངག་ གསན་བཞེས་མཛད་དེ་ རང་དབང་བརྙེས།

དགུང་གྲངས་ ༤༧ སྤྱི་ལོ་ ༡༩༠༧ རབ་བྱུང་ ༡༥ པའི་ མེ་ལུག་ལོར་ དགེ་འདུན་འདུས་པ་རྒྱ་མཚོའི་ མཁན་ཁྲིར་ཕེབས་ཞིནམ་ལས་ ལོ་ངོ་ ༢ ཀྱི་རིང་ལུ་ བསྟན་པ་བསྐྱངས་ཏེ། དགུང་ལོ་ ༤༩ སྤྱི་ལོ་ ༡༩༠༩ རབ་བྱུང་ ༡༥ པའི་ ས་བྱ་ལོར་ མཁན་ཁྲི་ལས་ དགོངས་ཞུས་ཀྱིས་ སྤུངས་ཐང་ན་ལཎྜར་ བཞུགས་པའི་མཐར། དགུང་ལོ་ ༥༦ སྤྱི་ལོ་ ༡༩༡༦ མེ་འབྲུག་ལོར་ ཞིང་ཁམས་གཞན་ཁར་ཕེབས་ནུག།

རྗེ་མཁན་ཁྲི་རབས་ང་གཅིག་པ།

༆   སྐྱབས་རྗེ་བྱམས་པའི་སྟོབས་བཟང་མཆོག་ སྤྱི་ལོ་ ༡༨༥༡ རབ་བྱུང་ ༡༤ པའི་ ལྕགས་ཕག་ལོར་ དབང་རྫོང་ཆ་འདུས་ དགའ་སེ་དགོན་གསར་ལུ་འཁྲུངས། སྐུ་ན་ཆུང་ཀུ་ལས་ འཕགས་པའི་དགེ་འདུན་འདུས་སྡེར་ འཛུལ་ཞུགས་ཐོག་ལས་ ཐོས་བསམ་དང་ སྨིན་གྲོལ་གྱི་རིམ་པ་ གསན་བསམ་མཛད་དེ་ སྲུང་མ་བྲན་དུ་ཁོལ་བའི་ སྐྱེས་བུ་དམ་པར་གྱུར།

དགུང་གྲངས་ ༥༩ སྤྱི་ལོ་ ༡༩༠༩ རབ་བྱུང་ ༡༥ པའི་ ས་བྱ་ལོར་ དགེ་འདུན་འདུས་པའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༣ གྱི་རིང་ལུ་ བསྟན་པ་བསྐྱངས་ཏེ་ དགུང་ལོ་ ༦༢ སྤྱི་ལོ་ ༡༩༡༢ ལྕགས་བྱི་ལོར་ དབེན་པའི་གནས་ལུ་ བྱོན་ཡོདཔ་ད། དགུང་ལོ་ ༦༦ སྤྱི་ལོ་ ༡༩༡༦ མེ་འབྲུག་ལོར་ བདེ་ཆེན་ཞིང་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་ང་གཉིས་པ།

༆   སྐྱབས་རྗེ་དཔལ་ལྡན་སེངྒེ་མཆོག་ ཐིམ་ཕུ་ཅང་ཨོ་ལ་ཁར་ སྤྱི་ལོ་ ༡༨༥༧ རབ་བྱུང་ ༡༤ པའི་ མེ་སྦྲུལ་ལོར་འཁྲུངས། གཞུང་དགེ་འདུན་འདུས་པའི་གྲྭ་སྡེར་ འཛུལ་ཞུགས་ཐོག་ལུ་ ཐོས་བསམ་དང་ སྨིན་གྲོལ་གྱི་ གདམས་ངག་གསན་བཞེས་ཀྱིས་ རྟོགས་པ་འཁྲུངས་ཏེ་ འཁྲུལ་སྣང་བཟུང་འཛིན་གྱི་ རྒྱ་མདུད་གྲོལ།

དགུང་ལོ་ ༥༦ སྤྱི་ལོ་ ༡༩༡༢ རབ་བྱུང་ ༡༥ པའི་ ཆུ་བྱི་ལོར་ འཕགས་ཚོགས་འདུས་སྡེའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༣ གྱི་རིང་ལུ་ བསྟན་པ་བསྐྱངས་ཞིནམ་ལས། དགུང་ལོ་ ༥༩ སྤྱི་ལོ་ ༡༩༡༥ ཤིང་ཡོས་ལོར་ དགོངས་ཞུས་མཛད་ཡོད་རུང་ མཁན་ཁྲི་ ༥༥ པའི་ ཁྲི་ཐོག་ཁར་ ལོག་བྱོན་ནུག།

རྗེ་མཁན་ཁྲི་རབས་ང་གསུམ་པ།

༆   ཞབས་དྲུང་གསུང་སྤྲུལ་ལྔ་པ་ སྐྱབས་རྗེ་ཡེ་ཤེས་དངོས་གྲུབ་མཆོག་ བུམ་ཐང་སྟངས་ལུ་ སྤྱི་ལོ་ ༡༨༥༡ རབ་བྱུང་ ༡༤ པའི་ ལྕགས་ཕག་ལོར་ སྐུ་འཁྲུངས་ཡོདཔ་ད། མདོ་སྔགས་རིག་གནས་དང་ སྨིན་གྲོལ་གདམས་པའི་ གནད་བཅུད་སྨིན་པར་མཛད་དེ། གསང་ཆེན་ཆོས་འཁོར་གྱི་ གདན་སར་བཞུགས་བཞིན་དུ་ དཔལ་ལྡན་འབྲུག་པའི་ཟབ་ཁྲིད་ ལན་ཐེངས་ ༡༣ ཙམ་གྱིས་ གདུལ་བྱ་བསྐྱངས་གནང་ནུག།

