སྐོར་ར་རྐྱབ་དགོ་པའི་ རྒྱུ་མཚན་མདོར་བསྡུས།

རྒྱབ་ཁུངས།

༆   ལྷ་ཁང་དང་ མཆོད་རྟེན་ དར་ཤིང་ བླམ་ལ་སོགས་པ་ཚུ་ སྐོར་ར་རྐྱབ་དགོ་པའི་ དམིགས་ཡུལ་གཙོ་བོ་རང་ ལུས་ངག་ཡིད་གསུམ་གྱི་ སྡིག་སྒྲིབ་དག་ཐབས་ལུ་ཨིན་པས།

དེ་ཡང་ ལུས་ཀྱི་སྒོ་ལས་ སྐོར་ར་རྐྱབ་པ་ལུ་བརྟེན་ཏེ་ ལུས་ཀྱི་སྡིག་སྒྲིབ་དག་ནི་དང་། ངག་གི་སྒོ་ལས་ མ་ཎི་དང་ བཛྲ་གུ་རུ་ ཡིག་བརྒྱ་ལ་སོགས་པའི་ ཁ་ཐུན་དགེ་སྦྱོར་ལུ་བརྟེན་ཏེ་ ངག་གི་སྡིག་སྒྲིབ་དག། སེམས་ཀྱི་སྒོ་ལས་ དད་པ་དང་ མོས་གུས་ ཡིད་ཆེས་ཚུ་ བསྐྱེད་པ་ལུ་བརྟེན་ཏེ་ ཡིད་ཀྱི་སྡིག་སྒྲིབ་ཚུ་ དག་ནི་ཨིན་པས།

སྐོར་ར་རྐྱབ་ཡུལ།

༆   ལྷ་ཁང་དང་ མཆོད་རྟེན་ དར་ཤིང་ལ་སོགས་པ་ཚུ་ ལུས་ངག་ཡིད་གསུམ་ གུས་པའི་སྒོ་ལས་ དད་པ་དང་ མོས་གུས་བསྐྱེད་དེ་ སྐོར་ར་རྐྱབ་དགོཔ་ཨིན་པས། དེ་ཡང་ གཡས་བསྐོར་འབད་ རྐྱབ་དགོཔ་ད་ དེ་སྦེ་ སྐོར་ར་རྐྱབ་པའི་སྐབས་ལུ་ སྐོར་ར་རྐྱབ་སའི་ དམིགས་ཡུལ་གཙོ་བོ་ ལྷ་ཁང་དང་ མཆོད་རྟེན་ དར་ཤིང་ལ་སོགས་པ་ཚུ་ ག་ཅི་རང་ཨིན་རུང་། མེ་ཏོག་པདྨའི་ཤིང་སྡོང་ ག་ནི་བ་སྦོམ་པའི་ སྦུག་གི་གཞལ་ལག་གུ་ རང་གི་རྩ་བའི་བླམ་དང་། གཞལ་ལག་གཞན་ཚུ་གུ་ སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ འཁོར་དང་བཅས་པའི་ ལྷ་ཚོགས་ཚུ་ བཞུགས་ཏེ་ཡོད་པའི་ དམིགས་པ་བསྐྱེད་དེ་ རྐྱབ་དགོཔ་ཨིན་པས།

སྐོར་ར་རྐྱབ་ཐངས།

༆   ང་བཅས་ཀྱིས་ ལྷ་ཁང་དང་ མཆོད་རྟེན་ དར་ཤིང་ལ་སོགས་པ་ཚུ་ སྐོར་ར་རྐྱབ་པའི་སྐབས་ལུ་ གཡས་བསྐོར་འབད་ རྐྱབ་དགོཔ་ད། དེ་སྦེ་ གཡས་བསྐོར་རྐྱབ་དགོ་མི་དེ་ཡང་ སངས་རྒྱས་ཀྱི་ མཛོད་སྤུ་དང་ སྐུ་གཟུགས་ལུ་ཡོད་མི་ སྦ་སྤུ་ཚུ་ག་ར་ གཡས་བསྐོར་ལུ་ཡོད་པའི་ཁར། སངས་རྒྱས་ཕར་ཚུར་ བྱོན་པའི་སྐབས་ལུ་ཡང་ དུས་ནམ་རང་འབད་རུང་ གཡས་བསྐོར་འབད་ བྱོན་ནི་དེ་གིས་ཨིན་པས།

