སྲིད་པ་ཁམས་གསུམ་འཁོར་བ་ལས་ ངེས་པར་འབྱུང་ཐབས་ལུ་ བློ་ལྡོག་རྣམ་བཞི་མདོར་བསྡུས།

སྲིད་པ་འཁོར་ལོ།

༆   ང་བཅས་ཆ་ཁྱབ་ སྲིད་པ་ཁམས་གསུམ་འཁོར་བ་ལས་ ངེས་པར་འབྱུང་ཐབས་ལུ་ དལ་འབྱོར་རྙེད་པར་དཀའ་བ་དང་ འཆི་བ་མི་རྟག་པ་ ལས་རྒྱུ་འབྲས་ འཁོར་བའི་ཉེས་དམིགས་བཞི་ལུ་ བློ་ལྡོག་རྣམ་པ་བཞི་ཟེར་ སླབ་དོ་ཡོདཔ་ད་ ཆོས་སྒྲུབ་ནིའི་དོན་ལུ་ བློ་ལྡོག་རྣམ་བཞི་ ལེགས་ཤོམ་སྦེ་ ཤེས་དགོཔ་དེ་ གལ་ཅན་ཅིག་ཨིན་པས།

༡. དལ་འབྱོར་རྙེད་དཀའ།

༆   དང་པར་དུ་ དལ་འབྱོར་རྙེད་པར་དཀའ་བའི་ མི་ལུས་དི་ ཐོབ་ནི་ལུ་ ལཱ་ཁག་ཡོད་པའི་གུ་ དེ་གི་ནང་ལས་ཡང་ དལ་བ་བརྒྱད་དང་ འབྱོར་པ་བཅུ་ཚང་བའི་ མི་ལུས་རིན་པོ་ཆེ་འདི་ རྒྱུ་དང་ ངོ་བོ་ དཔྱེ་ གྲངས་དེ་ཚུ་ ག་ཅི་ལས་དཔྱད་རུང་ ག་ནི་བ་ ཐོབ་པར་དཀའ་བ་ཅིག་ཨིན་པས།

ཀ) རྒྱུའི་སྒོ་ལས་ རྙེད་པར་དཀའ་ཚུལ།

༆   རྒྱུ་ཚུལ་ཁྲིམས་རྣམ་དག་བསྲུངས་ དགེ་བ་བསྒྲུབས་ སྨོན་ལམ་རྣམ་དག་ ལེ་ཤ་ཅིག་བཏབ་པའི་ བྱིན་མཐུ་ལུ་བརྟེན་ཏེ་ མི་ལུས་རིན་པོ་ཆེ་ འཐོབ་ནི་མ་གཏོགས་ རྒྱུ་གཞན་གྱིས་ མི་ལུས་རིན་པོ་ཆེ་འདི་ མི་འཐོབ་ནི་ཨིནམ་ལས་ རྒྱུའི༌སྒོ༌ལས༌ རྙེད་པར་དཀའ་བའམ་ ཐོབ་པར་དཀའ་བ་ཨིན་པས།

ཁ) ངོ་བོའི་སྒོ་ལས་ རྙེད་པར་དཀའ་ཚུལ།

༆   ངོ་བོའི་ཐེད་ལུ་ མི་ཁོམ་པའི་ གནས་བརྒྱད་ཀྱི་ འགལ་རྐྱེན་དང་བྲལ་བའི་ འབྱོར་པ་བཅུ་ཚང་བའི་ མཐུན་རྐྱེན་ཚུ་ འཛོམས་དགོཔ་ད་ དེ་ཡང་ མགོན་པོ་ཀླུ་སྒྲུབ་ཀྱིས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུག་པ་དེ་དག་མི་ཁོམ་བརྒྱད། །ཟེར་གསུངས་དོ་བཟུམ་སྦེ་ མི་ཁོམ་པའི་ གནས་བརྒྱད་ལུ་ སྐྱེ་བ་ཅིན་ དམ་པའི་ཆོས་འདི་ སྒྲུབ་མི་ཚུགས་ནི་ཨིན་པས།

