ཡིག་ཚང་ལས་བྱེདཔ།
སྤྱི་ཟླ་ ༩ པའི་ཚེས་ ༩ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་ ༢ ཀྱིས་ བསམ་རྩེ་ལུ་ ཡུ་ནའེ་ཊེཌ་ ཀིང་ཌོམ་གི་ མི་དབང་རྒྱལ་མོ་ ཨེ་ལི་ཟ་བེཐ་ ༢ པ་ ཞིང་ཕེབས་མིའི་དོན་ལུ་ མར་མེ་སྟོང་མཆོད་ ཕུལ་གནང་ནུག།
དེ་བསྒང་ དམིགས་བསལ་གྱི་ མར་མེ་སྨོན་ལམ་གནང་སར་ མི་རྗེ་བློན་ཆེན་དང་ གཞུང་གི་འགོ་དཔོན་ཚུ་ དེ་ལས་ བསམ་རྩེའི་མི་སེར་ སྟོང་ཕྲག་ལས་བཅད་མི་ཚུ་གིས་ གྲལ་གཏོགས་འབད་ཡོདཔ་ད་ དུས་སྐབས་རྩ་ཅན་དེ་ཁར་ བྱིན་གྱིས་བརླབས་ཐབས་ལུ་ གུ་རུ་རིན་པོ་ཆེ་དང་ ཞབས་དྲུང་རིན་པོ་ཆེའི་ མཐོང་གྲོལ་ཚུ་ཡང་ མཇལ་ཁ་གནང་ཡོདཔ་ཨིན་པས།
ཐིམ་ཕུ་ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ བཀྲིས་ཆོས་རྫོང་གི་ ཀུན་རྭ་ཆེན་མོའི་ནང་ མར་མེ་སྟོང་མཆོད་དང་ སྨོན་ལམ་ཚུ་ གནང་ཡོདཔ་མ་ཚད་ གཞུང་གི་དཔོན་ཁག་ཚུ་དང་ འབྲུག་ལུ་ཡོད་མི་ ཕྱི་རྒྱལ་གྱི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
མི་དབང་རྒྱལམོ་ ཞིང་ཕེབས་ལུ་ གུས་བཏུད་ཞུནིའི་དོན་ལས་ འབྲུག་གི་རྒྱལ་དར་དེ་ཡང་ ཕྱེད་ཀ་སྦེ་ འཕྱར་ཡོདཔ་ད་ མི་དབང་མཆོག་གི་ བཀའ་རྒྱ་ལྟར་དུ་ རྒྱལ་ཁབ་མཐའ་དབུས་ཀྱི་ རྫོང་གཞི་དང་ ལྷ་ཁང་དང་ དགོན་སྡེ་རྩ་ཅན་ག་རའི་ནང་ དམིགས་བསལ་གྱི་ སྨོན་ལམ་ཚུ་ཡང་ གནང་ཡོདཔ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ ཐུགས་གསོའི་གསུང་འཕྲིན་ གནང་པའི་ནང་གསལ།
“མི་ལོ་ ༧༠ རིང་ལུ་ ཡ་མཚན་ཆེ་བའི་སྒོ་ལས་ རྒྱལ་ཁབ་སྐྱོང་སྟེ་བཞུགས་མི་ མི་དབང་རྒྱལ་མོ་ ཨེ་ལི་ཟ་བེཐ་ ༢ པ་གིས་ འཛམ་གླིང་མཐའ་དབུས་མེད་པར་ མི་རབས་ཚུ་ལུ་ བློ་སྟོབས་ཀྱི་ འབྱུང་གནས་སྦེ་ བཞུགས་ཡོདཔ་ད་ མི་སེར་གྱི་དོན་ལུ་ རང་དོན་སྤངས་ཏེ་ གཞན་དོན་ཁོ་ནར་བརྩོན་ནི་ལུ་ གཙོ་བོར་བཏོན་གནང་ཡོདཔ་ལས་ མི་དབང་རྒྱལ་མོ་ ཞིང་ཕེབས་དེ་ ཤེས་རབ་དང་ གཟི་བརྗིད་ བློ་སྟོབས་བཅས་ཀྱིས་མཚོན་པའི་ མི་ངོམ་ཅིག་སྦེ་ སེམས་ཁར་དྲན་ནི་ཨིན།
མི་དབང་རྒྱལ་མོ་ ཨེ་ལི་ཟ་བེཐ་ ༢ པ་ བཤགས་མི་དེ་གིས་ དུས་བསྐལ་ཅིག་ རྫོགས་པའི་ བརྡ་མཚོན་དང་ དུས་ཚོད་འདི་ཁར་ མི་དབང་རྒྱལ་པོ་མཆོག་དང་ རྒྱལ་བཙུན་ དེ་ལས་ སྐུ་འཁོར་དང་ ཡུ་ནའེ་ཊེཌ་ ཀིང་ཌོམ་དང་ དེའི་ཕྱོགས་གཏོགས་ རྒྱལ་ཁབ་ཚོགས་པའི་ མི་སེར་ཚུ་ལུ་ ང་བཅས་ཀྱི་ ཁ་ཐུག་ལས་ སེམས་གསོ་ཡོད་ཟེར་ཨིན་པས།
འབྲུག་དང་ ཡུ་ནའེ་ཊེཌ་ ཀིང་ཌོམ་གི་བར་ན་ འབྲུག་རྒྱལ་དང་པའི་སྐབས་ལས་ཚུར་ར་ མཛའ་བཤེས་ཀྱི་ མཐུན་ལམ་ཡོད་ཟེར་ཨིན་པས།
ལྷོ་མཚམས་ལུ་ དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་ ༢ ཀྱི་ མི་དབང་རྒྱལ་སྲས་ འཇིགས་མེད་རྣམ་རྒྱལ་དང་ མི་དབང་རྒྱལ་སྲས་ ཨྱོན་དབང་ཕྱུག་ཡང་ བྱོན་ཡོད་པའི་གནས་ཚུལ།