དཔལ་འབྱོར་གྱི་མཐོང་སྣང་།
སྤྱི་ལོ་ ༢༠༢༠ ལུ་ ནད་ཡམས་ཀོ་ཝིཌ་ལུ་བརྟེན་ཏེ་ དཔལ་འབྱོར་ཡར་འཕར་དེ་ ཚབས་ཆེན་སྦེ་ བརྒྱ་ཆ་ ༡༠.༡ གིས་ ཉམས་ཆག་བྱུང་ཡི་ཟེར་ཨིནམ་ད་ དེ་ཡང་ དཔལ་འབྱོར་ཡར་འཕར་གྱི་ཚད་དེ་ སྤྱི་ལོ་ ༢༠༢༡ ལུ་ བསྐྱར་ལོག་བརྒྱ་ཆ་ ༣.༧ དང་ སྤྱི་ལོ་ ༢༠༢༢ ལུ་ བརྒྱ་ཆ་ ༤.༥ གུ་ གནས་ནི་གི་ ཚོད་རྩིས་བཏོན་ནུག།
རྩིས་ལོ་ ༢༠༢༢-༢༣ ལུ་ དཔལ་འབྱོར་ཡར་འཕར་དེ་ བརྒྱ་ཆ་ ༤.༥ གུ་ གནས་ནི་གི་ ཚོད་རྩིས་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༡ སྤྱི་ཟླ་ ༧ པ་ལས་ འགོ་བཟུང་སྟེ་ བྱེམ་ཕོག་ཡོད་མི་ཚུ་ལུ་ འབབ་ཁུངས་ཀྱི་ རྒྱབ་སྐྱོར་དང་ སྐྱེད་ཀྱི་རྒྱབ་སྐྱོར་ཡོངས་རྫོགས་ འབྲུག་རྒྱལ་པོའི་ མགོན་སྐྱབས་སྐྱིད་སྡུག་དང་ སྲུང་སྐྱོབ་མ་དངུལ་ཐོག་ལས་གནང་ཡོདཔ་ཨིན་པས།
རྩིས་ལོ་ ༢༠༢༢-༢༣ གྱི་ འཆར་དངུལ་གྱི་ དམིགས་དོན་འདི་ བཟའ་འཐུང་རང་གོ་རང་འདྲོངས་དང་ མི་སྟོབས་གོང་འཕེལ་ ཡུན་བརྟན་ཅན་གྱི་ གཞི་རྟེན་མཁོ་ཆས་གོང་འཕེལ་ མི་སྡེའི་ཉེན་སྲུང་ ལེགས་སྒྱུར་ཚུ་གི་སྒོ་ལས་ དཔལ་འབྱོར་བསྐྱར་གསོ་འབད་ནུག།
འཐོན་ཁུངས།
རྩིས་ལོ་ ༢༠༢༢-༢༣ གྱི་དོན་ལུ་ འཐོན་ཁུངས་བསྡོམས་ དངུལ་ཀྲམ་ས་ཡ་ ༥༡,༩༢༥.༧༥༤ ཡོད་མི་འདི་ འདས་པའི་རྩིས་ལོ་ནང་གི་ བསྐྱར་བཟོའི་ཐོན་ཁུངས་ ཚོད་རྩིས་ལས་ བརྒྱ་ཆ་ ༡༣.༨ ཀྱིས་ དམའཝ་སྦེ་ཨིན་པས།
ནང་འཁོད་འོང་འབབ་ དངུལ་ཀྲམ་ས་ཡ་ ༣༦,༣༦༨.༢༧༠ འབད་མི་འདི་ ཧེ་མའི་ལོ་ལས་ བརྒྱ་ཆ་ ༢.༢ ཀྱིས་ མཐོཝ་སྦེ་ཡོདཔ་ད་ འོང་འབབ་ཚོད་རྩིས་ལུ་ ཡར་སེང་དེ་ཡང་ ཐད་ཀར་ཁྲལ་གྱི་ གྲུབ་འབྲས་ཡར་སེང་ལུ་བརྟེན་ཏེ་ཨིན་པས།
རྩིས་ལོ་ ༢༠༢༢-༢༣ དང་ ༢༠༢༣-༢༤ ལུ་ ནང་འཁོད་འོང་འབབ་དེ་ཡང་ ནང་འཁོད་མཁོ་འདོད་དང་ གཞུང་གི་ཟད་འགྲོ་ དེ་ལས་ སྤུ་ན་གཙང་ཆུ་ ༢ པ་ལས་ གློག་མེ་བརྒྱུད་སྤེལ་ འགོ་བཙུགས་ནི་ཚུ་ལུ་བརྟེན་ཏེ་ གོ་རིམ་བཞིན་དུ་ འགྱུར་ཁྱད་བརྒྱ་ཆ་ ༠.༨༠ དང་ ༣.༣༤ གི་སྒོ་ལས་ ལེགས་སྒྱུར་འཐོན་པའི་ ཚོད་རྩིས་བཏོན་ནུག།
