རྒྱ་གར་ལུ་ ཤཱཀྱའི་རིགས་བརྒྱུད་འབྱུང་ཁུངས།

སངས་རྒྱས་བཅོམ་ལྡན་འདས་གཙོ་འཁོར་གསུམ་ལ་ན་མོ།

༆   ཤཱཀྱའི་མི་རིགས་ཚུ་གིས་ སངས་རྒྱས་ལུ་ ང་བཅས་རའི་རིགས་བརྒྱུད་ འགོ་དང་པར་ ག་དེ་སྦེ་ བྱུང་འབྱུངམ་ཨིན་ན་ལགས་ཞུཝ་ད་ སངས་རྒྱས་ཀྱིས་ མཽ་འགལ་གྱི་བུ་ལུ་ བྱིན་གྱིས་བརླབས་ཏེ་ ཤཱཀྱའི་རིགས་ཀྱི་སྐོར་ལས་ སླབ་དགོ་པའི་ བཀའ་གནངམ་བཞིན་དུ་ མཽ་འགལ་གྱི་བུ་གིས་ འདས་པའི་དུས་ མངོན་པར་མཁྱེན་ཐོག་ལས་ རིམ་པ་བཞིན་དུ་ གསུངས་གནང་ནུག།

དེ་ཡང་ འགོ་དང་པ་ འཇི་རྟེན་གྱི་ཁམས་འདི་ གནམ་སྟོང་ནང་ རླུང་འཚུབས་ལངསམ་ལས་ མེ་འབར་བའི་ཤུལ་ལུ། མེ་དང་ རླུང་གི་ཟིལ་པ་ལས་ ཆུའི་དཀྱིལ་འཁོར་ཆགས། མེ་ཆུ་གཉིས་ རླུང་གིས་བསྲུབས་ཏེ་ ཨོམ་དཀྱོགས་པའི་ མར་བཟུམ་སྦེ་ ཁ་དོག་དང་ དྲི་ རོ་ རེག་བྱ་ལ་སོགས་པ་དང་ལྡན་པའི་ ས་གཞིའི་གཟུགས་ལུ་ རིམ་གྱིས་ཆགས་ཏེ་ སྲ་ཀྲག་ཀྲག་ལུ་ གྱུར་སོང་ནུག།

དུས་དེ་དང་ཅིག་ཁར་ འོད་གསལ་ལྷའི་རིགས་ལས་ མཆེད་མི་ཚུ་གིས་ བདུད་རྩིའི་ཞག་སྦྱང་གི་ བྲོཝ་བཟུམ་མར་ ཆགས་མི་དེ་ མཛུབ་ཅུང་གིས་ དཔོགས་ཏེ་ཟཝ་ལས་ ལུས་ལྕི་བ་ལུ་ རྩུབ་པ་ལུ་ ཁ་དོག་ངན་པ་ལུ་ གྱུར་འགྱོ་མི་དེ་ རྫོགས་ཞིནམ་ལས་ སའི་བཅུད་ བྲོཝ་མངར་ཏོང་ཏོ་ཅིག་ ཟ་བའི་ཤུལ་ལུ། མ་རྨོས་པའི་འབྲས་ སཱ་ལུ་ཚུ་ཟཝ་ལས་ ལུས་ཀྱི་དྲོད་ཉམས་ཏེ་ མུན་པའི་ནང་ ལུས་མི་ཚུ་གིས་ ཁྱིམ་བཟོ་ཡོདཔ་བཞིན་དུ་ ཉིམ་དང་ ཟླཝ་ཚུ་ཡང་བྱུང་ནུག།

དེ་ལས་ མ་རྨོས་པའི་ ལོ་ཐོག་ཚུ་ མེདཔ་སོང་ཞིནམ་ལས་ མི་ཚུ་གིས་ ས་ཞིང་ནང་ ལོ་ཐོག་བཏབ་སྟེ་ བསྡུ་བའི་སྐབས་ལུ་ འཐབ་འཛིང་ཚུ་ བྱུང་པ་ལུ་བརྟེན་ཏེ་ མི་དེ་ཚུ་གི་ནང་ལས་ སེམས་ཕྲང་ཏོག་ཏོ་དང་ བློ་རིག་མཁས་པ་ཅིག་གིས་ ཞིང་ཁར་ས་རིས་བྲིས་ཏེ་ བགོ་བཤའ་རྐྱབ་ད་ ཁོ་རའི་སྐལཝ་ཆད་སོངཔ་ལས་ གཞན་གྱི་ས་སྐལ་ལས་ བརྒྱ་ཆ་ ༦ རེ་ མི་དེ་ལུ་ཕུལ་ཏེ་ གོང་ལུ་བཀུར་ནི་དེ་གིས་ མང་བཀུར་རྒྱལ་པོ་ཟེར་སླབ་པའི་ གདུང་བརྒྱུད་ལས་ རྒྱལཔོ་ལེ་ཤ་ཅིག་ བྱུང་པའི་ཤུལ་ལུ་ རྒྱལཔོ་ཀྲི་ཀྲི་ཟེར་མི་ཅིག་བྱུང་ནུག།