དགུང་ལོ་ ༥༣ སྤྱི་ལོ་ ༡༩༠༣ རབ་བྱུང་ ༡༥ པའི་ ཆུ་ཡོས་ལོར་ དཔལ་ལྡན་འབྲུག་པའི་ སྡེ་ཁྲིར་བྱོན་ཏེ་ དགུང་ལོ་ ༥༦ ཚུན་ བཞུགས་ཡོདཔ་ད། དགུང་ལོ་ ༦༥ སྤྱི་ལོ་ ༡༩༡༥ རབ་བྱུང་ ༡༥ པའི་ ཤིང་ཡོས་ལོར་ དགེ་འདུན་འདུས་པ་རྒྱ་མཚོའི་ མཁན་ཁྲིར་ཕེབས་ཏེ་ ལོ་ངོ་ ༢ ཀྱི་རིང་ལུ་ དཔལ་ལྡན་འབྲུག་པའི་ བསྟན་པ་བསྐྱངས་བཞིན་དུ་ དགུང་ལོ་ ༦༧ སྤྱི་ལོ་ ༡༩༡༧ མེ་སྦྲུལ་ལོར་ མཁན་ཁྲི་ཐོག་ཁར་ བཞུགས་བཞིན་དུ་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ང་བཞི་པ།

༆   སྐྱབས་རྗེ་ཡེ་ཤེས་ཟླ་བ་མཆོག་ སྤྱི་ལོ་ ༡༨༦༦ རབ་བྱུང་ ༡༤ པའི་ མེ་སྟག་ལོར་ སྤུངས་ཐང་ཆ་འདུས་ གཡུས་སྟོད་པ་ལྟོ་ཁར་འཁྲུངས། གཞུང་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ ཐོས་བསམ་དང་ སྨིན་གྲོལ་གདམས་ངག་ གསན་སྒོམ་མཛད་དེ་ རྡོ་རྗེ་འཛིན་པར་གྱུར།

དགུང་ལོ་ ༥༢ སྤྱི་ལོ་ ༡༩༡༧ རབ་བྱུང་ ༡༥ པའི་ མེ་སྦྲུལ་ལོར་ འཕགས་ཚོགས་དགེ་འདུན་འདུས་པའི་ མཁན་ཁྲིར་བྱོན་ཏེ་ མི་ལོ་ ༡ གི་རིང་ བསྟན་པ་བསྐྱངས་འཕྲོར། དགུང་ལོ་ ༥༣ སྤྱི་ལོ་ ༡༩༡༨ ས་རྟ་ལོར་ མཁན་ཁྲི་ཐོག་ཁར་ བཞུགས་བཞིན་དུ་ སྐུ་ཞིབར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ང་ལྔ་པ།

༆   མཁན་ཁྲི་ ༥༢ པ་ སྐྱབས་རྗེ་དཔལ་ལྡན་སེངྒེ་མཆོག་ དགུང་ལོ་ ༦༢ སྤྱི་ལོ་ ༡༩༡༨ རབ་བྱུང་ ༡༥ པའི་ ས་རྟ་ལོར་ ལོག་སྟེ་རང་ དཔལ་ལྡན་འབྲུག་པའི་ མཁན་ཁྲིར་ཕེབས་ཏེ་ ལོ་ངོ་ ༡ དེ་ཅིག་ བསྟན་པ་བསྐྱངས་ཞིནམ་ལས། ཧུང་ཚོ་བཀྲ་ཤིས་སྒང་གི་ གཟིམ་ཅུང་ནང་ དགུང་ལོ་ ༦༥ སྤྱི་ལོ་ ༡༩༢༡ ལྕགས་བྱ་ལོར་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ང་དྲུག་པ།

༆   སྐྱབས་རྗེ་མི་ཕམ་དབང་པོ་མཆོག་ སྤ་རོ་ཧཱུྃ་རལ་གདུང་བརྒྱུད་ལུ་ སྤྱི་ལོ་ ༡༨༦༤ རབ་བྱུང་ ༡༤ པའི་ ཤིང་བྱི་ལོར་འཁྲུངས་ཏེ། སྐུ་ན་ཆུང་ཀུའི་བསྒང་ལས་ གཞུང་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ སྨིན་གྲོལ་ཅི་རིགས་ གསན་བཞེས་མཛད་པའི་ཁར། གཞུང་ཆེན་ཚུ་ལུ་ཡང་ ཐོས་བསམ་མཛད་དེ་ དགག་སྒྲུབ་སྨྲ་བའི་ དབང་ཕྱུག་ལུ་ གྱུར་བའི་ཤུལ་ལུ། གཞུང་དགེ་འདུན་འདུས་སྡེར་ མཚན་ཉིད་སློབ་དཔོན་མཛད་ནུག།

དགུང་ལོ་ ༥༦ སྤྱི་ལོ་ ༡༩༡༩ རབ་བྱུང་ ༡༥ པའི་ ས་ལུག་ལོར་ དགེ་འདུན་འདུས་སྡེའི་ མཁན་ཁྲིར་ཕེབས་ཞིནམ་ལས་ མི་ལོ་ ༣ ཀྱི་རིང་ལུ་ དགེ་འདུན་འདུས་པའི་འཕགས་ཚོགས་ ལེགས་པར་བསྐྱངས་ཏེ། དགུང་ལོ་ ༥༩ སྤྱི་ལོ་ ༡༩༢༢ ཆུ་ཁྱི་ལོར་ དགོངས་ཞུས་མཛད་དེ་ ཆུ་མོ་ཕུག་ལ་སོགས་པའི་ དབེན་པའི་གནས་ཚུ་ལུ་ བཞུགས་པའི་མཐར། དགུང་ལོ་ ༦༡ སྤྱི་ལོ་ ༡༩༢༤ ཤིང་བྱི་ལོར་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ང་བདུན་པ།

༆   སྐྱབས་རྗེ་ངག་དབང་རྒྱལ་མཚན་མཆོག་ སྤྱི་ལོ་ ༡༨༦༥ རབ་བྱུང་ ༡༤ པའི་ ས་གླང་ལོར་ དབང་རྫོང་ཆ་འོག་ ཤར་རུད་པ་ཚང་མལ་ལུ་འཁྲུངས། གཞུང་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ སྨིན་གྲོལ་ལམ་གྱི་ ཁྲིད་རིམ་དང་ གཞུང་ཆེན་ཚུ་ གསན་བཞེས་ཀྱིས་ མཁས་པའི་དབང་པོར་གྱུར་ཏེ། རིམ་པ་བཞིན་དུ་ གཞུང་འཕགས་པའི་དགེ་འདུན་གྱི་ མཚན་ཉིད་སློབ་དཔོན་མཛད་ནུག།

