བདེ་སྐྱིད་ཆོས་སྒྲོན།
རང་ཟླ་ལྔ་པའི་ཚེས་ ༡༤ སྤྱི་ཟླ་ ༧ པའི་ཚེས་ ༡༢ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ ཚོགས་སྐོར་ནང་དང་ དགའ་སེང་ཤ་རི་སྤངས་ཁའི་ བླམ་ ༢ གསར་བསྐོས་ཐོག་ལུ་ བཀྲིས་ལེགས་དར་གནང་ནུག།
དེ་ཡང་ སྤུ་ན་ཁ་རྫོང་ཁག་ གཡུས་ལག་ཁུག་ལས་ སྐྱེས་ལོ་ ༣༩ འབད་མི་ བླམ་དཔལ་འབྱོར་གྱིས་ སྐྱེས་ལོ་ ༡༡ ལས་ སྤུངས་ཐིམ་གཞུང་གྲྭ་ཚང་གི་ ཆོས་སྒོར་བཞུགས་ཏེ་ དཀྱིལ་འཁོར་གྱི་རིམ་པ་དང་ ཆོ་ག་ཕྱག་ལེན་ རིག་གཞུང་ལ་སོགས་པ་ཚུ་ལུ་ སྦྱང་བརྩོན་འབད་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༠༨ ལས་ ལྷུང་མཚོ་བཀྲ་ཤིས་སྒང་དགོན་པར་ གྲུབ་དབང་དཀར་མདོག་གི་ སྐུ་མདུན་ལུ་བཅར་ཏེ་ ཕྱག་ཆེན་སྔོན་འགྲོ་དང་ ཟབ་ལམ་བླ་སྒྲུབ་ ཕྱག་ཆེན་ཆོས་དྲུག་ལ་སོགས་པ་ཚུ་དང་ དབང་ལུང་མན་ངག་ཚུ་ མང་རབས་ཅིག་ཞུ་སྟེ་ ལོ་གསུམ་ཕྱོགས་གསུམ་ གནང་པའི་ཤུལ་ལུ་ ཁ་ཐུན་གནང་སྟེ་ བཞུགས་བཞིན་དུ་ ཚོགས་སྐོར་ནང་གི་བླམ་སྦེ་ གསར་བསྐོས་གནང་ནུག།
དེ་ལས་ རྫོང་ཁ་དབང་འདུས་ཕོ་བྲང་ གཡུས་དབུ་མ་ཁ་སྟོད་ལས་ བླམ་ཀུན་དགའ་འཕྲིན་ལས་ཀྱིས་ དགུང་ལོ་ ༩ ལས་ སྤུངས་ཐིམ་གཞུང་གྲྭ་ཚང་ནང་ འཛུལ་བཞུགས་འབད་དེ་ གར་ཐིག་དབྱངས་གསུམ་ལུ་ སྦྱང་བརྩོན་འབད་བའི་ཤུལ་ལས་ མདོ་སྡེ་བྲག་བཤད་གྲྭའི་ནང་ ལོ་ངོ་ལྔའི་རིང་ལུ་ དབུ་མའི་སྐོར་ལས་ ཐོས་བསམ་མཐར་ཕྱིན་དང་ སྤྱི་ལོ་ ༢༠༡༡ ལུ་ རྟ་མགོ་དགོན་པ་ལས་ འཛིན་གྲྭ་དགུ་པ་མཐར་ཕྱིན་ནུག
དེ་ལས་ བཀྲ་ཤིས་སྒང་དགོན་པར་ གྲུབ་དབང་སློབ་དཔོན་དཀར་མདོག་གི་ སྐུ་མདུན་ལུ་བཅར་ཏེ་ ལོ་གསུམ་ཕྱོགས་གསུམ་གྱི་ སྒྲུབ་པ་མཐར་ཕྱིན་པའི་ཤུལ་ལས་ ཀློང་གྱུར་ཟེ་དགོན་པ་ལུ་ མཚམས་གཡོགཔ་སྦེ་ ཕྱག་ཞུ་ཡོདཔ་དང་ ད་རེས་ དགའ་སེང་ཤ་རི་སྤངས་ཁའི་བླམ་སྦེ་ གསལ་བསྐོས་གནང་འདུག་པའི་གནས་ཚུལ།