ལྷོ་ཀོ་རི་ཡའི་ ལྡོག་ཕྱོགས་འགོ་ཁྲིདཔ་ ལཱི་ཇེ་མི་ཡུང་གིས་ ཁ་ཉེས་འབག་མ་བཏུབ་མི་ལུ་ ལོ་ངོ་ ༡ གི་བཙོན་ཁྲིམས།

ཨེ་བི་སི།
ལྷོ་ཀོ་རི་ཡའི་ ལྡོག་ཕྱོགས་འགོ་ཁྲིདཔ་ ལཱི་ཇེ་མི་ཡུང་གིས་ སྲིད་འཛིན་བཙག་འཐུའི་དོན་ལས་ བསྐུལ་བསྒྲགས་འབད་བའི་སྐབས་ལུ་ བརྗོད་དོན་རྫུན་མ་ཚུ་གི་ ཁ་ཉེས་འབག་མ་བཏུབ་མི་དེ་ བཙག་འཐུའི་བཅའ་ཁྲིམས་ལས་ འགལ་ཡོད་པའི་ ཉེས་འཛུགས་ཐོག་ལུ་ ཁྲིམས་འདུན་ལས་ བཙོན་ཁྲིམས་བཀལ་ནུག།
དེ་ཡང་ ཉེས་ཁྲིམས་དེ་ བསྟར་སྤྱོད་འབད་བ་ཅིན་ ལཱི་ཇེ་མི་ཡུང་གིས་ ཁྲིམས་བཟོའི་ཚོགས་ཁང་ནང་ སྡོད་ཁྲི་སྟོངམ་གཏོན་དགོ་པའི་ཁར་ ཤུལ་མའི་སྲིད་འཛིན་བཙག་འཐུའི་ནང་ཡང་ དོ་འགྲན་འབད་ནི་གི་ གོ་སྐབས་མེདཔ་ འགྱོ་ནི་ཨིནམ་ལས་ རྒྱལ་ཁབ་ཀྱི་ སྲིད་བྱུས་ལུ་ འགྱུར་བ་སྦོམ་སྦེ་ར་ འཐོན་སྲིད་ནི་ཟེར་ཨིན་པས།
དེ་མ་ཚད་ ལཱི་ཇེ་མི་ཡུང་ལུ་ ངན་ལྷད་ཀྱི་ ཉེས་འཛུགས་ཁག་ ༣ དང་ གནོད་འགེལ་གྱི་ ཉེས་འཛུགས་ཚུ་ཡོད་རུང་ ཁོ་གིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནི་ཨིན་རུང་ སྤྱི་ལོ་ ༢༠༢༧ སྤྱི་ཟླ་ ༣ པའི་ནང་ སྲིད་འཛིན་བཙག་འཐུ་ འགོ་འདྲེན་མ་འཐབ་པའི་ཧེ་མར་ མངོན་མཐོ་ཁྲིམས་འདུན་ལས་ འཁྲུན་ཆོད་གཏོན་མི་གཏོན་ གསལ་རིལ་རི་ཅིག་ ག་ནི་ཡང་ མེད་ཟེར་བཀོད་ནུག།
སྤྱི་ཟླ་ ༡༡ པའི་ཚེས་ ༡༥ ལུ་ ལཱི་ཇེ་མི་ཡུང་གིས་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ སེ་འཱུལ་མངའ་སྡེའི་ ཁྲིམས་འདུན་ལས་ ཁོ་ལུ་ ལོ་ངོ་ ༢ ཀྱི་རྒྱབ་ལས་ ལོ་ངོ་ ༡ གི་ བཙོན་ཁྲིམས་འབག་དགོཔ་སྦེ་ འཁྲུན་ཆོད་གནང་མིའི་སྐོར་ལས་ མཐོ་གཏུགས་འབད་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
ལྷོ་ཀོ་རི་ཡའི་ ཁྲིམས་ལུགས་ལྟར་དུ་འབཕད་བ་ཅིན་ ལཱི་ཇེ་མི་ཡུང་ལུ་ བཙག་འཐུའི་བཅའ་ཁྲིམས་ལས་འགལ་བའི་ ཉེས་པ་ལུ་ ཌོ་ལར་ ༧༡༥ ཉེས་ཆད་ཕོག་ནི་དང་ ཡང་ཅིན་ གནོད་འགེལ་གཞན་དང་འབྲེལ་བའི་ བཙོན་ཁྲིམས་གང་རུང་ཕོག་པ་ཅིན་ ཁྲིམས་བཟོའི་ཚོགས་ཁང་ནང་ སྡོད་ཁྲི་བྱང་ནི་ཨིན་པའི་ཁར་ བཙག་འཐུ་ཚུ་གི་ནང་ཡང་ ལོ་ངོ་ ༥ གི་རིང་ལུ་ གྲལ་གཏོགས་འབད་མི་ཆོག་ནི་ཨིན་པས་ཟེར་བཀོད་ནུག།
ལཱི་ཇེ་མི་ཡུང་གིས་ འཛམ་གླིང་ནང་ ད་རུང་ཡང་ ཁྲིམས་འདུན་ ༢ ཡོད་ཟེར་ཨིནམ་ད་ དེ་ཡང་ མི་མང་གི་ བསམ་འཆར་དང་ འགྱུར་ལྡོག་མེད་པའི་ འབྱུང་རབས་ ༢ ཨིནམ་སྦེ་ བཤད་པའི་ཁར་ ད་རེས་ཀྱི་ མཐའ་དཔྱད་དེ་ རྩ་ལས་ར་ ངོས་ལེན་འབད་མ་ཚུགས་པའི་ གཞི་ཅིག་ཨིན་ཟེར་ཡང་ བཤད་ཡོད་མི་དེ་ མཐོ་གཏུགས་འབད་ནི་གི་ འཆར་གཞི་ཡོད་པའི་ ར་ཁུངས་ཨིན་པས།
ཁོ་གིས་ སྤྱི་ལོ་ ༢༠༢༢ ལུ་ སྲིད་འཛིན་བཙག་འཐུའི་ནང་ དོ་འགྲན་འབད་ཡོད་རུང་ སྲིད་འཛིན་ཡུན་སུག་ཡེ་ཨོལ་ལས་ རྒྱལ་ཁ་ཐོབ་མ་ཚུགས་པའི་ཁར་ ཁྲིམས་འགལ་གྱི་ ཉེས་པ་ཚུ་ཡང་ འཁྲི་དོ་ཡོདཔ་ལས་ ཁྲིམས་འདུན་ལས་གནང་མི་ བཙོན་ཁྲིམས་ཀྱི་ འཁྲུན་ཆོད་སྐོར་ལས་ བརྡ་བརྒྱུད་ཚུ་ནང་ ཁྱབ་སྤེལ་སོང་ཡོདཔ་མ་ཚད་ ཁོ་གི་རྒྱབ་སྐྱོརཔ་ཚུ་གིས་ཡང་ ཁོ་ལུ་ཉེས་པ་མེད་ཟེར་ ཁྲིམས་ཁང་གི་ ཉེ་འདབས་ཁྲོམ་ལམ་ཁར་ ངོ་རྒོལ་འགྲེམ་སྟོན་ཚུ་ འགོ་འདྲེན་འཐབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།