དགུང་གྲངས་ ༥༨ སྤྱི་ལོ་ ༡༩༢༢ རབ་བྱུང་ ༡༥ པའི་ ཆུ་ཁྱི་ལོར་ འཕགས་ཚོགས་འདུས་སྡེའི་ མཁན་ཁྲིར་ཕེབས་ཡོདཔ་བཞིན་དུ་ མི་ལོ་ ༥ གི་རིང་ལུ་ བསྟན་པ་བསྐྱངས་ཏེ། དགུང་ལོ་ ༦༣ སྤྱི་ལོ་ ༡༩༢༧ མེ་ཡོས་ མཁན་ཁྲི་ལས་ དགོངས་ཞུས་ཀྱིས་ རིན་སྤུངས་སྤྱི་བླ་ ཚེ་རིང་དཔལ་འབྱོར་གྱི་དབུ་བླར་ ཀུན་དགའ་ཆོས་གླིང་ལུ་ ཡུན་རིང་བཞུགས་པའི་མཐར། དགུང་ལོ་ ༧༥ སྤྱི་ལོ་ ༡༩༣༩ བར་བྱུང་ ༡༦ པའི་ ས་ཡོས་ལོར་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་ང་བརྒྱད་པ།

༆   སྐྱབས་རྗེ་སྲིད་ཞི་རྣམ་རྒྱལ་མཆོག་ ཐིམ་ཕུ་ཆ་འདུས་ ཅང་དགེ་བསྙེན་ལུ་ སྤྱི་ལོ་ ༡༨༧༥ རབ་བྱུང་ ༡༥ པའི་ ཤིང་ཕག་ལོར་ སྐུ་འཁྲུངས་ཏེ། འདུས་སྡེར་ཞུགས་ཞིནམ་ལས་ སྨིན་གྲོལ་གྱི་ ལམ་ཁྲིད་དང་ གཞུང་ཆེན་ཚུ་ལུ་ རིམ་པ་བཞིན་དུ་ གསན་སྦྱངས་མཛད་དེ་ ལེགས་བཤད་སྨྲ་བའི་ དབང་ཕྱུག་ཆེན་མོར་གྱུར། དེ་ལས་ གཞུང་དགེ་འདུན་གྲྭ་ཚང་ནང་ རྡོ་རྗེ་སློབ་དཔོན་མཛད་ནུག།

དགུང་ལོ་ ༥༣ སྤྱི་ལོ་ ༡༩༢༧ རབ་བྱུང་ ༡༦ པའི་ མེ་ཡོས་ལོར་ གཞུང་དགེ་འདུན་གྲྭ་ཚང་གི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༤ གི་རིང་ལུ་ མཁས་བཙུན་བཟང་གསུམ་གྱི་སྒོ་ལས་ བསྟན་པ་བསྐྱངས་ཏེ། དགུང་ལོ་ ༥༧ སྤྱི་ལོ་ ༡༩༣༡ ལྕགས་ལུག་ལོར་ དབེན་པའི་གནས་ལུ་ བྱོན་པའི་མཐར། དགུང་ལོ་ ༦༡ སྤྱི་ལོ་ ༡༩༣༥ རབ་བྱུང་ ༡༦ པའི་ ཤིང་ཕག་ལོར་ བདེ་ཆེན་ཞིང་ཁམས་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་ང་དགུ་པ།

༆   སྐྱབས་རྗེ་ཆོས་ཀྱི་དབང་ཕྱུག་མཆོག་ སྤྱི་ལོ་ ༡༨༦༠ རབ་བྱུང་ ༡༤ པའི་ ལྕགས་སྤྲེལ་ལོར་ དབང་འདུས་ཕོ་བྲང་ཆ་འོག་ ཤར་ཀ་གཞི་ལུང་ཆེན་ལུ་ སྐུ་འཁྲུངས་ཏེ། དགེ་འདུན་འདུས་སྡེར་ཞུགས་ཐོག་ལས་ ཐོས་བསམ་དང་ སྨིན་གྲོལ་གྱི་ གདམས་ངག་ཚུ་ གསན་བཞེས་མཛད་དེ། དབང་རྫོང་རབ་སྡེའི་ གནས་བརྟན་དང་ གཞུང་ཕགས་པའི་དགེ་འདུན་གྱི་ རྡོ་རྗེ་སློབ་དཔོན་ཚུ་ རིམ་པ་བཞིན་དུ་མཛད་ནུག།

དགུང་ལོ་ ༧༢ སྤྱི་ལོ་ ༡༩༣༡ རབ་བྱུང་ ༡༦ པའི་ ལྕགས་ལུག་ལོར་ གཞུང་དགེ་འདུན་འདུས་སྡེའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༩ གི་རིང་ལུ་ བསྟན་པ་ཡར་ངོའི་ཟླ་ལྟར་ བསྐྱངས་གནང་པའི་མཐར། དགུང་ལོ་ ༨༡ བཞེས་པའི་ སྤྱི་ལོ་ ༡༩༤༠ ལྕགས་འབྲུག་ལོར་ མཁན་ཁྲིར་བཞུགས་བཞིན་དུ་ དགོངས་པ་ཆོས་དབྱིངས་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་དྲུག་ཅུ་པ།

༆   ཆོས་རྗེ་སྐུ་ཕྲེང་བཞི་པ་ སྐྱབས་རྗེ་ངག་དབང་འཕྲིན་ལས་མཆོག་ སྤྱི་ལོ་ ༡༩༡༦ རབ་བྱུང་ ༡༥ པའི་ མེ་འབྲུག་ལོར་ སྤུངས་ཐང་ཆ་འདུས་ ཨ་མོ་རི་མུ་ བྱམས་མགོན་བླ་མའི་ གདུང་བརྒྱུད་ལས་འཁྲུངས་ཏེ། རིག་གཞུང་ལུ་ གསན་སྦྱོང་དང་ སྨིན་གྲོལ་གྱི་ གདམས་ངག་ཚུ་ གསན་བཞེས་ཐོག་ལས་ སྒྲུབ་པ་བརྙེས་ཏེ་ རང་བྱུང་གི་ ཡེ་ཤེས་མངོན་པར་གཟིགས།

