རྒྱལ་ཁབ་ནང་ སྤྲེལ་ཟླ་ཚེས་བཅུ་ཟེར་ ཨྱོན་གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་།

སྒྲོལ་མ་ཡེ་ཤེས།

ལོ་བསྟར་བཞིན་དུ་ རང་ཟླ་ ༥ པའི་ཚེས་ ༡༠ ལུ་ སྤྲེལ་ཟླ་ཚེས་བཅུ་ཟེར་ ཨྱོན་གུ་རུ་རིན་པོ་ཆེ་ སྐུ་འཁྲུངས་པའི་ དུས་ཆེན་ཁྱད་པར་ཅན་སྦེ་ བརྩི་སྲུང་ཞུ་སྲོལ་ཡོདཔ་ད་ དེ་ཡང་ རང་ལུགས་བསྟན་རྩིས་ཀྱི་ དགོངས་དོན་དང་མཐུནམ་སྦེ་ཨིན་པས།

གུ་རུ་རིན་པོ་ཆེ་དེ་ སྤྱིར་བཏང་ལུ་ དེ་བཞིན་གཤེགས་པ་ག་ར་གི་ གསུང་གི་བདག་ཉིད་ཨིན་པའི་ཁར་ ལྷག་པར་དུ་ ནུབ་ཕྱོགས་བདེ་བ་ཅན་ཞིང་ཁམས་ཀྱི་ མགོན་པོ་འོད་དཔག་མེད་ཀྱི་ཐུགས་ལས་ གསེར་གྱི་རྡོ་རྗེ་ཧྲཱྃ༔ གིས་མཚན་མི་ཅིག་ མེ་ཏོག་པདྨའི་སྦུག་ལུ་ ཕོག་མི་ལས་ སྐུ་འཁྲུངས་ནུག།

དེ་ཡང་ གནས་ཕུན་སུམ་ཚོགས་པ་ དབུས་གྱུར་རྡོ་རྗེ་གདན་གྱི་ ནུབ་ཕྱོགས་དང་ ཨྱོན་ཡུལ་གྱི་ལྷོ་ནུབ་ དེ་ལས་ སྲིན་པོའི་ཡུལ་གྱི་ ཐག་ཉེ་ལུ་ཡོད་མི་ དྷ་ན་ཀོ་ཤའི་མཚོའམ་ སྲིན་དྷུའི་མཚོ་གླིང་ལས་ སྐུ་འཁྲུངས་ཡོདཔ་ད་ མཁས་པ་ལ་ལོ་ཅིག་གིས་ དྷ་ན་ཀོ་ཤའི་མཚོ་དེ་ པ་ཀིཛ་ཏཱན་གྱི་ས་གནས་ སོ་ཝཱཌ་དང་ ལ་ལོ་ཅིག་གིས་ རྒྱ་གར་ཨོ་ཌི་ས་ཨིནམ་སྦེ་ བཤད་སྲོལ་ཡོདཔ་ཨིན་པས།

དུས་ཕུན་སུམ་ཚོགས་པ་ རང་ལུགས་ཆུ་ལུག་ལོར་ སངས་རྒྱས་སྐུ་མྱ་ངན་ལས་འདས་ཏེ་ རྗེས་ལོ་ཤིང་སྤྲེལ་ལས་བགྲངས་པའི་ ལོ་ངོ་བཅུ་གཉིས་འདས་པའི་ངོ་ཐོག་བཅུ་གསུམ་པ་ མེ་ཕོ་སྤྲེལ་ལོ་ཟླཝ་ ༥ པའི་ཚེས་ ༡༠ ལུ་ ཕ་མེད་མ་མེད་ ཁ་དོག་སྣ་ཚོགས་དང་ལྡན་པའི་ མེ་ཏོག་པདྨའི་སྦུབས་ལས་ སྐུ་འཁྲུངས་ནུག།

