རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ འཐུས་ཤོར་བྱུང་མི་ཚུ་ལུ་ འགན་འཁྲི་བཀལ་ནི།

བདེ་སྐྱིད་ཆོས་སྒྲོན།
སྤྱི་ཟླ་ ༤ པའི་ཚེས་ ༢༩ ལུ་ མངོན་མཐོ་ཁྲིམས་འདུན་ལས་ འཁྲུན་ཆོད་གནང་ཚར་བའི་ཤུལ་ལུ་ ཀྲོང་གསར་རྫོང་བདག་བགྲེསཔ་ ལྷབ་རྡོ་རྗེ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོཊ་ཀྱི་ མདོ་ཆེན་ཅིག་ལུ་ གྱི་གསོབ་བྱིན་པའི་ཤུལ་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ བྱེལཝ་ལངས་མིའི་ རྒྱུ་རྐྱེན་ལུ་ དྲི་ཞིབ་འབདཝ་ད་ བྱ་སྒོའི་ལམ་ལུགས་དང་ ཉེན་སྲུང་གཉིས་ཆ་རའི་ནང་ འཐུས་ཤོར་བྱུང་ནུག་ཟེར་ཨིན་པས།
དེ་ཡང་ མངོན་མཐོ་ཁྲིམས་འདུན་ལས་ ཀྲོང་གསར་གྱི་ ས་ཆ་ཉོ་བཙོང་དང་འབྲེལ་བའི་ འཁྲུན་ཆོད་གནང་སྟེ་ རྩོད་རྩ་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྡེ་ཚན་དང་ རྩོད་ཟླའི་ཉེ་ཚན་ཚུ་ ཁྲིམས་ཁང་ནང་ལས་ ཕྱི་ཁར་ཐོན་པའི་སྐབས་ལུ་ རྩོད་ཟླ་གིས་ རྩོད་རྩའི་འགོ་དཔོན་ལུ་ བརྡུང་རྫོབ་འབད་ཡོདཔ་མ་ཚད་ གྱི་ཅུང་ལག་ལེན་འཐབ་སྟེ་ རྨ་སྐྱོན་ཡང་བཏོན་ནུག།
ཁྲིམས་སྡེའི་ཁ་ཐུག་ལས་ བྱ་སྒོའི་ལམ་ལུགས་ནང་ འཐུས་ཤོར་བྱུང་མི་དེ་ཡང་ མངོན་མཐོ་ཁྲིམས་འདུན་གྱིས་ ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ གཞི་འཛིན་མཛད་དེ་ རྩོད་ཟླ་ ༣ ལུ་ ཁྲིམས་འཐུས་བཏབ་མ་ཆོག་པའི་ འཁྲུན་ཆོད་གནང་པའི་ཤུལ་ལས་ ཁྲིམས་སྲུང་འགག་པ་ལུ་ རྩིས་མ་སྤྲོད་པར་ ཐད་ཀར་དུ་ རྩ་ཕན་ཚུ་ག་ར་ ཕྱི་ཁར་ཐོན་འགྱོ་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
འགག་སྡེའི་ཐད་ཁར་ རྩོད་ཟླ་ཚུ་ བཙོན་ཁང་ནང་ འཁྱིད་ནིའི་དོན་ལུ་ སྣུམ་འཁོར་དང་ བཙོན་སྲུངཔ་ཚུ་ གྲ་སྒྲིག་སྦེ་ མ་བཞག་པའི་ཁར་ མངོན་མཐོ་ཁྲིམས་འདུན་གྱི་ སྒོ་ར་ཁ་ལས་ ཉེན་སྲུང་ལྟ་རྟོག་པ་ཚུ་གིས་ རྩོད་རྩ་དང་ རྩོད་ཟླ་ཚུ་ མཚོན་ཆ་འབག་སྟེ་ཡོད་མེད་ ཞིབ་དཔྱད་རྐྱབ་ནིའི་ནང་ཡང་ འཐུས་ཤོར་བྱུང་ནུག།
སྤྱི་ཟླ་ ༥ པའི་ཚེས་ ༡༣ ལུ་ འགག་སྡེ་ལྟེ་བ་ལས་ འཐུས་ཤོར་བྱུང་མིའི་ རྩོད་གཅོད་དེ་ མཇུག་བསྡུ་ཡོད་རུང་ ཐིམ་ཕུ་འགག་སྡེའི་ སྡེ་ཚན་གྱི་ཁ་ཐུག་ལས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ལས་ སྤྱི་ཟླ་ ༥ པའི་ཚེས་ ༡༦ དང་ ༡༧ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།