ཕན་ཡོན།

༆   ལྷ་ཁང་དང་ མཆོད་རྟེན་ དར་ཤིང་ལ་སོགས་པ་ཚུ་ སྐོར་ར་རྐྱབ་པ་ལུ་བརྟེན་ཏེ་ ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་ ཤ་ཟ་སྲིན་པོ་ཚུ་གིས་ དུས་ནམ་ཡང་ སྐོར་ར་རྐྱབ་མི་དེ་ལུ་ གནོདཔ་བཀལ་ནི་ཕར་བཞག། སྡོང་གྲོགས་མཛད་ཐོག་ལས་ ཚེ་འདི་ཁར་ དབང་ཐང་དང་ རླུང་རྟ་རྒྱས་ཏེ་ རྒྱུ་ནོར་ལོངས་སྤྱོད་ ཕུན་སུམ་ཚོགས་ནི་དང་ ཚེ་ཕྱི་མར་ བྱད་ངོ་རིས་ ག་ནི་བ་ མཇའ་རིསམོ་ལུ་སྐྱེ་སྟེ་ མནོ་དོན་ཅི་བསམ་གྲུབ་པའི་ ཕན་ཡོན་ཡོདཔ་ཨིན་པས།

ཕན་ཡོན་གྱི་ལོ་རྒྱུས།

༆   དེ་ཡང་ ཧེ་མར་ རྒྱ་གར་ལུ་ ཁྱིམ་བདག་དཔལ་སྐྱེད་ཟེར་མི་ ལོ་ན་རྒས་སུ་ཅིག་ཁར་ འཕགས་པ་ཤཱ་རི་བུ་ལས་ དགེ་སློང་གི་ སྡོམ་པ་ཞུ་བར་ འགྱོ་བའི་སྐབས་ལུ། འཕགས་པ་ཤཱ་རི་བུ་གིས་ མངོན་ཤེས་གཟིགསཔ་ད་ ཁྱིམ་བདག་གི་རྒྱུད་ལུ་ ཐར་པའི་ས་བོན་ཟེར་མི་ ཆུང་ཀུ་ཅིག་ཡང་མེདཔ་ལས་ སྡོམ་པ་མ་གནངམ་ཨིན་པས།

དེ་ལས་ ཁོ་ སེམས་ཕམ་སྟེ་ ཆུའི་ནང་མཆོངས་ཞིནམ་ལས་ ཤི་ནི་སྦེ་ འགྱོ་བའི་སྐབས་ལུ་ སངས་རྒྱས་ཀྱིས་ ཁོ་གི་གདོང་ཁར་བྱོན་ཏེ་ ཁྱོད་ག་ཅི་སྦེ་ ཆུའི་ནང་མཆོངས་ཏེ་ ཤི་ནི་འབདཝ་སྨོ་ཟེར་ གསུངས་པའི་ལན་ལུ། འཕགས་པ་ཤཱ་རི་བུ་ལས་ དགེ་སློང་གི་ སྡོམ་པ་ཞུ་བར་འགྱོཝ་ད་ ངེད་ཀྱི་རྒྱུད་ལུ་ ཐར་པའི་ས་བོན་མེདཔ་ལས་ དགེ་སློང་གི་ སྡོམ་པ་མི་ཐོབ་ཟེར་ གསུངས་ནི་དེ་གིས་ ཤི་ནི་སྦེ་ཨིན་ཟེར་ཞུ་ནུག།

སངས་རྒྱས་བཅོམ་ལྡན་འདས་ཀྱིས་ མངོན་ཤེས་གཟིགསཔ་ད་ ཧེ་མར་ སངས་རྒྱས་འོད་སྲུང་གི་སྐབས་ལུ་ ཁྱིམ་བདག་དེ་ ཕགཔ་ཅིག་གི་ སྐྱེ་བ་ལེན་ཏེ་ཡོདཔ་ལས། རོ་ཁྱི་གིས་ བདའ་འགྱོཝ་ད་ མཆོད་རྟེན་གཡས་བསྐོར་ལུ་ བྱོལ་འགྱོ་བའི་ ཕན་ཡོན་གྱིས་ དགེ་སློང་གི་ སྡོམ་པ་ཐོབ་པའི་ ལོ་རྒྱུས་ལ་སོགས་པ་འདུག།

དེ་སྦེ་ འདྲོགས་པའི་ཤུགས་ཀྱིས་ བྱོལ་འགྱོ་བའི་སྐབས་ལུ་ མཆོད་རྟེན་གཡས་བསྐོར་ལུ་ ཚུདཔ་ཙམ་ཅིག་གིས་ དེ་བཟུམ་མའི་ ཕན་ཡོན་ཡོད་པ་ཅིན། མོས་གུས་དང་ དད་པ་བསྐྱེད་དེ་ ལྷ་ཁང་དང་ མཆོད་རྟེན་ལ་སོགས་པ་ཚུ་ སྐོར་ར་རྐྱབ་པའི་ ཕན་ཡོན་ལུ་ ག་ཅི་སླབ་ནི་ སླབ་རང་མ་དགོ་ནི་ཨིན་ནོ། །