དེ་སྦེ་ སྐུ་འཁྲུངས་པའི་སྐབས་ལུ་ཡང་ ལོ་ན་ ༨ དང་ལྡན་པའི་ ན་ཆུང་བཟུམ་ཅིག་སྦེ་ འཁྲུངས་ཡོདཔ་ད་ མཚན་དང་དཔེ་བྱད་ཆ་ཚང་ སྐུ་ལུ་ཡོངས་སུ་རྫོགས་ཏེ་ ཕྱག་གཡས་པ་ལུ་ རྡོ་རྗེ་དང་ གཡོན་པ་ལུ་ པདྨ་བསྣམས་ཏེ་ པད་སྡོང་གི་ རྩེ་ལུ་བཞུགསཔ་ད་ ནུབ་ཕྱོགས་ཨྱོན་ཡུལ་གྱི་རྒྱལཔོ་ ཨིན་དྲ་བོ་དྷི་བར་བ་ལུ་ སྲས་མེད་པར་ དཀོན་མཆོག་ལུ་ མཆོད་པ་དང་ ངན་སློང་ལུ་ སྦྱིན་པ་བཏང་སྟེ་ བང་མཛོད་རྫོགས་སོངཔ་ལས་  རྒྱ་མཚོའི་གླིང་ལུ་ ཡིད་བཞིན་ནོར་བུ་ ལེན་པར་བྱོན་ཏེ་ ལོག་བྱོན་པའི་ལམ་ཁར་ ཆོས་བློན་ཏྲིག་ན་འཛིན་གྱིས་ གུ་རུ་མཇལ་ཏེ་ རྒྱལ་པོ་ལུ་ཞུཝ་ད་ རྒྱལ་པོ་གིས་ པདྨའི་སྡོང་པོ་ལས་ གུ་རུ་ཚུར་ལེན་ཏེ་ ས་ཁར་བཞག་པའི་སྐབས་ལུ་ པདྨའི་གདན་ལོག་ཅི་ར་ བྱུང་མི་ལུ་བརྟེན་ཏེ་ མཚན་ཡང་པདྨ་འབྱུང་གནས་ཟེར་ གསོལ་ཡོདཔ་མ་ཚད་ རྒྱལ་པོ་གིས་ དྲི་བ་ ༥ དེ་ཅིག་ཡང་ ཞུ་ཡོདཔ་ཨིན་པས།

དེ་ཡང་ ཁྱོད་ཀྱི་ཡབ་དང་ ཡུམ་ག་སྨོ? གཡུས་ག་ཏེ་ལས་སྨོ? གསོལ་ཚོགས་ག་ཅི་བཞེསཔ་སྨོ? ཕྱག་ལཱ་ག་ཅི་མཛདཔ་སྨོ་ཟེར་ ཞུ་བའི་ལན་ལུ་ གུ་རུ་གིས་ ང་ཡི་ཕ་ནི་རིག་པའི་ཡེ་ཤེས་ཡིན། །མ་ནི་དབྱིངས་ཕྱུག་ཀུན་ཏུ་བཟང་མོ་ཡིན། །ཡུལ་ནི་ཆོས་དབྱིངས་སྐྱེ་བ་མེད་པ་ཡིན། །རིགས་ནི་དབྱིངས་རིག་གཉིས་སུ་མེད་པར་གཏོགས། །ཟས་སུ་གཉིས་སྣང་རྟོག་པ་ཟ་བ་ཡིན། །འདི་ན་ཉོན་མོངས་གསོད་པའི་སྤྱོད་པ་སྐྱོང་། །ཟེར་གསུངམས་ལས་ ཡ་མཚན་གྱི་ གནས་ལུ་གཟིགས་ཏེ་ ཕོ་བྲང་ནང་ གདན་འདྲེན་ཞུ་ཞིནམ་ལས་ སྲས་ཀྱི་ཚབ་སྦེ་ རྒྱལ་སྲིད་ཕུལ་ཏེ་ མཚན་ཡང་མཚོ་སྐྱེས་རྡོ་རྗེ་ཟེར་གསོལ་ནུག།