དགུང་ལོ་ ༢༥ སྤྱི་ལོ་ ༡༩༤༠ རབ་བྱུང་ ༡༦ པའི་ ལྕགས་འབྲུག་ལོར་ འཕགས་ཚོགས་དགེ་འདུན་འདུས་སྡེའི་ མཁན་ཁྲིར་ཕེབས་ཞིནམ་ལས་ མི་ལོ་ ༦ གི་རིང་ལུ་ བསྟན་པ་ཚུལ་བཞིན་བསྐྱངས་ཏེ། སྤྱི་ལོ་ ༡༩༤༦ མེ་ཁྱི་ལོར་ མཁན་ཁྲི་ལས་ དགོངས་ཞུས་ཀྱིས་ གསང་གསུམ་ནོར་བུའི་ ཆོས་སྡོང་ལྷར་བཅས་ འགྲོ་བའི་གཙུག་རྒྱན་དུ་ བཞུགས་པའི་མཐར། དགུང་ལོ་ ༣༥ སྤྱི་ལོ་ ༡༩༥༠ མེ་སྟག་ལོར་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་རེ་གཅིག་པ།

༆   སྐྱབས་རྗེ་བསམ་གཏན་རྒྱ་མཚོ་མཆོག་ རིན་སྤུངས་ཆ་འདུས་ རྒྱ་བར་ཚེ་བྲག་དགོན་པར་ སྤྱི་ལོ་ ༡༨༨༣ རབ་བྱུང་ ༡༥ པའི་ ཆུ་ལུག་ལོར་འཁྲུངས། སྐུ་ན་ཆུང་ཀུའི་བསྒང་ལས་ གཞུང་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ སྨིན་གྲོལ་ཁྲིད་རིམ་དང་ གཞུང་ཆེན་ཚུ་ལུ་ གསན་བཞེས་མཛད་དེ། རིམ་པ་བཞིན་དུ་ གཞུང་དགེ་འདུན་འདུས་པའི་ དབྱངས་པའི་སློབ་དཔོན་དང་ རྡོ་རྗེ་སློབ་དཔོན་གྱི་ གོ་གནས་བཞེས་ནུག།

དགུང་ལོ་ ༦༤ སྤྱི་ལོ་ ༡༩༤༦ རབ་བྱུང་ ༡༦ པའི་ མེ་ཁྱི་ལོར་ དགེ་འདུན་འདུས་པའི་ མཁན་ཁྲིར་ཕེབསཏེ་ མི་ལོ་ ༩ གི་རིང་ལུ་ བསྟན་པ་དར་རྒྱས་སུ་ མཛད་པའི་མཐར། དགུང་ལོ་ ༡༩༥༥ ཤིང་ལུག་ལོར་ མཁན་ཁྲི་ལས་ དགོངས་ཞུས་བྱོན་ཏེ། དགུང་ལོ་ ༧༤ མེ་སྤྲེལ་ལོར་ བདེ་ཆེན་ཞིང་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་རེ་གཉིས་པ།

༆   སྐྱབས་རྗེ་ཡོད་ཏན་བརྩོན་འགྲུས་མཆོག་ སྤྱི་ལོ་ ༡༨༩༡ རབ་བྱུང་ ༡༥ པའི་ ལྕགས་ཡོས་ལོར་ དབང་རྫོང་ཆ་འདུས་ ཤར་ཕང་ཡེ་གྱང་བར་མར་ འཁྲུངས་ཡོདཔ་ད་། སྐུ་གཞོན་ནུའི་དུས་ལས་ གཞུང་གྲྭ་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ སྨིན་གྲོལ་ཅི་རིགས་དང་ ཟབ་ཁྲིད་ཉམས་བཞེས་མཛད་ནུག།

དགུང་གྲངས་ ༦༥ རབ་བྱུང་ ༡༦ པའི་ སྤྱི་ལོ་ ༡༩༥༥ ཤིང་ལུག་ལོར་ འཕགས་ཚོགས་དགེ་འདུན་འདུས་པའི་ མཁན་ཁྲིར་ཕེབས་ཡོད་རུང་ བསྟན་པ་རྒྱ་ཆེར་ སྤེལ་གནང་མ་ཚུགས་པར། དགུང་ལོ་ ༦༦ སྤྱི་ལོ་ ༡༩༥༦ མེ་སྤྲེལ་ལོར་ མཁན་ཁྲིར་བཞུགས་བཞིན་དུ་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་རེ་གསུམ་པ།

༆   སྐྱབས་རྗེ་འཕྲིན་ལས་ལྷུན་གྲུབ་མཆོག་ སྤུངས་ཐང་ཆ་འདུས་ ཐེད་གཞུང་ནོར་སྒང་ལུ་ སྤྱི་ལོ་ ༡༨༩༧ རབ་བྱུང་ ༡༥ པའི་ མེ་བྱ་ལོར་ འཁྲུངས་ཡོདཔ་ད། སྐུ་ན་ཆུང་ཀུ་ལས་ དགེ་འདུན་འདུས་པའི་ གྲྭ་སྡེར་ཞུགས་ཏེ་ སྨི་གྲོལ་གྱི་ ཁྲིད་རིམ་དང་ བཀའ་གདམས་ཆོས་ཀྱི་སྐོར་ལས་ གསན་བཞེས་ཀྱིས་ བྱུང་ཆུབ་ཀྱི་སེམས་འཁྲུངས། དེ་ལས་ གཞུང་དགེ་འདུན་གྲྭ་ཚང་གི་ མཚན་ཉིད་སློབ་དཔོན་མཛད་ནུག།

དགུང་གྲངས་ ༦༠ སྤྱི་ལོ་ ༡༩༥༦ རབ་བྱུང་ ༡༦ པའི་ མེ་སྤྲེལ་ལོར་ དཔལ་ལྡན་འབྲུག་པའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༥ གི་རིང་ལུ་ ལྷ་ཁང་དགོན་སྡེ་དང་ སྐུ་གསུང་ཐུགས་རྟེན་ མང་རབས་ཅིག་ ཉམས་གསོ་དང་ གསར་བཞེངས་ལ་སོགས་པའི་ བསྟན་པ་ཚུལ་བཞིན་བསྐྱངས་ཏེ། དགུང་ལོ་ ༦༥ སྤྱི་ལོ་ ༡༩༦༡ ལྕགས་གླང་ལོར་ མཁན་ཁྲི་བཤོལ་ཏེ་ དབེན་པའི་གནས་ལུ་ ཕེབས་པའི་ཤུལ་ལས། དགུང་ལོ་ ༧༨ སྤྱི་ལོ་ ༡༩༧༥ ཤིང་ཡོས་ལོར་ དགོངས་པ་ཆོས་དབྱིངས་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་རེ་བཞི་པ།

