ཚེ་རིང་ནོར་བུ།
སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༤ པའི་ བཞུགས་རིམ་ ༢ པའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༣ པའི་ གྲོས་ཆོད་དང་ལེན་གྱི་ སྙན་ཞུ་ཕུལ་ནུག།
དེཡང་ འབྲུག་གི་རྩ་ཁྲིམས་ཆོན་མོའི་ རྩ་ཚན་ ༡༡ པའི་ དོན་ཚན་ ༢ པའི་ དགོངས་དོན་དང་ རྒྱལ་ཡོངས་ཚོགས་སྡེའི་ བཅའ་ཁྲིམས་ ༢༠༠༨ ཅན་མའི་ དོན་ཚན་ ༡༢༧ པ་ དེ་ལས་ རྒྱལ་ཡོངས་ཚོགས་སྡེའི་ བྱ་བའི་གནད་སྤྱོད་ ༢༠༡༦ ཅན་མའི་ དོན་ཚན་ ༡༤༧ དང་ ༡༤༨ པ་ལྟར་དུ་ ཁྲི་འཛིན་འོགམ་གིས་ གཞུང་ལས་འབྱོར་མི་ གྲོས་འཆར་དང་ལེན་གུ་ ཚོགས་དམངས་ཡོངས་ལུ་ བཅུད་བསྡུ་སྟེ་ ཞུ་ཡོདཔ་ཨིན་པས།
དེ་གི་ཤུལ་ལུ་ མི་སྡེ་དང་ ལམ་སྲོལ་ལས་དོན་ཚོགས་ཆུང་གི་ ཁྲི་འཛིན་འོགམ་ མགར་སའི་འཐུས་མི་ ཚེ་རིང་གིས་ དབང་པོ་སྐྱོན་ཅན་གྱི་ གནས་སྟངས་བསྐྱར་ཞིབ་གུ་ གྲོས་འདེབས་གཙོ་བོ་ ༨ དང་ ཡན་ལག་གྲོས་འདེབས་ ༣༨ གཞུང་ལུ་ཕུལ་མིའི་ དང་ལེན་སྙན་ཞུ་དང་ གཞུང་སྐྱོང་ལེགས་ལྡན་ཚོགས་ཆུང་གི་འཐུས་མི་ ཁྱད་ལྡན་གྱི་འཐུས་མི་ ཕུན་ཚོགས་རབ་བརྟན་གྱིས་ ས་སྟོང་དང་ གུང་སྟོང་གུ་ གྲོས་ཆོད་ཡོངས་བསྡོམས་ དབྱེ་ཁག་ ༣ དང་ ཡན་ལག་དབྱེ་ཁག་ ༡༢ གུ་ དང་ལེན་སྙན་ཞུ་ཕུལ་ནུག།
དེ་བཟུམ་སྦེ་ རང་བཞིན་ཐོན་སྐྱེད་དང་ མཐའ་འཁོར་གནས་སྟངས་ ཚོགས་ཆུང་གི་ཁྲི་འཛིན་ ལྷུན་རྩེའི་འཐུས་མི་ སྐལ་བཟང་ལྷུན་གྲུབ་ཀྱིས་ འགྲོ་བ་མི་དང་ རི་དྭགས་སེམས་ཅན་ཚུ་གི་བར་ན་ བྲེལ་འཛིང་དང་ རང་བཞིན་རྐྱེན་ངན་ལུ་བརྟེན་པའི་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་བྱུང་ཡོད་མིའི་ རྒུད་འཐུས་སྲིད་བྱུས་བསྐྱར་ཞིབ་ཀྱི་ གྲོས་འདེབས་ཁག་ ༦ ལུ་ དང་ལེན་སྙན་ཞུ་ ཕུལ་ཡོདཔ་ཨིན་པས།
དེ་མ་ཚད་ འཐུས་མི་ ༧ དེ་ཅིག་གིས་ ས་སྟོང་དང་ གུང་སྟོང་གི་ གྲོས་ཆོད་དང་ལེན་གུ་ བསམ་པ་མ་རྫོགས་པའི་ བསམ་འཆར་ཚུ་ བཀོད་པ་ལུ་བརྟེན་ཏེ་ རྒྱལ་ཡོངས་ཚོགས་སྡེའི་ བྱ་བའི་གནད་སྤྱོད་ ༢༠༡༦ ཅན་མའི་ དོན་ཚན་ ༡༤༧ དང་འཁྲིལ་ཏེ་ གཞུང་གི་དབུ་ཁྲིདཔ་ལུ་ དྲི་བཀོད་ཀྱི་ མཛད་རིམ་ཅིག་ འགོ་འདྲེན་འཐབ་ནི་དི་ ཐུགསཧ་ཐག་བཅད་ནུག།
དེ་འབདཝ་ལས་ དྲུང་ཆེན་གྱི་ ཡིག་ཚང་ཁ་ཐུག་ལས་ ཤུལ་མའི་ཚོགས་ཐེངས་ འགོ་མ་བཙུགས་པའི་ ཟླ་ངོ་ ༡ གི་ སྔོན་གོང་ལས་ར་ ལན་གསལ་ཚུ་ ཞུ་དགོ་པའི་ གྲོས་འཆར་ ༢ གུ་ ཚོགས་དམངས་ཀྱིས་ ཕྱག་ཡར་སེང་ཐོག་ལས་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།