ཟད་འགྲོ།
ཟད་འགྲོ་བསྡོམས་ དངུལ་ཀྲམ་ས་ཡ་ ༧༤,༨༠༧.༨༨༧ ཀྱི་ ཚོད་རྩིས་བཏོན་ཡོདཔ་ད་ མ་དངུལ་དེ་གི་ཐོག་ལས་ རྒྱུན་སྐྱོང་ལུ་ དངུལ་ཀྲམ་ས་ཡ་ ༣༦,༣༤༠.༩༤༢ དང་ གསར་སྒྲུབ་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་ ༣༨,༤༦༦.༩༤༥ ཨིན་པས།
རྩིས་ལོ་ ༢༠༢༢-༢༣ ཀྱི་ གསར་སྒྲུབ་འཆར་དངུལ་ཚོད་རྩིས་ དངུལ་ཀྲམ་ས་ཡ་ ༣༨,༤༦༦.༩༤༥ འབད་མི་དེ་ ཟད་འགྲོ་བསྡོམས་ལས་ བརྒྱ་ཆ་ ༥༡ དེ་ཅིག་ཨིནམ་ད་ ཟད་འགྲོ་ཡོངས་སྡོམས་ལས་ བརྒྱ་ཆ་ ༤༠ དེ་ཅིག་ གནང་སྦྱིན་དང་ བརྒྱ་ཆ་ ༡༡ ཕྱིའི་སྐྱིན་འགྲུལ་ དེ་ལས་ བརྒྱ་ཆ་ ༤༩ ནང་འཁོད་སྐྱིན་འགྲུལ་ཨིན་པས།
ལས་རིམ་གཙོ་བོ་ཚུ།
ནད་ཡམས་ཀོ་ཝིཌ་-༡༩ ལུ་གདོང་ལན།
ནད་ཡམས་ཀོ་ཝིཌ་ བཀག་ཐབས་དང་འབྲེལ་བའི་ཟད་འགྲོ་ དངུལ་ཀྲམ་ས་ཡ་ ༡,༠༠༠.༠༠༠ དང་ སྨན་ཁབ་ཉོ་ནི་ལུ་ དངུལ་ཀྲམ་ས་ཡ་ ༤༣༢.༥༧༠ གསོ་བའི་ལྷན་ཁག་འོག་ལུ་ དཔྱ་བགོ་ཡོདཔ་ཨིན་པས།
ཟུར་བཞག་མཐུན་རྐྱེན།
བསམ་རྩེ་དམ་དུམ་དང་ ཕུན་གླིང་ཨ་མོ་ཆུ་ གསར་སྤང་བདེ་སྐྱིད་གླིང་ བསམ་ལྗོངས་མོ་ཏང་ག་ཚུ་ནང་ ལག་ཐོག་ཡོད་མི་ ཟུར་བཞག་ལྟེ་བ་ཚུ་ བཟོ་བསྐྲུན་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་ ༡,༦༡༢.༠༣༣ བཞག་ནུག།
ལས་རིམ་གཙོ་ཅན།
ཤེས་རིག་དང་ རྒྱལ་ཡོངས་ཕྱགས་སྙིགས་དང་ སྤྱང་ཁྱི་འཛིན་སྐྱོང་ ལྟ་བཤལ་ རྒྱལ་ཡོངས་རང་བཞིན་ཐོན་སྐྱེད་ ནང་འཁོད་བཟོ་གྲྭ་ཆུང་བ་དང་ ཚོང་ལཱ་འགོ་བཙུགས་ འཐུང་ཆུ་ ཨང་གནས་འབྲུག་ཡུལ་ གསོ་བ་བཅས་ལུ་ དངུལ་ཀྲམ་ས་ཡ་ ༣,༡༣༠.༣༡༩ ཨིན་པས།
ཤེས་རིག་དང་ ཞི་གཡོག་གཞི་སྒྱུར།
ཤེས་རིག་གཞི་སྒྱུར་ལུ་ དངུལ་ཀྲམ་ས་ཡ་ ༣༣༢.༥༠༠ དང་ མཐོ་རིམ་ཤེས་ཡོན་གྱི་ སློབ་གཉེར་གྲོགས་རམ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་ ༢༦༡,༣༧༨ ཞི་གཡོག་གཞི་སྒྱུར་ལུ་ དངུལ་ཀྲམ་ས་ཡ་ ༡༠.༠༠༠ བཞག་ནུག།
འཁོར་ལམ་མཐུད་འབྲེལ།
