རྒྱ་གར་གྱིས་ གུ་རམ་ཕྱིར་ཚོང་ ཚད་འཛིན་འབད་ནི།

ཡིག་ཚང་ལས་བྱེདཔ།
སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ རྒྱ་གར་གྱི་ ཚོང་དང་ བཟོ་གྲྭའི་ལྷན་ཁག་ ཕྱི་འབྲེལ་དང་ ཚོང་འབྲེལ་ལས་ཁུངས་ཀྱིས་ གནས་སྐབས་ཅིག་ གུ་རམ་ཕྱིར་ཚོང་ ཚད་འཛིན་འབད་ནི་ཨིན་པའི་ གསལ་བསྒྲགས་ཅིག་འབད་ནུག།
དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༡ ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༣༡ ཚུན་དང་ ཡང་ཅིན་ གསལ་བསྒྲགས་ལོགས་སུ་མ་འབད་ཚུན་ རྒྱ་གར་ལས་ ཕྱིར་ཚོང་འཐབ་ནི་དེ་ ཉོ་སྤྱོདཔ་ལས་དོན་དང་ བཟའ་སྤྱོད་ མི་མང་བགོ་བཀྲམ་ལྷན་ཁག་ བཟའ་སྤྱོད་དང་ མི་མང་བགོ་བཀྲམ་ལས་ཁུངས་ཀྱི་ གུ་རམ་མདོ་ཆེན་ཡིག་ཚང་ལས་ དམིགས་བསལ་གྱི་ གནང་བ་ཡོདན་མ་གཏོགས་ དེ་མིན་ ཕྱིར་ཚོང་འཐབ་མི་ཆོག་ཟེར་ཨིན་པས།
ད་ཚུན་གྱི་བར་ན་ འབྲུག་གིས་ རྒྱ་གར་རྐྱངམ་གཅིག་ལས་ གུ་རམ་ནང་འདྲེན་འབད་ནི་དེ་གིས་ གུ་རམ་བཀག་འཛིན་དེ་ ལག་ལེན་འཐབ་པ་ཅིན་ བཟོ་གྲྭ་འཕྲུལ་ཁང་ཚུ་གི་གྲས་ལས་ བསིལ་ཆུའི་འཕྲུལ་ཁང་ཚུ་ལུ་ ཐོ་ཕོག་ནི་གི་ ཉེན་ཁ་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༡ གི་ འབྲུག་ཚོང་འབྲེལ་གནས་སྡུད་དང་འཁྲིལ་བ་ཅིན་ འབྲུག་གིས་ གུ་རམ་དང་ གུ་རམ་ལུ་བརྟེན་པའི་ མངར་ཟས་ཀྱི་རིགས་ཚུ་ དངུལ་ཀྲམ་ས་ཡ་ ༦༦༨.༧༨ ཟད་འགྲོ་བཏང་སྟེ་ རྒྱ་གར་དང་ རྒྱལ་ཁབ་གཞན་ལས་ ནང་འདྲེན་འབད་བའི་ཁར་ སྤྱི་ལོ་ ༢༠༢༠ ལུ་ དངུལ་ཀྲམ་ས་ཡ་ ༥༥༡.༥༠ གནས་པའི་ གུ་རམ་དང་ མངར་ཟས་ཚུ་ ནང་འདྲེན་འཐབ་ནུག་ཟེར་ཨིན་པས།
འཛམ་གླིང་ནང་ གུ་རམ་ཕྱིར་ཚོང་འཐབ་མི་ རྒྱ་གར་རྒྱལ་ཁབ་དེ་ ཨང་ ༢ པ་ཨིནནམ་ད་ ཨང་དང་པ་དེ་ བ་ར་ཟིལ་ རྒྱལ་ཁབ་ཨིན་པས།
ཡུ་ཀེ་རེན་དང་ ར་ཤི་ཡ་ རྒྱལ་ཁབ་ ༢ ཀྱི་བར་ན་ དམག་འཁྲུག་ལང་མི་ལུ་བརྟེན་ཏེ་ འཛམ་གླིང་རྒྱལ་སྤྱིའི་ནང་ བཟའ་འཐུང་གི་ གོང་ཚད་ཚུ་ ཡར་སེང་འགྱོ་བཞིན་དུ་ཡོདཔ་ལས་ དེ་སྦེ་ ཚད་འཛིན་འབད་མི་དེ་ ཐབས་ཤེས་བཟུམ་ཅིག་ འོང་ནི་ཨིན་པས།
འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱིས་ ཀར་ཕྱིར་ཚོང་འཐབ་ནི་ བཀག་འཛིན་འབད་ཡོདཔ་ད་ དེ་བཟུམ་སྦེ་ མ་ལེ་ཤི་ཡ་གིས་ཡང་ སྤྱི་ཟླ་ ༦ པ་ལས་ འགོ་བཙུགས་ཏེ་ བྱ་ཕྱིར་ཚོང་འཐབ་ནི་ ཚད་འཛིན་འབད་ནི་ཨིན་པའི་སྐོར་ལས་ གསལ་བསྒྲགས་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།