འབྲུག་པའི་འཁྲབ་རྩེདཔ་ པདྨ་མཁའ་འགྲོ་དབང་ཕྱུག་ལུ་ མ་བདེན་པའི་ཁ་ཉེས།

བདེ་སྐྱིད་ཆོས་སྒྲོན།
སྤྱི་ཟླ་ ༧ པའི་ཚེས་ ༡༩ ལུ་ མཐའ་ཡས་ལེན་ རྒྱལ་ཡོངས་མིཛ་ཊར་ཡུ་ནི་ཝརཛ་ལས་སྡེ་གིས་ འབྲུག་གི་འཁྲབ་རྩེདཔ་ པདྨ་མཁའ་འགྲོ་དབང་ཕྱུག་ལུ་ མིཛ་ཊར་ཡུ་ནི་ཝརཛ་གི་ མིང་གནས་བྱིན་མི་དེ་ ཆ་མེད་བཏང་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་ཡོངས་མིཛ་ཊར་ ཡུ་ནི་ཝརཛ་ལས་སྡེ་གིས་ གསར་བཏོན་འབད་མི་ གནས་ཚུལ་ཅིག་ནང་ པདྨ་མཁའ་འགྲོ་དབང་ཕྱུག་གིས་ ཨོ་ཊོ་ཨེ་རོ་ཊིག་ ཨེཛ་ཕའི་སི་ཡ་དང་ བི་དི་ཨེཛ་ཨེམ་ དཔར་བཏབ་ནི་དེ་ ལས་སྡེ་གིས་ གནང་བ་བྱིན་མ་ཚུགས་མི་ཅིག་ཨིནམ་ལས་ ལས་སྡེའི་རྣམ་གཞག་ལས་ འགལ་བ་ཨིན་ཟེར་བཀོད་ནུག།
གནད་དོན་དེ་ལུ་བརྟེན་ཏེ་ ལས་སྡེ་གིས་ པདྨ་མཁའ་འགྲོ་དབང་ཕྱུག་ལུ་ མིཛ་ཊར་ཡུ་ནི་ཝརཛ་གི་ མིང་གནས་བྱིན་མི་དེ་ ཆ་མེད་བཏང་ཡོདཔ་ལས་ ད་ལས་ཕར་ མིང་གནས་དེ་ ལག་ལེན་འཐབ་མི་ཆོག་ཟེར་ བཀོད་ཡོདཔ་མ་ཚད་ ལས་རིམ་དོ་འགྲན་སྐབས་ལུ་ དཔར་བཏབ་ཡོད་མི་ཚུ་ཡང་ ལག་ལེན་འཐབ་མི་ཆོག་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ པདྨ་མཁའ་འགྲོ་དབང་ཕྱུག་གིས་ དཔར་བཏབ་མི་ཚུ་ ལག་ལེན་འཐབ་པ་ཅིན་ ཁྲིམས་མཐུན་ཐོག་ལས་ ངོས་ལེན་འབད་ནི་ཨིན་ཟེར་ བཀོད་པའི་ཁར་ གཉའ་རས་དང་ རྒྱལ་རྟགས་ དེ་ལས་ རྟགས་མ་ཚུ་ཡང་ག་ར་ ལོག་སྤྲོད་དགོ་ཟེར་ཨིན་པས།
སྤྱི་ཟླ་ ༧ པའི་ཚེས་ ༢༠ ལུ་ འབྲུག་གློག་བརྙན་ཚོགས་པ་གིས་ ལས་སྡེ་དེ་གིས་ དེ་བཟུམ་མའི་ གྲོས་ཐག་བཅད་མི་ལུ་ ངོས་ལེན་མེད་མི་དེ་ཡང་ པདྨ་མཁའ་འགྲོ་དབང་ཕྱུག་དང་གཅིག་ཁར་ གྲོས་བསྟུན་མཐིལ་ཕྱིན་འབདཝ་ད་ རྒྱལ་ཡོངས་མིཛ་ཊར་ ཡུ་ནི་ཝརཛ་ལས་སྡེ་གིས་ གནས་ཚུལ་གསར་བཏོན་འབད་མི་དེ་ མ་བདེན་པའི་ ཁ་ཉེས་ཅིག་ཨིནམ་སྦེ་ མཐོང་ཡི་ཟེར་ཨིན་པས།
རྒྱལ་ཡོངས་མིཛ་ཊར་ ཡུ་ནི་ཝརཛ་ལས་སྡེ་གིས་ དེ་བཟུམ་མའི་ ཁ་ཉེས་བཀལ་མི་དེ་གིས་ འཁྲབ་རྩེདཔ་པདྨ་མཁའ་འགྲོ་དབང་ཕྱུག་ལུ་དགའ་མི་ཚུ་དང་ འབྲུག་མི་ཡོངས་ལུ་ སེམས་སྐྱོ་བ་བྱུང་པའི་ གནད་དོན་ཅིག་ཨིན་པས་ཟེར་བཀོད་ནུག།
པདྨ་མཁའ་འགྲོ་དབང་ཕྱུག་དེ་ རྒྱལ་ཁབ་ཀྱི་ ན་གཞོན་སྟོང་ཕྲག་ལས་བཅད་མི་ཚུ་གིས་ དཔེ་ལྟ་ས་དང་ འབྲུག་མི་ཅིག་ཨིན་པའི་ཁར་ འབྲུག་པའི་ཁྱད་ཆོས་ལུ་ ཡིད་ཆེས་བསྐྱེད་མི་ཅིག་ཡང་ཨིནམ་ལས་ ཁོ་རའི་མིང་གཏམ་ མེདཔ་གཏང་ནི་དང་ རྒྱལ་ཁབ་ཀྱི་ མིང་གཏམ་ཞན་བཅུག་ནིའི་ལཱ་ནང་ རྩ་ལས་ར་ གྲལ་གཏོགས་མི་འབད་ཟེར་ འབྲུག་གློག་བརྙན་ཚོགས་པ་གིས་ བཤདཔ་ཨིན་པའི་གནས་ཚུལ།