འཁོར་ལམ་ཙན་ཐབས་ གོ་རིམ་ ༢ པའི་དོན་ལུ་ དངུལ་ཀྲམ་ས་ཡ ༣,༡༩༠.༥༦༢ དང་ འཁོར་ལམ་བཙན་ཐབས་ གོ་རིམ་ ༢ པའི་ གཙོ་རིམ་གཉིས་པ་ལུ་ དངུལ་ཀྲམ་ས་ཡ་ ༡,༥༠༠ གཞི་རིམ་རྒྱལ་ཡོངས་གཞུང་ལམ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་ ༨༦༣.༦༨༡ འབྲིང་རིམ་རྒྱལ་ཡོངས་གཞུང་ལམ་ལུ་ དངུལ་ཀྲམ་ས་ཡ་ ༢༤༤.༩༤༡ ཨིན་པས།
རང་བཞིན་སླར་བྱུང་འཐོན་སྐྱེད།
ས་ཁ་མཐོ་སའི་ གོང་འཕེལ་ལས་རིམ་ ལག་ལེན་ལུ་ དངུལ་ཀྲམ་ས་ཡ་ ༤༡.༢༩༡ དང་ ཞིང་ཆུའི་གཡུར་བ་བཟོ་བསྐྲུན་དང་ ཉམས་གསོའི་དོན་ལུ་ དངུལ་ཀྲམ་ས་ཡ་ ༩༩.༢༦༦ བཞག་ནུག།
མཁོ་སྤྲོད་རྒྱུན་ལམ་འཛིན་སྐྱོང་།
གཅིག་སྒྲིལ་བསིལ་མཛོད་དང་ སྒམ་རྐྱབ་ཁང་མིག་བཟོ་བསྐྲུན་ ཕྱིར་ཚོང་མཐུན་རྐྱེན་ལྟེ་བ་ ཁམ་དང་ ཅུ་གླི་གི་ཁྱེགས་རྫས་ དེ་ལས་ བཟོ་སྦྱོར་ཚོང་ལཱ་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་ ༡༣༤.༣༠༠ ཨིན་པས།
ལཱ་གཡོག་བཏོན་ཐབས།
ལག་རྩལ་གོང་འཕེལ་ འཇར་གཞི་དང་ ལས་འགུལ་ཚུ་གི་དོན་ལུ་ དངུལ་ཀྲམ་ས་ཡ་ ༨༡༤.༦༨༦ དང་ འབྲུག་བཟོ་བསྐྲུན་ལས་འགུལ་ལུ་ དངུལ་ཀྲམ་ས་ཡ་ ༨༡.༣༣༣ ན་གཞོན་གྲལ་གཏོགས་དང་ འཚོ་རྟེན་ལས་རིམ་ལུ་ དངུལ་ཀྲམ་ས་ཡ་ ༡༡༨ བཞག་ནུག།
ཕྱི་འབྲེལ་ལས་དོན།
རྒྱ་གར་དྷི་ལི་ལུ་ སྐུ་ཚབ་ཀྱི་ སྡོད་ཁྱིམ་དང་ ནང་ཆས་ལུ་ དངུལ་ཀྲམ་ས་ཡ་ ༥༠.༢༦༠ ཨིན་པས།
ཚོང་འབྲེལ་ལུ་ལྷན་ཐབས།
དམ་དུམ་དང་ དཔག་བསམ་ཁ་ སྦྱི་མི་ནང་ འཇིགས་མེད་གླིང་ མོ་ཏང་ག་ཚུ་ནང་ བཟོ་གྲྭའི་གླིང་ག་ གཞི་བཙུགས་ལུ་ དངུལ་ཀྲམ་ས་ཡ་ ༢༡༨.༨༢༡ དང་ དཔག་བསམ་ཁ་དང་ ངང་ལམ་ དགེ་ལེགས་ཕུག་ཚུ་ནང་ ས་ཐོག་འབབ་ཚུགས་གོང་འཕེལ་ལུ་ དངུལ་ཀྲམ་ས་ཡ་ ༥༡༦.༡༩༨ འབྲུག་ཤར་ཕྱོགས་དང་ དབུས་ཕྱོགས་ལུ་ ས་སྣུམ་བཀྲམ་སྤེལ་ ས་སྒོ་གོང་འཕེལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་ ༡༡༤.༤༠༤ སྲས་ཕུག་ལུ་ ཉི་དྲོད་གློག་མེ་ མེ་ག་ཝཱཏ་ ༡༧.༣༨ འབད་མི་ བཟོ་བསྐྲུན་ལུ་ དངུལ་ཀྲམ་ས་ཡ་ ༨༧༦.༠༧༥ བཞགནུག།
སླར་བྱུང་དང་ ཡུན་བརྟན་ཅན་གྱི་ སྐྱེལ་འདྲེན་གོང་འཕེལ།