དེ་གི་ཤུལ་ལས་ ཨྱོན་གུ་རུ་རིན་པོ་ཆེ་གིས་ འབྲུག་རྒྱལ་ཁབ་ནང་ ལན་ཐེངས་ ༣ ཞབས་ཀྱིས་བཅགས་ཏེ་ བདུད་དང་ འདྲེ་སྲིན་ཚུ་ དམ་བཏགས་གནང་མི་དེ་ ཐེ་ཚོམ་ག་ནི་ཡང་མེདཔ་ད་ བུམ་ཐང་གི་རྒྱལཔོ་ སྲིན་དྷུ་ར་ཛ་གིས་ མགྲོན་བརྡ་ཕུལ་མི་དང་བསྟུན་ཏེ་ འགོ་དང་པ་ ཞབས་བཅགས་གནང་པའི་སྐབས་ལུ་ བུམ་ཐང་སྐུ་རྗེས་བྲག་དང་ ཀུན་བཟང་བྲག་ མེ་འབར་མཚོ་དང་ འབྲུག་དབུས་ཕྱོགས་ཀྱི་ ས་ཁོངས་མང་རབས་ཅིག་ནང་ ཞབས་བཅགས་མཛད་དེ་ བྱིན་གྱིས་བརླབས་གནང་ཡོདཔ་ཨིན་པས།

འབྲུག་ལུ་ ལན་ཐེངས་ ༢ པ་ ཞབས་བཅགས་གནང་མི་དེ་ གུ་རུ་རིན་པོ་ཆེ་ བོད་བསམ་ཡས་ལྷ་ཁང་ བཞེངས་ཚར་ཏེ་ བོད་ལས་ ལོག་བྱོན་པའི་སྐབས་ལུ་ཨིནམ་ད་ དེ་བསྒང་ བཀྲིས་གཡང་རྩེ་ལུ་ ཨོཾ་སྦ་གནས་དང་ མོང་སྒར་ལུ་ ཨཱ༔བརྒྱ་གནས་ དེ་ལས་ ལྷུན་རྩེ་ལུ་ སེངྒེ་རྫོང་ལ་སོགས་པའི་ སྦས་གནས་ཁྱད་པར་ཅན་ ༡༠ དེ་ཅིག་ བྱིན་གྱིས་བརླབས་གནང་ནུག།

དེ་ལས་ གུ་རུ་རིན་པོ་ཆེ་དང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ ༢ སྤ་རོ་སྟག་ཚང་ལུ་ འཕུར་བྱོན་ཏེ་ སྤ་རོ་ལུ་ བྲག་དཀར་པོ་དང་ རྫོང་བྲག་ ར་རྒོད་ ཆིམ་ཕུག་ སྦས་ཡུལ་རིན་ཆེན་གཤོང་ཚུ་ནང་ ཞབས་ཀྱིས་བཅགས་གནང་པའི་ཤུལ་ལས་ ལྷོ་ནུབ་ཧཱ་གསང་སྦས་ཁ་ཚུན་ བྱོན་ཞིནམ་ལས་ གུ་རུ་རིན་པོ་ཆེ་དང་ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ ༢ ཇོ་མོ་ལྷ་རི་ལས་སྦེ་ ལོག་བོད་ལུ་ འཕུར་བྱོན་ཡོད་པའི་ ལོ་རྒྱུས་འདུག།

གུ་རུ་རིན་པོ་ཆེ་གིས་ རྒྱལ་ཁབ་ནང་ ལན་ཐེངས་ ༣ པ་ ཞབས་བཅགས་གནང་མི་དེ་ མཇུག་ཨིནམ་ད་ དེ་བསྒང་ ལྷོ་ནུབ་སྲིན་པོའི་གཡུས་ལུ་ བྱོན་ཡོདཔ་བཞིན་དུ་ ཐིམ་ཕུ་དང་ སྤུ་ན་ཁ་ དབང་འདུས་ཕོ་བྲང་ཚུ་ནང་ སྦས་གནས་ཁྱད་པར་ཅན་ ༢༡ དེ་ཅིག་ བྱིན་གྱིས་བརླབས་གནང་པའི་ཤུལ་ལས་ དར་དཀར་ནང་དང་ མཐའ་ནམ་མཁའ་རྫོང་ སྦས་ཡུལ་སྒོམ་བྲག་བརྒྱུད་དེ་ ལྷོ་ཕྱོགས་ཁ་ཐུག་ལུ་ བྱོན་ཡོདཔ་ཨིན་པས།

