སྤུ་ན་ཁ་རྫོང་ཁག་ འཛོམས་མི་རྒེད་འོག་ནང་ འཐུང་ཆུའི་དཀའ་ངལ།

བདེ་སྐྱིད་ཆོས་སྒྲོན།
སྤུ་ན་ཁ་རྫོང་ཁག་ འཛོམས་མི་རྒེད་འོག་གི་ མི་སེར་ཚུ་ འཚོ་བ་གཙོ་བོ་ བྱཱ་ལཱ་ལུ་བརྟེན་ཏེ་ སྡོད་དོ་ཡོདཔ་ལས་ ཞིང་ཆུ་ལངམ་སྦེ་ཡོད་རུང་ གཡུས་ཚན་ཚུ་ནང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
དེ་ཡང་ སྐྱེས་ལོ་ ༣༧ འབད་མི་ འཛོམས་མི་རྒཔོ་ ཟླ་བ་བཀྲིས་ཀྱིས་ བཤད་ཡོདཔ་ད་ ཨིན་རུང་ འཐུངཆུའི་དཀའ་ངལ་དེ་ འཕྲལ་མགྱོགས་ ར་ བསལ་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།
མ་གཞི་ འཐུང་ཆུའི་དོན་ལུ་ གཞུང་ཞབས་ལས་ འཆར་གཞི་དང་འཁྲིལ་ཏེ་ མ་དངུལ་ཚུ་ ཐོབ་ཡོདཔ་བཞིན་དུ་ འཐུང་ཆུའི་རྐ་ཚུ་ བཏོན་ཡོད་རུང་ ན་ཧིང་ ཁཝ་ལུ་བརྟེན་ཏེ་ ཆུ་དུང་མེདཔ་བཏང་མི་ཚུ་ ད་རེས་ནངས་པར་ ཉམ་བཅོས་འབད་ཚར་ཏེ་ ཤེལ་རྔ་སྦྱིན་སྨད་རྒེད་འོག་ལས་ བཏོན་ནི་དེ་གིས་ འཐུང་ཆུའི་དཀའ་ངལ་དེ་ བསལ་ཚུགས་པའི་ རེ་བ་ཡོདཔ་ད་ ད་རུང་ ལོ་ ༡ དང་ ༢ ཀྱི་ ནང་འཁོད་ལུ་ར་ དཀའ་ངལ་དེ་ཚུ་ག་ར་ རྩ་བ་ལས་ར་ བསལ་ཚུགས་པའི་ རེ་བ་ཨིན་པས།
རྒེད་འོག་ནང་ ལཱ་ག་ཅི་ར་འབད་རུང་ ལོ་ལྔའི་འཆར་གཞིའི་ནང་ ཚུད་མི་ཚུ་ལུ་ གཙོ་བོར་བཏོན་དོ་ཡོདཔ་ད་ རྒེད་འོག་དེ་ནང་ མ་དངུལ་ཡང་ ཞུང་ཞབས་ལས་ འཆར་གཞི་དང་འཁྲིལ་ཏེ་ གནངམ་ཨིན་རུང་ འབྱུང་བཞིའི་རྐྱེན་ངན་རེ་ འབྱུང་པའི་སྐབས་ལུ་ འཆར་གཞི་དང་མ་འཁྲིལ་བའི་ ལཱ་འབད་དགོཔ་ཚུ་ཡང་ འཐོན་མས་ཟེར་ བཤདཔ་ཨིན་པས།
རྒཔོ་ཟླ་བ་བཀྲིས་ཀྱིས་ སྤྱི་ལོ་ ༢༠༠༨ ལས ༢༠༡༣ ཚུན་ རྒེད་དྲུང་སྦེ་ ཕྱག་ཞུ་ཡོདཔ་ད་ སྤྱི་ལོ་ ༢༠༡༦ ལས ༢༠༢༡ ཚུན་ དམངས་མི་སྦེ་ ཕྱག་ཞུ་བའི་ཤུལ་ལུ་ བཙག་འཐུ་ཐེངས་ ༣ པའི་ནང་ རྒ་པོའི་འདེམས་ངོ་སྦེ་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ མི་སེར་ཚུ་གིས་ཡང་ རྒྱབ་སྐྱོར་འབད་དེ་ རྒ་པོའི་གོ་གནས་ཁར་ བཙག་འཐུ་གྲུབ་ནུག།
རྒེད་འོག་དེ་ཁར་ སྤྱི་འོག་ ༥ གི་ནང་ གུང་གྲངས་ ༣༡༨ དེ་ཅིག་དང་ མི་རློབས་ ༣༠༠༠ ལྷགཔ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།