རྒྱལ་ཁབ་ནང་ བཙག་འཐུའི་དོན་ལུ་ འདེམས་ངོ་ཚུ་གི་ སྒྲིག་གཞི་དག་པ་ཅིག་བསྐྱར་བཟོ།

ཡིག་ཚང་ལས་བྱེདཔ།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྲིད་དོན་ནང་ གྲལ་གཏོགས་འབད་མི་ཚུ་གི་དོན་ལུ་ འབྲུག་གི་བཙག་འཐུ་ལག་ལེན་གྱི་ སྒྲིག་གཞི་ ༢༠༢༢ ཅན་མ་དེ་ ཚད་གཞི་ཁ་སྐོང་དག་པ་ཅིག་ བསྐྱར་བཟོའི་ཐོག་ལས་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་དོན་ལས་ འདེམས་ངོ་ག་ཨིན་རུང་ གཞུང་གཡོག་དང་ ཡང་ཅིན་ སྒེར་སྡེའི་ལས་གཡོག་ནང་ དམའ་ཤོས་ལོ་ངོ་ ༥ གི་ ཉམས་མྱོང་དང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལས་ ལོ་ངོ་ ༡༠ གྱི་ ཉམས་མྱོང་དགོཔ་སྦེ་ བཀོད་དེ་ཡོདཔ་ཨིན་པས།
མ་གཞི་ མི་ལ་ལོ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཉམས་མྱོང་མེད་མི་ཚུ་གིས་ འགོ་ཁྲིད་ཀྱི་ འགན་ཁུར་ལེགས་ཤོམ་སྦེ་ འབག་མི་ཚུགས་ཟེར་ སླབ་མི་དེ་ འཛོལ་བ་ཨིནམ་སྦེ་ བཤདཔ་ཨིན་རུང་ མང་ཤོས་ཅིག་གིས་ར་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གིས་ གྲུབ་འབྲས་ཡོད་པའི་ ཁེ་ཕན་འབྱུང་ཐབས་ལུ་ དེ་བཟུམ་མའི་ ཚད་གཞི་དེ་ ངེས་པར་དུ་ དགོཔ་འདུག་ཟེར་ཨིན་པས།
སྤྱི་ཚོགས་ཀྱི་ འཐུས་མི་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཤེས་ཚད་ག་དེ་སྦེ་ར་ཡོད་རུང་ ཉམས་མྱོང་བཟུམ་མའི་ ཤེས་ཡོན་དང་ སློབ་སྟོན་ལས་ལྷག་པའི་ གཙུག་སྡེ་མེདཟེར་ཨིནམ་ད་ ཁོ་རང་ཡང་ འཐུས་མི་སྦེ་ འཛུལ་ཞུགས་འབད་བའི་ གནས་སྐབས་ནང་ ཉམས་མྱོང་མེད་པའི་ ན་གཞོན་ཅིག་འབདཝ་ལས་ རང་གིས་མནོ་དོ་བཟུམ་མའི་ ཁེ་ཕན་བྱུང་མ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ཚོགས་ཀྱི་ འཐུས་མི་གཞོནམ་ཚུ་གིས་ཡང་ རྒྱལ་ཁབ་ལུ་ ལེགས་ཉེས་ཀྱི་ གྲོས་ཐག་ག་ནི་ཡང་ བཅད་མ་ཚུགསཔ་ལས་ རང་ལས་རྒས་ཤོས་དང་ ཉམས་མྱོང་ཡོད་མི་ཚུ་ལུ་ གྲོས་བསྟུན་འབད་དགོཔ་ འབྱུང་མས་ཟེར་ཨིན་པས།
ཞི་གཡོག་འགོ་དཔོན་ཅིག་གིས་ དེ་བཟུམ་མའི་ ཚད་གཞི་ཚུ་ ཧེ་མ་ལས་ཡོད་པ་ཅིན་ ད་རེས་ བསྐྱར་བཟོ་འབད་དགོཔ་ མ་ཐོནམ་འོང་ཟེར་ བཤདཔ་མ་ཚད་ རེས་ཚེ་སྐབས་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ རྩོད་གླེང་ལུ་བལྟ་སྟེ་ཡང་ སེམས་ཕམ་བྱུང་མས་ཟེར་ བཤདཔ་ཨིན་པས།
དེ་ལས་ འདེམས་ངོ་གང་རུང་གིས་ སྒེར་སྡེ་དང་ ཡང་ཅིན་ གཞུང་གཡོག་ནང་ ལཱ་འབད་བའི་ ཉམས་མྱོང་དགོ་ཟེར་ བཀོད་ཡོད་མིའི་ཐད་ཁར་ གཞུང་གཡོགཔ་དེ་ལུ་ དཀའ་ངལ་མེད་རུང་ སྒེར་སྡེའི་ནང་ ལཱ་འབད་ཡོད་མེད་ཀྱི་ བལྟ་རྟོག་འབད་ནི་དེ་ ལཱ་ཁག་འོང་ནི་ཨིནམ་ལས་ བཙག་འཐུ་ལྷན་ཚོགས་ཀྱིས་ དྲནམ་བཏོན་ཏེ་ ཕྱག་ལཱ་གནང་དགོཔ་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།