སྤྱི་ལོ་ ༧༤༧ ལས་ སྤ་རོ་སྟག་ཚང་དེ་ ཡོངས་གྲགས་སོང་མི་དེ་ཡང་ དེ་བསྒང་ གུ་རུ་རིན་པོ་ཆེ་གིས་ སྐུ་ཁྲོ་བོ་སྦེ་ རྡོ་རྗེ་གྲོ་ལོད་ལུ་ སྤྲུལ་ཐོག་ལས་ རྟ་གུ་ཆིབས་ཏེ་ ས་ཁོངས་དེ་ནང་ བྱོན་ཞིནམ་ལས་ ལུང་ཕྱོགས་དེ་ནང་ འདྲེ་གདོན་འབྱུང་པོ་ཚུ་ དམ་བཏགས་པའི་ཤུལ་ལས་ ད་རེས་ དཔལ་ཕུག་ལྷ་ཁང་བཞེངས་སའི་ བྱག་ཕུག་བྱིན་རླབས་ཅན་དེ་ནང་ སྒྲུབ་པ་གནང་སྟེ་བཞུགས་ནུག།

གསང་སྔགས་ཀྱི་ ཆོས་འབྱུང་དང་འཁྲིལཝ་ད་ ས་གནས་ཀྱི་ གནས་བདག་ཆ་ཁྱབ་ དམ་བཏགས་གནང་མི་ཚུ་ ནང་པ་སངས་རྒྱས་པའི་ སྲུང་མ་སྦེ་ བསྐོས་གནང་མིའི་གྲས་ལས་ ༡ ད་རེས་ནངས་པར་ སེངྒེ་བསམ་གྲུབ་དེ་ སྟག་ཚང་གི་ བཀའ་སྲུང་སྦེ་ ངོས་འཛིན་འབདཝ་ཨིན་པས།

སྤྲེལ་ཟླའི་ཚེས་བཅུ་སྐབས་ལུ་ གཞུང་འབྲེལ་ངལ་གསོ་སྦེ་ བཞག་མི་དེ་ཡང་ ཨྱོན་གུ་རུ་གིས་ དུས་རབས་ ༨ པའི་ནང་ རྒྱལ་ཁབ་འདི་ཁར་ ཞབས་བཅགས་མཛད་དེ་ བདུད་བཏུལ་ གསང་སྔགས་ཀྱི་ ཆོས་འཁོར་བསྐོར་ ས་གཞིས་ག་ར་ སྦས་གནས་ཁྱད་པར་ཅན་ལུ་ བྱིན་གྱིས་བརླབས་ གཏེར་ཁ་སྦས་ ཚོགས་བསགས་ཀྱི་རྟེན་ ཞབས་དང་ ཕྱག་ལ་སོགས་པའི་ སྐུ་རྗེས་མང་རབས་ཅིག་ བཞག་གནང་མི་ལུ་ བཀྲིན་བསམ་ཐབས་ལུ་ཨིན་པས།

དེ་བཟུམ་སྦེ་ ཨྱོན་གུ་རུ་གིས་ ལྷོ་མོན་ལྗོངས་ཀྱི་ དུས་ངན་སྙིགས་མའི་ སེམས་ཅན་ཚུ་གི་ སྡུག་བསྔལ་སྐྱབས་ནི་ལུ་ ཞལ་གྱིས་བཞེས་གནངམ་ལས་ སྤྲེལ་ཟླ་ཚེས་བཅུའི་སྐབས་ལུ་ ཨྱོན་གུ་རུ་རིན་པོ་ཆེ་ལུ་ དད་མོས་ཀྱི་སྒོ་ལས་ གསོལ་བ་བཏབ་པ་ཅིན་ ཚེ་འདི་ཕྱི་གཉིས་ཆ་ར་ལུ་ བྱིན་རླབས་དང་ དངོས་གྲུབ་འཐོབ་ནི་ཨིན་པའི་གནས་ཚུལ།