ཡིག་ཚང་ལས་བྱེདཔ།
ད་རེས་ སྤྱིར་རང་ཟླ་ ༤ པ་འདི་ ས་ག་ཟླ་བའི་ དུས་ཆེན་ཟེར་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ དུས་ཆེན་ཁྱད་པར་ཅན་ཅིག་སྦེ་ བརྩི་སྲོལ་ཡོད་པའི་ནང་ལས་ཡང་ ཚེས་ ༡༥ ལུ་ དུས་ཆེན་ལྔ་འཛོམས་ཟེར་ ག་ནི་བ་ ཁྱད་དུ་འཕགས་པའི་ དུས་ཆེན་ཅིག་སྦེ་ བརྩི་སྲུང་ཞུཝ་ཨིན་པས།
དེ་ཡང་ རང་ལུགས་འབྲུག་རྩིས་དང་འཁྲིལ་བ་ཅིན་ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ ཤཱཀྱ་ཐུབ་པ་མཆོག་ ལྷུམས་སུ་ཞུགས་པ་དང་ སྐུ་བལྟམས་པ་ བདུད་བཏུལ་བ་ སངས་རྒྱས་པ་ མྱ་ངན་ལས་འདས་པའི་ དུས་ཆེན་ ༥ ཨིན་པས།
དང་པ་ བདག་ཅག་གི་སྟོན་པ་མཆོག་ སྐུ་འཕྲེང་འདི་གི་ཧེ་མར་ དགའ་ལྡན་ལྷ་ཡུལ་ལུ་ ལྷའི་བུ་དམ་པ་ཏོག་དཀར་པོར་ སྐུ་སྐྱེས་བཞེས་ཏེ་ ལྷ་ཚུ་ལུ་ ཆོས་ཀྱི་འཁོར་ལོ་ བསྐོར་བཞུགས་བཞུགས་པར་ སངས་རྒྱས་མར་མེ་མཛད་ཀྱིས་ ལུང་བསྟན་དྲན་ཏེ་ བྱམས་པ་མགོན་པོ་ རྒྱལ་ཚབ་ལུ་ བསྐོས་ཞིནམ་ལས་ ལྷོ་ཕྱོགས་འཛམ་བུ་གླིང་ལུ་ ཡབ་རྒྱལ་པོ་ ཟས་གཙང་དང་ ཡུམ་སྒྱུ་མ་ལྷ་མཛེས་ ༢ ཀྱི་སྲས་ལུ་ གླངམོ་ཆེ་མཆེཝ་དྲུག་ལྡན་ གསེར་གྱི་ཁ་མདོག་བཟུམ་ཅིག་ལུ་སྤྲུལ་ཏེ་ ཡུམ་གྱི་ལྷུམས་སུ་ཞུགས་པའི་ དུས་ཆེན་དང་།
གཉིས་པ་ སངས་རྒྱས་བཅོམ་ལྡན་འདས་ ལུམྦི་ནིའི་ཚལ་ལུ་ མྱ་ངན་མེད་པའི་ ལྗོན་ཤིང་གི་རྩ་བར་ ཡུམ་གྱི་མཆན་ལོགས་གཡས་པ་ལས་ སྙུང་གཞི་ག་ནི་ཡང་མེད་པར་ སྐུ་འཁྲུངསམ་ཅིག་ ཕྱོགས་བཞི་ལུ་ གོམ་པ་ ༧ རེ་ སྤོ་བའི་ཤུལ་ཁར་ མེ་ཏོག་པདྨ་རེ་ རང་བཞིན་གྱིས་ ཤར་ཡོདཔ་མ་ཚད་ གཏེར་ཁ་ ༥༠༠ ལ་སོགས་པའི་ ལྟས་བཟང་པོ་ ལེ་ཤ་ཅིག་ཡང་སྟོན་ཏེ་ འཁྲུངས་ཡོདཔ་ལས་ སྐུ་བལྟམས་པའི་ དུས་ཆེན་ཨིན་པས།
གསུམ་པ་ དགུང་ལོ་ ༣༥ ལུ་ རྡོ་རྗེ་གདན་གྱི་ བྱང་ཆུབ་ཤིང་གི་རྩ་བར་ སྐུ་རྒྱབ་གཏད་དེ་ སངས་རྒྱས་ནི་འབདཝ་ད་ བདུད་སྡིག་ཅན་ དགའ་རབ་དབང་ཕྱུག་ལ་སོགས་པ་ཚུ་གིས་ བར་ཆད་རྐྱབ་རུང་ སངས་རྒྱས་ཀྱིས་ བདུད་ཀྱི་དམག་དཔུང་ཚུ་ག་ར་ བྱམས་པའི་ཏིང་ངེ་འཛིན་གྱིས་ བཏུལ་གནངམ་ལས་ བདུད་བཏུལ་བའི་ དུས་ཆེན་ཨིན་པས།
བཞི་པ་ ཆུ་ཀླུང་ནེེ་རཉྫ་ནའི་འགྲམ་ལུ་ མི་ལོ་ ༦ གི་རིང་ ལོ་དང་པ་ ༢ ལུ་ ཆུམ་ཕུད་དོ་རེ་དང་ ལོ་གཉིས་པ་ ༢ ལུ་ ཆུ་ཐིག་པ་རེ་ ལོ་གསུམ་པ་ ༢ ལུ་ ག་ནི་ཡང་ མ་བཞེས་པར་ དཀའཝ་སྤྱད་པའི་མཐའ་མར་ རྡོ་རྗེ་གདན་ལུ་བྱོན་ཏེ་ བྱང་ཆུབ་ཤིང་གི་རྩ་བར་ སྐྱིལ་ཀྲུང་སྦེ་ བཞུགས་ཐོག་ལུ་ མངོན་པར་རྫོགས་པར་ སངས་རྒྱས་པའི་ དུས་ཆེན་ཨིན་པས།
ལྔ་པ་ བདག་ཅག་གི་སྟོན་པ་ དགུང་ལོ་ ༨༠ བཞེས་པའི་ ས་ག་ཟླ་བའི་ཚེས་ ༡༥ ལུ་ རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་ སངས་རྒྱས་ཀྱི་ འཁོར་དགེ་བསྙེན་ཕ་མ་ ༢ དགེ་སློང་ཕ་མ་ ༢ ཏེ་ ལྷམ་པ་ ༤ དང་བཅས་པ་ག་ར་ གནས་བརྟན་འོད་སྲུང་ཆེན་པོ་ལུ་ རྩིས་སྤྲོད་གནང་སྟེ་ གདུལ་བྱ་སེམས་ཅན་ཚུ་གི་ངོ་བོར་ རྩྭ་མཆོག་གྲོང་ལུ་ སྐུ་མྱ་ངན་ལས་འདའ་བའི་ ཚུལ་སྟོན་པའི་དུས་ཆེན་ཨིན་པས།
དེ་བཟུམ་མའི་ དུས་ཆེན་ཁྱད་པར་ཅན་ག་ར་ རང་ཟླ་ ༤ པའི་ཚེས་ ༡༥ ལུ་ ཕོག་ནི་དེ་གིས་ སྡིག་པའི་ལཱ་ཚུ་སྤང་སྟེ་ ལྷག་བསམ་རྣམ་དག་གི་སྒོ་ལས་ དགེ་བའི་ལཱ་ཚུ་ལུ་ བརྩོན་པ་ཅིན་ ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པའི་སྐོར་ལས་ རྒྱལ་བའི་བཀའ་དང་ བསྟན་བཅོས་ཚུ་ནང་ གསུངས་ཏེ་ཡོདཔ་ཨིན་པའི་གནས་ཚུལ།