བདེ་སྐྱིད་ཆོས་སྒྲོན།
རང་ཟླ་ ༥ པའི་ཚེས་ ༥ ལས་ འགོ་བཟུང་སྟེ་ སྐྱབས་རྗེ་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ རྒྱལ་ཁབ་ནང་འཁོད་ཀྱི་ གྲྭ་ཚང་དང་ བཤད་གྲྭ་ཁག་གི་ དགེ་སློང་ ༦༨༢ ལུ་ བསྙེན་རྫོགས་ཀྱི་ སྡོམ་པ་གནང་དོ་ཡོདཔ་ཨིན་པས།
དེ་ཡང་ ཉིནམ་རེ་ལུ་ དགེ་སློང་ ༤༥ རེ་ལུ་ དགེ་སློང་བསྙེན་རྫོགས་ཀྱི་ སྡོམ་པ་གནང་དོ་ཡོདཔ་ད་ རང་ཟླ་ ༥ པའི་ཚེས་ ༥ ལས་ ཚེས་ ༡༠ ཚུན་ལུ་ དགེ་སློང་ ༢༧༠ དེ་ཅིག་ལུ་ སྡོམ་པ་གནང་ཚར་ཡོདཔ་ལས་ དེ་གི་ལྷག་ལུས་ དགེ་སློང་ ༤༡༢ དེ་ཅིག་ཡོད་མི་ རང་ཟླ་ ༥ པའི་ཚེས་ ༢༡ གི་ ནང་འཁོད་ལུ་ གནང་ཚར་ནི་ཨིན་པས།
དགེ་སློང་གི་སྡོམ་པ་ བསྙེན་རྫོགས་ཟེར་མི་འདི་ གསོལ་བཞིའི་ལས་ཀྱིས་ བསྙེན་པར་རྫོགས་པའི་ དགེ་སློང་ལུ་ གོ་ནི་ཨིནམ་ད་ དགེ་སློང་ཟེར་མིའི་ དོན་དག་འདི་ དགེ་བ་མིན་པའི་ལས་མི་བྱ། སློང་བ་མིན་པའི་ཟས་མི་ཟ་ཟེར་ཨིན་པས།
ཐིམ་ཕུ་རྟ་མགོ་རྡོར་གདན་བཀྲིས་ཐང་ ནང་པའི་གཙུག་ལག་སློབ་གྲྭའི་ དབུ་འཛིན་འོག་མ་ མཁན་པོ་ཉི་མ་ཤར་གྱིས་ བསྙེན་རྫོགས་ཀྱི་ སྡོམ་པ་ཟེར་མི་འདི་ རང་གི་ལུས་ངག་ཡིད་ ༣ གྱི་སྒོ་ལས་ སྲུང་དགོ་པའི་ མི་དགེ་བ་ཚུ་མ་འབད་བར་ ཚུར་དམ་སྡོད་མི་ཅིག་ལུ་ སྡོམ་ཟེར་གོཝ་ཨིན་ཟེར་ བཤདཔ་ཨིན་པས།
སྡོམ་པ་ཟེར་མི་དེ་ར་ དགེ་སློང་ཚུ་གི་ ཁྲིམས་བཟུམ་ཅིག་ཨིནམ་ད་ དགེ་སློང་ཚུ་གིས་ འབད་བཏུབ་ག་ཅི་ཨིན་ན་དང་ འབད་མ་བཏུབ་ག་ཅི་ཨིན་ན་ཚུ་ལུ་ གནས་མི་ཅིག་ལུ་ བསྙེན་རྫོགས་ཀྱི་ སྡོམ་པ་ཟེར་ སླབ་དོ་ཡོདཔ་ད་ བསྙེན་རྗོགས་ཀྱི་ སྡོམ་པ་འདི་ ཧེ་མར་ སངས་རྒྱས་ཞལ་བཞུགས་པའི་སྐབས་ལུ་ར་ བསྙེན་ཆོག་དང་ ད་ཆོག་ཟེར་ལྷམ་པ་ ༢ ལས་ ཧེ་མ་ར་ བསྙེན་ཆོག་ཟེར་མི་ སྡོམ་པ་གནང་པའི་ཤུལ་ལུ་ ད་ཆོག་ཟེར་མི་ གནངམ་ཨིན་ཟེར་ བཤདཔ་ཨིན་པས།
ད་རེས་ནངས་པར་ སྐྱབས་རྗེ་མཆོག་གིས་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་སྦེ་ ཉིནམ་རེའི་ནང་ དགེ་སློང་ ༤༥ རེ་ལུ་ བསྙེན་རྗོགས་ཀྱི་ སྡོམ་པ་གནང་དོ་ཡོདཔ་ད་ དེ་ཡང་ ཉིནམ་རེའི་ནང་ དགེ་སློང་ ༤༥ པོ་དེ་ ལོག་ཅིང་ར་ ལན་ཐེངས་ ༣ རེ་དང་ དགེ་སློང་ ༣ རེ་སྦེ་ ལན་ཐེངས་ ༢ རེ་ འཛུལ་དོ་ཡོདཔ་ཨིན་པས།
དེ་སྦེ་ དགེ་སློང་ ༣ རེ་སྦེ་ འཛུལ་མི་འདི་ སངས་རྒྱས་ཀྱི་ འདུལ་བ་ཟེར་མི་ དཔེ་ཆའི་ནང་ དགེ་སློང་ ༣ ལས་ ཡར་བརྒལ་བ་ཅིན་ འདུལ་བ་ཟེར་མི་ ལས་འདི་མི་ཆགས་ཟེར་ཨིནམ་ད་ ལྷུང་བཟེད་ གནམ་སྦྱར་ བླ་གོས་ དེ་ལས་ ཐང་གོས་ཀྱི་སྐབས་ལུ་ དགེ་སློང་ ༣ རེ་སྦེ་ འཛུལ་ནི་ཡོདཔ་ཨིན་པས།
དེ་ལས་ དགེ་སློང་ ༤༥ སྦེ་ སྟབས་ཅིག་ཁར་ ལན་ཐེངས ༣ དེ་རེ་ འཛུལ་ནི་ཡོད་མི་འདི་ སྡོམ་པ་གནང་སྟེ་ ཕྱག་འཚལ་ནིའི་དོན་ལུ་དང་ བར་ཆད་དྲི་བ་ཚར་ཏེ་ ལོག་ཕྱག་འཚལ་ནི་ དེ་ལས་ བསླབ་པ་བརྗོད་པའི་སྐབས་ལུ་ སྟབས་ཅིག་ཁར་འཛུལ་མིའི་ དོན་དག་འདི་ དེ་སྦེ་ཨིན་ཟེར་ མཁན་པོ་ཉི་མ་གིས་ བཤདཔ་ཨིན་པས།
ཉིན་གྲངས་ ༡༦ གི་རིང་ལུ་ གནང་པའི་བསྒང་ཡོད་མི་ དགེ་སློང་བསྙེན་རྗོགས་ཀྱི་ སྡོམ་པ་འདི་ རང་ཟླ་ ༥ པའི་ཚེས་ ༢༡ ལུ་ མཇུག་ནི་ཨིན་པའི་གནས་ཚུལ།