ལྡོག་ཕྱོགས་འགོ་ཁྲིདཔ་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་ལུ་ དྲན་བརྡའི་ཡི་གུ།

སྤྱི་ཟླ་ ༡༡ པའི་ཚེས་ ༤ ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་ དྲག་ཤོས་པདྨ་ཚེ་དབང་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁྲི་འཛིན་ལུ་ ཞི་གཡོག་གི་ཁྱད་པར་དང་ ཕན་གནོད་ཚུ་དང་འབྲེལ་བའི་ ས་ཁོངས་ཚུ་ལུ་ བལྟ་རྟོག་འབད་དགོ་པའི་སྐོར་ལས་ ཡི་གུ་ཅིག་བཏང་ནུག།
ཡི་གུ་དེ་ནང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་གི་ འགན་ཁུར་དང་བསྟུན་ཏེ་ རྒྱལ་ཡོངས་གོང་འཕེལ་གྱི་ འཆར་གཞི་དང་ ལས་རིམ་ཚུ་ ལེགས་ཤོམ་དང་ ངེས་གཏན་བཟོ་ཐབས་ལུ་ དུས་དང་དུས་ལུ་ བལྟ་རྟོག་གི་ ལཱ་འགན་འབག་དགོཔ་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུ་ རང་སོའི་འདེམས་ཁོངས་ནང་ བལྟ་སྐོར་ལུ་འགྱོཝ་ད་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ ས་གནས་ཁག་གི་ ལས་སྡེ་ཚུ་ནང་ མི་སྟོབས་མ་ལང་པའི་ ཚ་གྱང་ཡོག་ལུགས་ཚུ་ བཀོད་དེ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གཞུང་ལྟེ་བ་ལུ་ཡང་ ཞི་གཡོགཔ་ཚུ་ ཕྱི་ཁར་འགྱོ་མི་ལུ་བརྟེན་ཏེ་ ཁྱད་ལཱའི་གནས་རིམ་ནང་ ས་སྟོང་ཚུ་ འཐོན་དོ་ཡོད་པའི་ ཚ་གྱང་འདུག་ཟེར་ཨིནམ་ད་ གལ་སྲིད་ གནས་སྟངས་དེ་ འཕྲོ་མཐུད་ཅན་ཅིག་ལུ་ འགྱུར་བ་ཅིན་ སྒྲིག་ལོ་ཚང་སྟེ་ དགོངས་ཞུ་འབད་ནི་ཚུ་ལུ་བརྟེན་ཏེ་ ལོ་ལྔའི་འཆར་གཞི་ ༡༣ པའི་ རེ་འདོད་སྦོམ་མའི་སྒོ་ལས་ གོང་འཕེལ་གྱི་ དམིགས་གཏད་དང་ གྲུབ་འབྲས་ཚུ་ལུ་ གནོད་པ་འབྱུང་སྲིད་ནི་མས་ཟེར་བཀོད་ནུག།
དེ་མ་ཚད་ ཐོན་རིམ་ཅན་གྱི་ ཚ་གྱང་གཞན་ཚུ་ཡང་ཡོད་པའི་གྲས་ལས་ རྒྱལ་ཡོངས་འཆར་གཞི་དང་ འགོ་འདྲེན་གྱི་དོན་ལུ་ འགོ་ཁྲིད་ལས་སྡེ་ ངེས་པ་མེདཔ་དང་ རྒྱལ་ཡོངས་འཆར་གཞི་དང་ འཆར་དངུལ་བཀོད་ནིའི་ནང་ འགོ་འདྲེན་གྱི་ དྭངས་གསལ་མེད་པའི་ཁར་ རྒྱལ་ཡོངས་འཆར་གཞི་དང་ ཡར་འཕེལ་ཚུ་གི་ བལྟ་ཞིབ་དང་ སྙན་ཞུའི་ཐེད་ལུ་ཡང་ དྭངས་གསལ་མིན་འདུག་ཟེར་ཨིན་པས།
