སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ གཞུང་དགེ་འདུན་གྲྭ་ཚང་གི་ ཚོགས་ཀྱི་སློབ་དཔོན་གསར་བསྐོས།

བདེ་སྐྱིད་ཆོས་སྒྲོན།
རང་ཟླ་ ༤ པའི་ཚེས་ ༡༢ སྤྱི་ཟླ་ ༦ པའི་ཚེས་ ༡༡ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ སེམས་རྟོགས་ཁ་ སེམས་དོན་རིག་པའི་ སྤེལ་ཁང་གི་དབུ་འཛིན་ མཁན་པོ་སངས་རྒྱས་མཁའ་འགྲོ་ལུ་ གཞུང་དགེ་འདུན་གྲྭ་ཚང་གི་ ཚོགས་ཀྱི་སློབ་དཔོན་སྦེ་ གསར་བསྐོས་ཐོག་ལས་ བཀྲ་ཤིས་ལེགས་དར་གནང་ཡི།
ཚོགས་ཀྱི་སློབ་དཔོན་ མཁན་པོ་སངས་རྒྱས་མཁའ་འགྲོ་མཆོག་གིས་ སྐུ་ན་ཆུང་ཀུ་ལས་ར་ དཔལ་ལྡན་འབྲུག་པའི་ཆོས་སྡེ་ འབྲུག་ཁམས་གསུམ་དབང་འདུས་ཆོས་ཀྱི་ཕོ་བྲང་ལས་ རང་ལུགས་ཀྱི་ཕ་ཆོས་བུ་ཆོས་ཚུལ་ལུ་ རིམ་པ་བཞིན་དུ་ ཐོས་བསམ་སྒོམ་གསུམ་ཚུ་ མཛད་ཡོདཔ་ཨིན་པས།
དེ་ལས་ དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་དམ་པ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་གནངམ་བཞིན་དུ་ སྤྱི་ལོ་ ༢༠༠༠ ལས་ ལོ་ངོ་ ༧ གྱི་རིང་ལུ་ རིན་ཆེན་གླིང་བཤད་གྲྭའི་ནང་ དབུ་འཛིན་གྱི་ ཕྱག་འགན་བཞེས་ཏེ་ བཞུགས་ཡོདཔ་ད་ སྤྱི་ལོ་ ༢༠༠༧ ལས་ ལོ་ངོ་ ༤ གི་རིང་ལུ་ རྟ་མགོ་མཐོ་རིམ་བཤད་གྲྭའི་ དབུ་འཛིན་གྱི་ གོ་གནས་བཞེས་ཏེ་བཞུགས་ནུག།
སྤྱི་ལོ་ ༢༠༡༤ ལས་ ད་ཚུན་ ལོ་ངོ་ ༨ ཀྱི་རིང་ལུ་ གཞུང་དགེ་འདུན་གྲྭ་ཚང་གི་ རིག་གཞུང་མཐོ་རིམ་སློབ་གྲྭ་ སེམས་དོན་རིག་པའི་ སྤེལ་ཁང་ནང་ དབུ་འཛིན་གྱི་ ཕྱག་འགན་བཞེས་ཏེ་ བཞུགས་ཡོདཔ་ཨིན་པའི་གནས་ཚུལ།