རྒྱལ་ཁབ་ནང་ མི་གྲངས་ ༤༠ ལུ་ ནད་གཞི་ཨེཌཛ་གི་རྒྱུ་ ནད་འབུབ་ཨེཆ་ཨའི་ཝི་ ཐོབ་ཡོད་པའི་ངོས་འཛིན།

དུས་ཅི་ སྤྱི་ཟླ་ ༡ པ་ལས་ སྤྱི་ཟླ་ ༦ པ་ཚུན་འབདཝ་ད་ འདས་པའི་ཟླ་ངོ་ ༦ གི་རིང་ལུ་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ མི་གྲངས་ ༤༠ ལུ་ ནད་གཞི་ཨེཌཛ་གི་རྒྱུ་ ནད་འབུབ་ཨེཆ་ཨའི་ཝི་ ཐོབ་ཡོད་པའི་ ངོས་འཛིན་བྱུང་ནུག།

དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༢ ལུ་ གསོ་བའི་ལྷན་ཁག་ལས་ གསལ་སྟོན་འབད་མི་ སྙན་ཞུ་ཅིག་ནང་ བཀོད་ཡོདཔ་ད་ དེ་སྦེ་ ནད་འབུབ་ཐོབ་མི་ཚུ་ཡང་ ཕོ་སྐྱེས་ ༡༩ དང་ ཨམ་སྲུ་ ༢༡ ཨིན་པས།

དེ་སྦེ་ ནད་འབུབ་ཐོབ་མི་ཚུ་གི་གྲས་ལས་ སྐྱེས་ལོ་ ༢༥ ལས་ ༤༥ གི་བར་ན་འབད་མི་ བརྒྱ་ཆ་ ༧༠ དང་ སྐྱེས་ལོ་ ༥༠ ཡན་ཆད་འབད་མི་ བརྒྱ་ཆ་ ༥༠ སྐྱེས་ལོ་ ༢༠ ལས་ ༢༤ གི་བར་ན་འབད་མི་ བརྒྱ་ཆ་ ༥ དེ་ལས་ སྐྱེས་ལོ་ ༥ མན་ཆད་འབད་མི་ ཨ་ལོ་ ༥ ཨིནམ་སྦེ་བཀོད་ནུག།

ནད་འབུབ་ཐོབ་མི་ཚུ་གི་གྲས་ལས་ མི་ངོམ་ ༡༣ པོ་དེ་ གསོ་བའི་བརྟག་དཔྱད་སྐབས་ལུ་ ངོས་འཛིན་བྱུང་ཡོདཔ་ད་ མི་ངོམ་ ༡༢ པོ་དེ་ ཧེ་མ་ལས་ ནད་འབུབ་ཐོབ་མི་དང་ འབྲེལ་བ་ཡོད་མི་དང་ མི་ངོམ་ ༡༠ པོ་དེ་ ཁས་བླངས་ཐོག་ལས་ སྨང་ཁང་ནང་ བརྟག་དཔྱད་འབད་བར་འོང་མི་ དེ་ལས་ མི་ངོམ་ ༥ པོ་དེ་ ཨ་ལོ་ཆགས་ཏེ་ སྨན་ཁང་ནང་ ཞབས་ཏོག་ལེན་པར་ འོང་པའི་སྐབས་ལུ་ ངོས་འཛིན་བྱུང་ཡོདཔ་ཨིན་པས།

ནད་འབུབ་ཐོབ་མི་ མི་གྲངས་ ༣༨ ལུ་ ལུས་འབྲེལ་འབདཝ་ད་ ཉེན་སྲུང་གི་ ཐབས་ལམ་ཚུ་ ལག་ལེན་མ་འཐབ་ནི་དེ་གིས་ཨིནམ་ད་ དེ་ལས་ ཨ་ལོ་ ༢ ལུ་ ཨའི་ལས་ཐོབ་ཡོད་པའི་ ངོས་འཛིན་བྱུང་ནུག།

སྤྱི་ལོ་ ༡༩༩༣ ལས་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༦ པ་ཚུན་ལུ་ མི་གྲངས་བསྡོམས་ ༨༣༥ ལས་ ཨམ་སྲུ་ ༤༠༢ དང་ ཕོ་སྐྱེས་ ༤༣༣ ལུ་ ནད་འབུབ་ཨེཆ་ཨའི་ཝི་དེ་ ཐོབ་ཡོདཔ་ད་ སྤྱི་ལོ་ ༡༩༩༣ ལས་ ༢༠༠༠ གི་བར་ན་ འཕྲལ་འཕྲལ་སྦེ་ར་ ནད་འབུབ་ཐོབ་མི་ ཐོན་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྤྱི་ལོ་ ༢༠༠༠ ལས་ ༢༠༡༣ ཚུན་ལུ་ ནད་འབུབ་ཐོབ་མི་ ༩ ལས་ ༥༡ ལུ་ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་ ༢༠༡༣ ལས་ འགོ་བཙུགས་ཏེ་ ལོ་བསྟར་བཞིན་དུ་ མི་གྲངས་ ༤༩ ལས་ ༥༨ ཀྱི་བར་ན་ ཐོབ་ཡོདཔ་སྦེ་ བཀོད་འདུག་པའི་གནས་ཚུལ།