རྫོང་ཁག་ ༡༥ གི་ནང་ ལག་ཐོག་ཡོད་མི་ གློག་སྣུམ་གྱི་ ནུས་ཤུགས་བསྐྱར་བཙུགས་ས་སྒོ་ གཞི་བཙུགས་ལུ་ དངུལ་ཀྲམ་ས་ཡ་ ༡༤.༢༥༡ བཞག་ཡོདཔ་ཨིན་པས།
ནང་འཁོད་གནམ་ཐང་གོང་འཕེལ།
ཡོན་ཕུ་ལ་ ནང་འཁོད་གནམ་གྲུ་ཐང་གི་ རྒྱུགས་ཐང་དང་ ཉེན་སྲུང་ས་སྒོ་ གོང་འཕེལ་ལུ་ དངུལ་ཀྲམ་ས་ཡ་ ༥༧.༤༦༧ དང་ བུམ་ཐང་ནང་འཁོད་ གནམ་གྲུ་ཐང་གི་རྒྱུགས་ཐང་ རྩི་ནག་བསྐྱར་ལོག་གཏང་ནི་དང་ རྒྱ་སྐྱེད་ལུ་ དངུལ་ཀྲམ་ས་ཡ་.༥༧.༠༤༩ བཞག་ནུག།
དེ་ལས་ རྫོང་གཞི་དང་ ལྷ་ཁང་ཚུ་ བཟོ་བསྐྲུན་དང་ ཉམས་གསོ་ལུ་ དངུལ་ཀྲམ་ས་ཡ་ ༧༢༩.༩༠༤ ཨིན་པས།
བུ་ལོན་གྱི་ གནས་སྟངས་དང་མཐོང་སྣང་།
སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༣ པའི་ཚེས་ ༣༡ ལུ་ ཕྱི་ཁའི་བུ་ལོན་དེ་ མི་མང་བུ་ལོན་ ཡོངས་བསྡོམས་ལས་ བརྒྱ་ཆ་ ༨༩.༧ འབདཝ་ད་ ནང་འཁོད་འཐོན་སྐྱེད་ ཡོངས་བསྡོམས་ལས་ བརྒྱ་ཆ་ ༡༡༧.༤ དང་ ཕྱི་ཁའི་བུ་ལོན་དེ་ གཙོ་བོ་ར་ རྒྱལ་ཁབ་ནང་ ཁོང་རང་གིས་ ལོག་བཏབ་ཚུགས་པའི་ བུ་ལོན་འབདཝ་ལས་ ཉེན་ཁ་མེདཔ་སྦེ་ བརྩི་སྲོལ་ཡོད་མི་ གློག་མེ་གོང་འཕེལ་ནང་ མ་རྩ་གཞི་བཙུགས་ཀྱི་དོན་ལུ་ ལེན་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༦ པའི་ཚེས་ ༣༠ ལུ་ དངུལ་ཀྲམ་ས་ཡ་ ༢༢༩,༢༠༢.༤༠༡ འབད་ས་ལས་ བརྒྱ་ཆ་ ༤.༦ ཡར་སེང་ཐོན་ཏེ་ དངུལ་ཀྲམ་ས་ཡ་ ༢༣༩,༨༡༤.༠༡༣ གུ་ གནས་ནི་གི་ ཚོད་རྩིས་བཏོན་ཡོདཔ་ཨིན་པས།
དེ་ཡང་ གཙོ་བོ་ར་ སྤྱི་ལོ་ ༢༠༢༢-༢༣ ལུ་ གློག་མེའི་བུ་ལོན་འཛིན་གྲོལ་ དངུལ་ཀྲམ་ས་ཡ་ ༡༡,༧༣༧.༢༢༤ དང་ རྒྱལ་སྤྱིའི་གོང་འཕེལ་དངུལ་ཁང་ཚུ་དང་ རྒྱ་པཱན་ཇའེ་ཀ་ལས་ འཆར་དངུལ་སྐྱིན་འགྲུལ་ དངུལ་ཀྲམ་ས་ཡ་ ༥,༤༧༠.༥༡༨ ལུ་བརྟེན་ཏེ་ཨིན་པས།
ཕྱི་ཁའི་སྐྱིན་འགྲུལ་དང་ ནང་འཁོད་འཐོན་སྐྱེད་ ཡོངས་བསྡོམས་ཀྱི་ ཆ་ཚད་འདི་ རྩིས་ལོ་ ༢༠༢༢-༢༣ ལུ་ བརྒྱ་ཆ་ ༡༡༧.༩ གུ་ གནས་ནི་དང་ དེ་གི་ཤུལ་མའི་ རྩིས་ལོ་ནང་ ཡར་སེང་མཐོ་དྲགས་འཐོན་ཏེ་ བརྒྱ་ཆ་ ༡༢༩.༡ གུ་ གནས་ནི་གི་ ཚོད་རྩིས་བཕཏོན་ཡོདཔ་ཨིན་པའི་གནས་ཚུལ།