༆   སྐྱབས་རྗེ་བསམ་གཏན་དཔལ་བཟང་མཆོག་ སྤ་རོ་ཆ་འདུས་ སྤངས་དགོན་ལུ་ སྤྱི་ལོ་ ༡༩༠༡ རབ་བྱུང་ ༡༥ པའི་ ལྕགས་གླང་ལོར་ འཁྲུངས་པའི་ཤུལ་ལུ། སྤུངས་ཐིམ་དགེ་འདུན་གྲྭ་ཚང་ནང་ སྨི་གྲོལ་གྱི་ གདམས་ངག་ཚུ་ གསན་བཞེས་མཛད་ཞིནམ་ལས། གྲྭ་ཚང་དབུ་མཛད་དང་ དབྱངས་པའི་སློབ་དཔོན་ རྡོ་རྗེ་སློབ་དཔོན་ཚུ་ རིམ་པ་བཞིན་དུ་མཛད་ནུག།

དགུང་ལོ་ ༦༡ སྤྱི་ལོ་ ༡༩༦༡ རབ་བྱུང་ ༡༦ པའི་ ལྕགས་གླང་ལོར་ དགེ་འདུན་འཕགས་ཚོགས་ཀྱི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༤ གི་རིང་ལུ་ དཔལ་ལྡན་འབྲུག་པའི་ བསྟན་པ་རིན་པོ་ཆེ་ བསྐྱངས་གནང་པའི་མཐར། དགུང་ལོ་ ༦༥ སྤྱི་ལོ་ ༡༩༦༥ ཤིང་སྦྲུལ་ལོར་ མཁན་ཁྲིར་བཞུགས་བཞིན་དུ་ སྐུ་ཞི་བར་གཤེགས་ནུག།

རྗེ་མཁན་ཁྲི་རབས་རེ་ལྔ་པ།

༆   སྐྱབས་རྗེ་ཡེ་ཤེས་སེངྒེ་མཆོག་ དབང་རྫོང་ཆ་འོག་ ཤར་རྩིབས་ལོགས་རྡོར་གླིང་གི་ གདུང་བརྒྱུད་ལས་ སྤྱི་ལོ་ ༡༩༠༦ རབ་བྱུང་ ༡༥ པའི་ མེ་རྟ་ལོར་འཁྲུངས། གཞུང་དགེ་འདུན་འདུས་སྡེར་ འཛུལ་ཞུགས་ཀྱིས་ སྨིན་གྲོལ་དང་། མདོ་སྔགས་རིག་གནས། གསང་སྔགས་གསར་རྙིང་གི་ གདམས་ངག་ཚུ་ གསན་སྒོམ་མཛད་དེ་ བསྟན་པའི་བདག་པོར་གྱུར། དེ་ལས་ གཞུང་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཛད་ནུག།

དགུང་ལོ་ ༦༠ སྤྱི་ལོ་ ༡༩༦༥ རབ་བྱུང་ ༡༦ པའི་ ཤིང་སྦྲུལ་ལོར་ འཕགས་ཚོགས་འདུས་པའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༣ གྱི་རིང་ལུ་ བསྟན་དོན་རླབས་ཆེན་མཛད་དེ་ བཞུགས་པའི་སྐབས་ལུ། སྤྱི་ལོ་ ༡༩༦༦ མེ་རྟ་ལོར་ རྟ་མགོ་ཆོས་དབྱིངས་རྫོང་ནང་ སྒྲུབ་སྡེ་དང་པ་ འགོ་བཙུགས་གནང་ཡོདཔ་མ་ཚད། གཞལམ་སྒང་དང་ མོང་སྒར་ ༢ ལུ་ཡང་ གྲྭ་ཚང་གསར་བཙུགས་གནང་སྟེ། དགུང་ལོ་ ༦༣ ལུ་ མཁན་ཁྲི་ལས་ དབེན་གནས་ལུ་ བྱོན་པའི་མཐར། དགུང་ལོ་ ༦༤ སྤྱི་ལོ་ ༡༩༦༩ ས་བྱ་ལོར་ སྐུ་ཆོས་ཀྱི་དབྱིངས་ལུ་ བསྡུ་བར་མཛད་ནུག།

རྗེ་མཁན་ཁྲི་རབས་རེ་དྲུག་པ།

༆   སྐྱབས་རྗེ་ཡོན་ཏན་མཐར་ཕྱིན་མཆོག་ རིན་སྤུངས་ཆ་འདུས་ རྡོ་མཆོད་རྟེན་དགོན་པར་ སྤྱི་ལོ་ ༡༩༠༦ རབ་བྱུང་ ༡༥ པའི་ མེ་རྟ་ལོར་འཁྲུངས། དགུང་ལོ་ ༥ ལས་ གཞུང་དགེ་འདུན་འདུས་སྡེར་ འཛུལ་ཞུགས་ཀྱིས་ དཀྱིལ་ཆོག་གི་སྐོར་དང་ རིག་གཞུང་ སྨིན་གྲོལ་གདམས་ངག་ཚུ་ གསན་བསམ་མཛད་དེ། རྟ་མགོ་བླ་མའི་ གོ་གནས་ཐོག་ ཡེ་ཤེས་མགོན་པོའི་ བསྙེན་སྒྲུབ་གནང་པའི་སྐབས་ལུ་ ཞལ་གཟིགས་མངོན་སུམ་དུ་གཟིགས། དེ་ལས་ གཞུང་དགེ་འདུན་གྲྭ་ཚང་ནང་ རྡོ་རྗེ་སློབ་དཔོན་གྱི་ གོ་གནས་ལུ་བྱོན་ནུག།

དགུང་ལོ་ ༦༤ སྤྱི་ལོ་ ༡༩༦༨ རབ་བྱུང་ ༡༦ པའི་ ས་སྤྲེལ་ལོར་ གཞུང་དགེ་འདུན་འདུས་པའི་ མཁན་ཁྲིར་ཕེབསཏེ་ མི་ལོ་ ༢ ཀྱི་རིང་ལུ་ བསྟན་པ་ཚུལ་བཞིན་བསྐྱངས་ཏེ། དགུང་ལོ་ ༦༦ སྤྱི་ལོ་ ༡༩༧༠ ལྕགས་ཁྱི་ལོར་ དགོངས་ཞུས་མཛད་ཞིནམ་ལས་ རྡོ་མཆོད་རྟེན་དགོན་པར་ ཚེ་དང་སྒྲུབ་པ་མཉམ་སྟེ་ བཞུགས་པའི་མཐར། དགུང་ལོ་ ༦༨ སྤྱི་ལོ་ ༡༩༧༣ ཆུ་གླང་ལོར་ དགོངས་པ་ཆོས་དབྱིངས་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་རེ་བདུན་པ།