དེ་བསྒང་ སངས་རྒྱས་འོད་སྲུང་ འཇིག་རྟེན་ལུ་ བྱོན་ཡོདཔ་ལས་ རྒྱལཔོ་ཀྲི་ཀྲི་དེ་གིས་ སྦྱིན་བདག་མཛད་པའི་ གདུང་བརྒྱུད་ལས་ བུ་རམ་ཤིང་པའི་ གདུང་བརྒྱུད་ལུ་ མིང་གནས་སྤོ་བའི་བརྒྱུད་པ་ལས་ རྒྱལཔོ་འཕགས་སྐྱེས་པོ་ འཁྲུངས་མི་དེ་གིས་ སྲས་ཆུང་ཤོས་ལུ་ དགའ་བའི་སྟབས་ཀྱིས་ སྲས་སྦོམ་ཤོས་ རྒྱལ་ས་ལས་ བདའ་བཏང་མི་དེ་དང་ སྤུན་མཆེད་ཆུང་ཤོས་གེ་ར་ ཁོང་རའི་གཡུས་ཁར་ ཞེན་ཆགས་སྤངས་ཏེ་ སེར་སྐྱ་ཟེར་མི་ ས་གནས་ལུ་ སོང་ཞིནམ་ལས་ གཞི་བཟུང་སྡོད་པ་ལུ་བརྟེན་ཏེ་ སེར་སྐྱའི་གཞི་ཟེར་བའི་ ཐ་སྙད་དར་ནུག།

དེ་ལས་ སྤུན་མཆེད་ནང་དོག་ གཉེན་རྐྱབ་ནི་དེ་གིས་ བུ་གཞི་ལེ་ཤ་ཅིག་ འཕེལ་མི་དེ་ཚུ་ལུ་ ཤཱཀྱའི་རྒྱལ་བརྒྱུད་ཟེར་དར་ཏེ་ ཤཱ་ཀྱའི་རྒྱལ་བརྒྱུད་སྟོང་ཕྲག་ལྔ་འགྱོ་བའི་མཚམས་ལུ་ རྒྱལཔོ་ཤིང་རྟ་བཅུ་པ་ཟེར་མི་ཅིག་བྱུང་པའི་ རིགས་བརྒྱུད་ལུ་ རྒྱལཔོ་སེངྒེ་འགྲམ་ཟེར་མི་ཅིག་ བྱུང་ཡོདཔ་ད་ རྒྱལཔོ་སེངྒེ་འགྲམ་གྱི་སྲས་ རྒྱལཔོ་ཟས་གཙང་དང་། དེ་གི་ནུ་གཅུང་ཟས་དཀར། བྲེ་བོ་ཟས། བདུད་རྩིའི་ཟས་འབདཝ་ད་ སྲས་བཞི་འཁྲུངས་ནུག།

རྒྱལཔོ་ཟས་གཙང་ལུ་ སྲས་བཅོམ་ལྡན་འདས་དང་ ཅུང་དགའ་བོ་གཉིས་ འཁྲུངས་ཡོདཔ་ད། སྲས་ཟས་དཀར་ལུ་ སྲས་དཀར་རྒྱལ་དང་ བཟང་ལྡན་གཉིས། བྲེ་བོ་ཟས་ལུ་ མ་འགགས་པ་དང་ མ་འགགས་པ་ཆེན་པོ་གཉིས། བདུད་རྩིས་ཟས་ལུ་ ཀུན་དགའ་བོ་དང་ ལྷས་བྱིན་གཉིས། སེངྒེ་འགྲམ་ལུ་ སྲསམོ་བཞི་ཡོད་པའི་ནང་ལས་ གཙང་མའི་བུ་ ལེགས་པར་རབ་རྟོགས། དཀར་མོའི་བུ་ ཕྲེང་བ་ཅན། བྲེ་མོའི་བུ་་ བཟང་པོ། བདུད་རྩིའི་བུ་ ཡངས་པ་ཅན། བཅོམ་ལྡན་འདས་ཀྱི་སྲས་ དགྲ་གཅན་འཛིན་ཨིན་ཟེར་ གསུངས་ནུག་གོ་ལགས།