གནད་དོན་དེ་ཚུ་ གཞུང་སྐྱོང་གི་ སྒྲིག་བཀོད་དང་ ཞབས་ཏོག་མཁོ་སྤྲོད་ཚུ་ ལེགས་ཤོམ་བཟོ་ནིའི་དོན་ལུ་ ལས་སྡེ་ཚུ་གི་ གཞི་སྒྱུར་ལས་ ཐོན་ཐོནམ་བཟུམ་ཅིག་ཡོདཔ་ལས་ འཆར་སྣང་ལྟར་དུ་ གཞུང་སྐྱོང་དང་ ཞབས་ཏོག་གཉིས་ཆ་རའི་ནང་ ལེགས་སྒྱུར་ཐོན་མ་ཚུགས་པས་ཟེར་བཀོད་ནུག།
དེ་བཟུམ་སྦེ་ ལས་སྡེ་ག་རའི་ནང་ ལས་གཡོགཔ་ཚུ་གི་བར་ན་ ཁྱད་ལཱའི་མཐུན་ལམ་ལུ་ཡང་ གནོད་ཉེན་ཡོདཔ་ལས་ གྲུབ་འབྲས་དབྱེ་ཞིབ་ལམ་ལུགས་ནང་ལས་ རིམ་སྒྲིག་གནད་དོན་དེ་ ཕྱིར་བཏོན་འབད་དགོ་པའི་ སྙན་ཞུ་ཕུལ་མི་དེ་ཡང་ གལ་ཆེ་བའི་ གནད་དོན་ཅིག་ཨིནམ་ལས་ སྤྱི་ཚོགས་བཞི་པའི་ ཚོགས་ཐེངས་དང་པའི་ནང་ གསུང་གྲོས་གནང་སྟེ་ རིམ་སྒྲིག་དེ་ ཕྱིར་བཏོན་འབད་ནི་ལུ་ ཐུགས་ཐག་བཅད་གནང་མི་དང་གཅིག་ཁར་ སྤྱི་ཚོགས་ནང་ལས་ འཆར་གཞི་ ༡༣ པའི་ནང་ མི་སྟོབས་ཡར་དྲགས་ཀྱི་དོན་ལུ་ མི་སྟོབས་གོང་འཕེལ་གྱི་ འཆར་དངུལ་དཔྱ་བགོ་དེ་ཡང་ ཡར་སེང་ལོག་བལྟབ་ཐོག་ལས་ དངུལ་ཀྲམ་ཐེར་འབུམ་ ༤.༩ གུ་ བཀལ་ནི་གི་ གྲོས་འདེབས་ཐོག་ལས་ ཆ་འཇོག་གནང་སྟེ་ཡོད་ཟེར་ཨིན་པས།
ང་བཅས་ཀྱི་ ཁ་ཐུག་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ བརྩོན་ཤུགས་ཚུ་ལུ་ ཡི་རངས་ཡོད་རུང་ ད་རེས་ ཆེ་མཐོའི་ཁྱད་ལཱ་འབད་མི་ཚུ་གི་ ས་སྟོང་ཐོན་ཏེ་ཡོད་མི་ཚུ་ བསུབ་ནིའི་དོན་ལུ་ ལཱ་གཡོག་བསྐོ་བཞག་དང་ ལས་སྡེ་ག་རའི་ནང་ མི་སྟོབས་བཙན་ཐབས་འབད་དགོཔ་ དེ་ལས་ རྒྱལ་ཡོངས་འཆར་གཞི་དང་ འགོ་འདྲེན་ལས་སྡེ་ལུ་ ངེས་གསལ་ཅན་གྱི་ འགན་ཁུར་བཀལ་ཐོག་ལས་ མི་སྟོབས་ཚུ་ ལངམ་སྦེ་སྤྲོད་དེ་ བཙན་ཐབས་འབད་ནི་དང་ འགྲོ་བ་མིའི་བརྩི་མཐོང་ལུ་ གཞི་བརྟེན་འབད་དེ་ ཁྱད་ལཱའི་ནང་ ཁས་ལེན་ཡར་དྲགས་ཀྱི་དོན་ལུ་ གྲུབ་འབྲས་དབྱེ་ཞིབ་རིམ་ལུགས་ སྤུས་དག་བཟོ་དགོཔ་ཚུ་ཡང་འདུག་ཟེར་བཀོད་ནུག།
ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་ རྒྱལ་ཡོངས་ཀྱི་ དམིགས་དོན་དང་ རེ་འདོད་ཚུ་ འགྲུབ་ཐབས་ལུ་ གོང་གི་གནད་དོན་ཚུ་ བསལ་ནིའི་ནང་ དུས་ནམ་ར་འབད་རུང་ དགོས་དོན་ཡོད་པའི་ རྒྱབ་སྐྱོར་ཚུ་ ཕུལ་ནི་གི་ ཁས་ལེན་ཡོད་ལུགས་ཚུ་ཡང་ བཀོད་འདུག་པའི་གནས་ཚུལ།