༆   ཉི་ཟེར་སྤྲུལ་སྐུ་ སྐྱབས་རྗེ་འཕྲིན་ལས་ལྷུན་གྲུབ་མཆོག་ ཀྲོང་གསར་ཆ་འདུས་ ཉ་ལ་དགོན་པར་ སྤྱི་ལོ་ ༡༩༢༡ རབ་བྱུང་ ༡༥ པའི་ ལྕགས་བྱ་ལོར་འཁྲུངས། སྐུ་ན་ཆུང་ཀུ་ལས་ འཕགས་ཚོགས་དགེ་འདུན་འདུས་སྡེར་ཞུགས་ཏེ་ རིག་གཞུང་དང་ སྨིན་གྲོལ་གྱི་ གདམས་ངག་ཚུ་ རིམ་པ་བཞིན་དུ་ གསན་བཞེས་མཛད་དེ་ རྩ་རླུང་དང་ ཕྱག་རྒྱ་ཆེན་པོར་ རང་དབང་བརྙེས། དེ་ལས་ གཞུང་དགེ་འདུན་གྲྭ་ཚང་ནང་ སྒྲ་པའི་སློབ་དཔོན་དང་ རྡོ་རྗེ་སློབ་དཔོན་མཛད་ནུག།

དགུང་ལོ་ ༤༩ སྤྱི་ལོ་ ༡༩༧༠ རབ་བྱུང་ ༡༦ པའི་ ལྕགས་ཁྱི་ལོར་ གཞུང་དགེ་འདུན་གྲྭ་ཚང་གི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༡༦ གི་རིང་ལུ་ དཔལ་ལྡན་འབྲུག་པའི་ བཀའ་ཁྲིད་ལན་ཐེངས་ ༣ དེ་ཅིག་ གནང་པའི་ཁར་ སྒྲིག་ལམ་ཆོས་ ༣ ཡང་ ཚུལ་བཞིན་དུ་ བསྐྱངས་གནང་སྟེ། དགུང་ལོ་ ༦༥ སྤྱི་ལོ་ ༡༩༨༦ མེ་སྟག་ལོར་ མཁན་ཁྲི་ལས་ དགོངས་ཞུས་མཛད་དེ་ ཉི་ཟེར་སྒང་གི་ གདན་ས་ཕན་ཚུན་གཉིས་ཀྱི་ནང་ བཞུགས་བཞིན་དུ་ དད་ཅན་མང་རབས་ཅིག་ དབང་ལུང་ཁྲིད་གསུམ་གྱིས་ ཚིམས་པར་མཛད་པའི་མཐར། དགུང་ལོ་ ༨༥ སྤྱི་ལོ་ ༢༠༠༥ རབ་བྱུང་ ༡༦ པའི་ ཤིང་བྱ་ལོར་ དགོངས་པ་ཆོས་དབྱིངས་ལུ་ཕེབས་ནུག།

རྗེ་མཁན་ཁྲི་རབས་རེ་བརྒྱད་པ།

༆   སྐྱབས་རྗེ་བསྟན་འཛིན་དོན་གྲུབ་མཆོག་ དབང་འདུས་ཕོ་བྲང་ཆ་འོག་ ཤར་ཕ་ལྡིང་ཁར་ སྤྱི་ལོ་ ༡༩༢༥ རབ་བྱུང་ ༡༥ པའི་ ཤིང་གླང་ལོར་འཁྲུངས། དགུང་ལོ་ ༧ ལས་ གཞུང་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་མཛད་དེ་ དཔལ་ལྡན་འབྲུག་པའི་ གདམས་ངག་སྡོང་གསུམ་གྱི་ དབང་ལུང་དང་ མན་ངག་ཡོངས་རྫོགས་ གསན་བཞེས་མཛད་ཡོདཔ་མ་ཚད། བོད་འབྲུག་གི་ མཁས་དབང་དམ་པ་ཚུ་ལས་ རིག་གཞུང་དང་། བླ་སྤྲུལ་མང་རབས་ཅིག་ལས་ དཀར་རྙིང་ཟུང་དུ་འབྲེལ་བའི་ མཐུན་མོང་དང་ མཐུན་མིན་སྨིན་གྲོལ་གྱི་ གདམས་ངག་ཡོངས་རྫོགས་བཞེས་ཏེ་ མཁས་སྒྲུབ་ཀྱི་ བདག་ཉིད་ལུ་གྱུར།

དགུང་ལོ ༦༡ སྤྱི་ལོ་ ༡༩༨༥ རབ་བྱུང་ ༡༦ པའི་ ཤིང་གླང་ལོར་ གཞུང་དགེ་འདུན་གྲྭ་ཚང་ནང་ རྡོ་རྗེ་སློབ་དཔོན་གྱི་ གོ་གནས་བཞེས་ཏེ་ མི་ལོ་ ༡ གི་རིང་ལུ་བཞུགས་ནུག།

དགུང་ལོ་ ༦༢ སྤྱི་ལོ་ ༡༩༨༦ རབ་བྱུང་ ༡༦ པའི་ མེ་སྟག་ལོར་ དཔལ་ལྡན་འབྲུག་པའི་ ཆོས་བདག་ཆེན་མོའི་ མཁན་ཁྲིར་ཕེབས་ཏེ་ མི་ལོ་ ༤ གི་རིང་ བཞུགས་པའི་སྐབས་ལུ་ རྟ་མགོ་ནང་པའི་མཐོ་རིམ་སློབ་གྲྭ་དང་ ལྕགས་རི་སྒྲུབ་སྡེ་ལྟེ་བ་ གཞི་བཙུགས་དང་། དད་ཅན་མི་མང་ཡོངས་ལུ་ དཔལ་ལྡན་འབྲུག་པའི་ དབང་ལུང་ཁྲིད་གསུམ་གནང་སྟེ་ བསྟན་པ་བསྐྱངས་པའི་མཐར། དགུང་ལོ་ ༦༥ སྤྱི་ལོ་ ༡༩༩༠ རབ་བྱུང་ ༡༦ ས་རྟ་ལོར་ མཁན་ཁྲི་ལས་ དགོངས་ཞུས་མཛད་དེ་ ད་ལྟོའི་བར་ན་ཡང་ དབེན་གནས་མདོ་སྡེ་ནང་ལུ་ བསྟན་འགྲོའི་དཔལ་ལུ་ སྐུ་ཚེ་ཞབས་པད་བརྟན་པར་ བཞུགས་སུ་གསོལ་ཏེ་ཡོདཔ་ཨིན།

