རྒྱལ་ཁབ་ནང་ དྲག་ཤོས་ཀྱི་ མཚན་གནས་ཐོབ་ཁུངས།

ང་བཅས་རའི་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ དང་ཕུ་འབད་བ་ཅིན་ དྲག་ཤོས་ཀྱི་ མཚན་གནས་ཐོབ་མི་དེ་ བཀབ་ནེ་འབུ་རས་དམརཔོ་ ཐོབ་མི་རྐྱངམ་ཅིག་ཨིན་རུང་ ད་རེས་ནངས་པར་ གཞུང་གི་འགོ་དཔོན་ ལེ་ཤ་ཅིག་ལུ་ར་ དྲག་ཤོས་ཟེར་ ཞུ་དགོཔ་ལས་ འབྲུག་པའི་མི་སེར་ཚུ་ མགུ་ཐོམས་པའི་ གཞི་ཅིག་ལུ་ གྱུར་ཡོདཔ་ཨིན་པས།

དེ་ཡང་ དམག་མིའི་ནང་ སྡེ་བདག་ལས་ འགོ་བཙུགས་ཏེ་དང་ ཞི་གཡོག་ནང་འབད་བ་ཅིན་ རབ་འབྱམས་ཡན་ཆད་ལུ་ དྲག་ཤོས་དང་ ཨམ་སྲུ་ཡོད་ཚད་ཅིག་ལུ་ ཨ་མའི་མིང་གནས་ སྦྱར་དགོཔ་ལས་ འབྲུག་པའི་ལམ་སྲོལ་བཟང་པོ་འདི་ ཉམས་འགྱོ་དོ་བཟུམ་མའི་ ཚོར་སྣང་འབྱུང་མས་ཟེར་ རྒན་ཤོས་ཚུ་གིས་ བཤདཔ་་ཨིན་པས།

དེ་མ་ཚད་ འགོ་དཔོན་མང་ཤོས་ཅིག་གི་ ཐུགས་བཞེད་ལུ་ཡང་ དྲག་ཤོས་ཟེར་ མ་ཞུ་བ་ཅིན་ ཐུགས་མ་དགྱེསཔ་བཟུམ་མའི་ རྣམ་འགྱུར་ཚུ་ སྟོན་དོ་ཡོད་པའི་གུ་ ཞུ་ཡིག་ཚུ་གི་ མགུ་རྒྱན་ལུ་ཡང་ དྲག་ཤོས་རིན་པོ་ཆེ་ཟེར་ མ་འབྲི་བ་ཅིན་ ཞུ་ཡིག་ཕུལ་མི་དེ་ཡང་ བསམ་པ་མ་རྫོགསཔ་བཟུམ་ཅིག་དང་ སྐྱིད་སྡུག་མི་འཐོབ་ནི་བཟུམ་ཅིག་སྦེ་ ཚོརཝ་ཨིན་པས།

དེ་འབདཝ་ལས་ འཇིག་རྟེན་པའི་ དཔྱེ་གཏམ་ལུ་ཡང་ ལ་མ་བརྒལ་ ལ་རྩའི་མགུ་དང་ ཆུ་མ་བརྒལ་ ཟམ་པའི་སྦུག་ཟེར་ སླབ་དོ་བཟུམ་སྦེ་ ད་ལྟོ་ སྔ་གོང་ལས་ར་ འབྲེལ་ཡོད་ལྷན་ཁག་དང་ ལས་ཁུངས་ཚུ་གིས་ དྲག་ཤོས་ཀྱི་ མཚན་གནས་ཐོབ་ཐངས་ཀྱི་ རྣ་གཞག་ཅིག་ བཟོ་མ་གནང་པ་ཅིན་ མ་འོངས་པ་ལུ་ རྒྱལ་ཁབ་ནང་ དྲག་ཤོས་མི་ཤོང་ནི་གི་ ངེས་པ་ཡང་ མི་འོང་ནི་ཨིན་པས་ཟེར་བའི་ བསམ་འཆར་ཚུ་ཡང་ བཤདཔ་ཨིན་པས།

དེ་ལས་ འགོ་དཔོན་ལ་ལོ་ཅིག་གིས་ ལྟག་ལྐོག་ཁར་ དར་ཞུཝ་ཙམ་ཅིག་གིས་ དྲག་ཤོས་ཀྱི་ མཚན་གནས་ཐོབ་དགོཔ་བཟུམ་ཅིག་སྦེ་ མནོ་བསམ་བཏང་མི་རེ་ཡང་ ཐོན་དོ་ཡོདཔ་ད་ དེ་སྦེ་ དར་ཞུཝ་ཙམ་ཅིག་གིས་ དྲག་ཤོས་ཀྱི་ མཚན་གནས་ཐོབ་དགོ་པ་ཅིན་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ རྒཔོ་ཚུ་ལུ་ཡང་ བཀྲ་ཤིས་ལེགས་དར་ གནང་དོ་ཡོདཔ་ལས་ དྲག་ཤོས་རྒཔོ་ཟེར་ ཞུ་དགོ་ནི་ཨིན་པས།

དེ་བཟུམ་སྦེ་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་དང་འཁྲིལཝ་ད་ ལོ་ངོ་ ༥ རེའི་བར་ན་ རྒྱལ་ཡོངས་ཚོགས་འདུའི་ནང་ལས་ འཐུས་མི་ ༤༧ རེ་དང་ རྒྱལ་ཡོངས་ཚོགས་སྡེའི་ནང་ལས་ འཐུས་མི་ ༢༥ རེ་ དེ་ལས་ བློན་པོ་དང་ རྫོང་བདག་དང་ དྲང་དཔོན་ རྫོང་རབ་ དྲང་རབ་ དྲུང་ཆེན་ མདོ་ཆེན་ལ་སོགས་པའི་ དཔོན་ཁག་བགྲེསཔ་ཚུ་ཡང་ མང་རབས་ཅིག་ འཐོན་བཞིན་དུ་ཡོདཔ་ལས་ ཚ་གྱངས་ཅན་ཅིག་ཨིན་པས་ཟེར་ ཞུ་ནི་ཨིན།