རྗེ་མཁན་ཁྲི་རབས་རེ་དགུ་པ།

༆   སྐྱབས་རྗེ་དགེ་འདུན་རིན་ཆེན་མཆོག་ སྤ་རོ་སྟག་ཚང་དགོན་པར་ སྤྱི་ལོ་ ༡༩༢༦ རབ་བྱུང་ ༡༥ པའི་ མེ་སྟག་ལོར་ སྐུ་འཁྲུངས་ཡོདཔ་ད། དགུང་ལོ་ ༧ ལས་ གཞུང་དགེ་འདུན་གྲྭ་ཚང་ཆེན་མོར་ འཛུལ་ཞུགས་ཀྱིས་ དབྱངས་ཐིག་གར་གསུམ་ཚུ་ གསན་བཞེས་མཛད་པའི་ཤུལ་ལུ། བོད་འབྲུག་གཉིས་ཀྱི་ དཀར་རྙིང་གི་ བླ་སྤྲུལ་དང་ མཁས་དབང་དམ་པ་ མང་རབས་ཅིག་ལས་ རིག་གཞུང་གསན་བསམ་མཛད་དེ་ བཤད་རྩོད་རྩོམ་གསུམ་ལུ་ མཁས་ཐོག་ཆོད་པའི་ཁར། དཀར་རྙིང་སྨིན་གྲོལ་གྱི་ བདུད་རྩི་རིས་མེད་ ཉམས་བཞེས་ཀྱིས་ བཤད་སྒྲུབ་བསྟན་པའི་ བདག་པོར་གྱུར།

དགུང་ལོ་ ༦༥ སྤྱི་ལོ་ ༡༩༩༠ རབ་བྱུང་ ༡༧ པའི་ ལྕགས་རྟ་ལོར་ འཕགས་ཚོགས་དགེ་འདུན་འདུས་སྡེའི་ མཁན་ཁྲིར་ཕེབས་ཏེ་ རྒྱལ་བསྟན་སྤྱི་དང་ ལྷག་པར་དུ་ དཔལ་ལྡན་འབྲུག་པའི་ བསྟན་པ་རིན་པོ་ཆེ་ རྒྱས་པར་བསྐྱངས་ཏེ་ མི་ལོ་ ༦ གི་རིང་ བཞུགས་པའི་སྐབས་ལུ། སྤ་རོ་གསང་ཆོས་འཁོར་བཤད་གྲྭ་དང་། གྲོ་ལུང་སྒྲུབ་སྡེ། ཆུ་ཁ་གྲྭ་ཚང་ཚུ་ གསར་བཙུགས་གནང་།

དགུང་ལོ་ ༧༡ སྤྱི་ལོ་ ༡༩༩༦ རབ་བྱུང་ ༡༧ པའི་ མེ་བྱི་ལོར་ མཁན་ཁྲི་ལས་ དགོངས་ཞུ་མཛད་ཏེ། སྐུ་ན་བགྲེས་པའི་སྟབས་ཀྱིས་ དབྱངས་ཅན་ཕུག་ བྱང་ཆུབ་སྡིངས་ཀྱི་ གཟིམ་ཅུང་ནང་བཞུགས་ཏེ་ སྨན་བཅོས་མཛད་བཞིན་དུ། སྐྱེ་བོའི་བསོད་ནམས་ཀྱིས་ མ་ཐེག་པར་ དགུང་ལོ་ ༧༢ སྤྱི་ལོ་ ༡༩༩༧ མེ་གླང་ལོར་ དགོངས་པ་ཆོས་དབྱིངས་ལུ་ཕེབས་ནུག།

ཨིན་རུང་ སྙིགས་མ་སྔ་བདོའི་ སེམས་ཅན་ཡོངས་ཀྱི་ སྤྱི་སྐལ་ལུ་ སྐུ་དམར་གདུང་འབད་ བཞག་གནངམ་ལས། ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་ མི་མང་ག་ར་གིས་ ཕྱག་མཆོད་ཀྱི་རྟེན་ལུ་ བཞུགས་སུ་གསོལ་ཏེ་ཡོདཔ་ཨིན།

རྗེ་མཁན་ཁྲི་རབས་བདུན་ཅུ་པ།

༆   སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་ སྤྱི་ལོ་ ༡༩༥༥ རབ་བྱུང་ ༡༦ པའི་ ཤིང་ལུག་ལོར་ ལྷུན་རྩེ་ཆ་འདུས་ ཀུར་སྟོད་གྲུབ་རྩེ་དགོན་པར་ ངོ་མཚར་བའི་ རྟགས་མཚན་བཟང་པོ་དང་བཅས་པ་ དགེ་བཤེས་པདྨ་ཚེ་རིང་གི་ ཡང་སྲིད་འཁྲུལ་བྲལ་ལུ་ སྐུ་འཁྲུངས་ཡོདཔ་ད། སྐུ་ན་ཕྲ་དུས་ལས་ བོད་འབྲུག་གཉིས་ཀྱི་ སྐྱེས་ཆེན་དམ་པ་ བླ་སྤྲུལ་མང་རབས་ཅིག་ལས་ རིག་གཞུང་དང་ ཆོས་ལུགས་རིས་མེད་ཀྱི་ སྨིན་གྲོལ་གདམས་པའི་ དབང་ལུང་དང་ ཟབ་ཁྲིད་ཀྱི་ བདུད་རྩི་མཐའ་དག་ གསན་བཞེས་ཀྱིས་ མཁས་སྒྲུབ་གཉིས་ལུ་ རང་དབང་བརྙེས་ཏེ་ བསླབ་གསུམ་ཡང་དག་པའི་ དྲི་བཟང་གིས་ ཕྱོགས་བཅུར་ཁྱབ་པར་མཛད།

དེ་ལས་ རྟ་མགོ་བཤད་གྲྭའི་ དབུ་འཛིན་དང་། དགུང་ལོ་ ༣༢ སྤྱི་ལོ་ ༡༩༨༧ རབ་བྱུང་ ༡༧ པའི་ལོ་འགོ་ མེ་ཡོས་ལོར་ གཞུང་དགེ་འདུན་འདུས་པའི་ སྒྲ་པའི་སློབ་དཔོན་མཛད་དེ་ མི་ལོ་ ༤ གི་རིང་ བཞུགས་པའི་བསྐབས་ལུ་། སྤུངས་ཐིམ་དགེ་འདུན་གྲྭ་ཚང་གིས་གཙོས་པའི་ རབ་བྱུང་འདུས་སྡེ་ག་ར་ལུ་ བསླབ་སྡོམ་དང་ ཀུན་མཁྱེན་བཀའ་འབུམ་གྱི་ ལྗགས་ལུང་གནང་ནུག།

སྤྱི་ལོ་ ༡༩༩༡ ལྕགས་ལུག་ལོར་ སྒྲ་སློབ་ལས་ དགོངས་ཞུས་མཛད་དེ་ དབང་འདུས་ཕོ་བྲང་ཆ་འོག་ ཁྱུང་ལུང་དགོན་པའི་བཤད་གྲྭར་ ཀུན་མཁྱེན་བཀའ་འབུམ་དང་། དགུང་ལོ་ ༣༨ སྤྱི་ལོ་ ༡༩༩༣ ཆུ་བྱ་ལོར་ ཐིམ་ཕུ་བདེ་ཆེན་ཕོ་བྲང་ལུ་ འཕགས་པའི་དགེ་འདུན་ ༥༠༠ ལྷགཔ་ཅིག་དང་ དད་ལྡན་མི་སེར་ སྟོང་ཕྲག་ལྷགཔ་ཅིག་ལུ་ བཀའ་འགྱུར་ཆེན་མོའི་ ལྗགས་ལུང་གནང་པའི་ཁར། དར་དཀར་ཆ་འདུས་ འབྲུག་རྒྱལ་སྒང་ལུ་ མི་སེར་བརྒྱ་ཕྲག་ལེ་ཤ་ཅིག་ལུ་ ཕྱག་ཆེན་སྔོན་འགྲོའི་ཁྲིད་དང་། མི་ཎི་བཀའ་འབུམ་གྱི་ ལྗགས་ལུང་ཚུ་ གནང་ཡོདཔ་ཨིན་པས།

དགུང་ལོ་ ༤༠ སྤྱི་ལོ་ ༡༩༩༥ རབ་བྱུང་ ༡༧ པའི་ ཤིང་ཕག་ལོར་ གཞུང་དགེ་འདུན་འདུས་པའི་

རྡོ་རྗེ་སློབ་དཔོན་གྱི་ གོ་གནས་བཞེས་ཏེ་ མི་ལོ་ ༡ གི་རིང་ བཞུགས་པའི་སྐབས་ལུ། དབང་འདུས་ཕོ་བྲང་ལུ་ བཀའ་འགྱུར་དང་ གཏེར་བཏོན་སངས་རྒྱས་གླིང་པའི་ཆོས་སྐོར་ དགོངས་འདུས་པོ་ཏི་ ༣༠ གི་ ལྗགས་ལུང་དང་། དགེ་ལེགས་ཕུག་ལུ་ ཕྱག་ཆེན་སྔོན་འགྲོ་དང་། ཀློང་ཆེན་སྙིང་ཐིག་གི་ སྔོན་འགྲོའི་ཁྲིད་ཡིག་ ཀུན་བཟང་བླ་མའི་ཞལ་ལུང་། རྟེན་འབྲེལ་གྱི་ བཀའ་ཁྲིད་ཚུ་ གནང་ཡོདཔ་ད། དེ་ལས་ ཤར་ཕྱོགས་རྫོང་ཁག་ཚུ་གི་ དགེ་སློང་དང་ ཨ་ཎེམ་ཚུ་ལུ་ དགེ་ཚུལ་གྱི་ སྡོམ་པ་གནང་པའི་ཁར། མི་སེར་མང་རབས་ཅིག་ལུ་ གདུལ་བྱའི་བློ་དང་མཐུན་པའི་ ཆོས་བཤད་དང་ དབང་ལུང་གིས་ ཚིམས་པར་མཛད་ནུག།

དགུང་ལོ་ ༤༢ སྤྱི་ལོ་ ༡༩༩༦ རབ་བྱུང་ ༡༧ པའི་ མེ་བྱི་ལོར་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ དཔལ་ལྡན་འབྲུག་པའི་ ཆོས་བདག་ཆེན་པོ་ རྡོ་རྗེ་འཆང་གི་ སེང་ཁྲིར་ཕེབས་ཏེ། སྤྱིར་འགྲོ་བ་རིགས་དྲུག་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ མཐའ་དབུས་མེད་པའི་ འགྲོ་བ་མི་སེར་ཡོངས་ལུ་ གང་ལ་གང་འདོད་ཀྱི་སྒོ་ལས་ དམ་ཆོས་བདུད་རྩི་གིས་ ཚིམས་པར་མཛད་བཞིན་པའི་ཁར།

རྫོང་ཁག་མང་ཤོས་ཅིག་ནང་ ལོ་བསྟར་སྨོན་ལམ་ཆེན་མོ་དང་། མ་ཎི་དུང་སྒྲུབ། བཛྲ་གུ་རུ་དུང་སྒྲུབ་ལ་སོགས་པ་ སྔར་མེད་གསར་གཏོད་ཀྱིས་ གནམ་མཁའི་སྐར་མ་ལྟ་བུར་ ཁྱབ་སྤེལ་མཛད་བཞིན་དུ་ ད་ལས་ཕར་ཡང་ སྐུ་ཚེ་ཞབས་པད་ བསྐལ་བརྒྱར་བརྟན་ཏེ་ སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེ་ གོང་ལས་གོང་ལུ་འཕེལ་ཞིང་ བཞུགས་སུ་གསོལ་བའི་ སྨོན་འདུན་ཞུ་ནི་ཨིན།