དེ་ཡང་ དམྱལ་བར་སྐྱེ་བ་ཅིན་ ཚ་གྲང་གི་ སྡུག་བསྔལ་ལུ་བརྟེན་ཏེ་ དམ་པའི་ཆོས་ སྒྲུབ་མི་ཚུགས་ནི་དང་། ཡི་དྭགས་ལུ་ སྐྱེ་བ་ཅིན་ བཀྲེས་སྐོམ་གྱི་ སྡུག་བསྔལ་ལུ་བརྟེན་ཏེ་ དམ་པའི་ཆོས་ སྒྲུབ་མི་ཚུགས། དུད་འགྲོ་ལུ་ སྐྱེ་བ་ཅིན་ གླུན་རྨོངས་བཀོལ་སྤྱོད་ཀྱི་ སྡུག་བསྔལ་ལུ་བརྟེན་ཏེ་ དམ་པའི་ཆོས་ སྒྲུབ་མི་ཚུགས།  ཀླ་ཀློའམ་ མཐའ་འཁོབ་ཀྱི་ གཡུས་ཁར་སྐྱེ་བ་ཅིན་ ཆོས་མ་དར་ནི་དེ་གིས་ དམ་པའི་ཆོས་ སྒྲུབ་མི་ཚུགས། ལྷ་ཚེ་རིང་པོར་ སྐྱེ་བ་ཅིན་ འདུ་ཤེས་མེད་པའི་ རྣམ་གཡེང་གི་ངང་ལུ་ལུས་ཏེ་ དམ་པའི་ཆོས་ སྒྲུབ་མི་ཚུགས། ལོག་ལྟ་ཅན་ལུ་ སྐྱེ་བ་ཅིན་ རྒྱུད་ལོག་ལྟ་གིས་གང་སྟེ་ དམ་པའི་ཆོས་ སྒྲུབ་མི་ཚུགས། སངས་རྒྱས་འཇིག་རྟེན་ལུ་ མ་བྱོན་པའི་ དུས་ལུ་སྐྱེ་བ་ཅིན་ སངས་རྒྱས་ཀྱི་ ཆོས་མ་དར་ནི་དེ་གིས་ དམ་པའི་ཆོས་ སྒྲུབ་མི་ཚུགས། ལྐུགས་པར་སྐྱེ་བ་ཅིན་ སེམས་ལས་སུ་མི་རུང་བས་ དམ་པའི་ཆོས་ སྒྲུབ་མི་ཚུགས་ནི་ཨིནམ་ལས་ ད་རེས་ དེ་བཟུམ་མའི་ མི་ཁོམ་པའི་ གནས་བརྒྱད་ལུ་ མ་སྐྱེ་བར་ ཆོས་སྒྲུབ་ཚུགས་མི་དེ་ལུ་ དལ་བ་བརྒྱད་ཟེར་ སླབ་ཨིན་པས།

རང་འབྱོར་ལྔ།   མཐུན་རྐྱེན་འབྱོར་པ་བཅུ་ལས་ རང་ལུ་བརྟེན་ཏེ་ ཚང་དགོ་པའི་ རང་འབྱོར་ལྔ་དང་ གཞན་ལུ་བརྟེན་ཏེ་ ཚང་དགོ་པའི་ གཞན་འབྱོར་ལྔ་ཟེར་ཡོདཔ་ད་ དེ་ཡང་ ང་བཅས་ཆ་ཁྱབ་ མིའི་ལུས་རྟེན་ཐོབ་སྟེ་ཡོདཔ་ལས་ རྟེན་གྱི་འབྱོར་པ་དང་ དམ་པའི་ཆོས་དར་བའི་ ཡུལ་དབུས་ལུ་ སྐྱེས་ནི་དེ་གིས་ དབུས་ཀྱི་འབྱོར་པ་ དབང་པོ་སྒོ་ལྔ་ག་ར་ ཚང་ནི་དེ་གིས་ དབང་པོའི་འབྱོར་པ་ དམ་པའི་ཆོས་ལུ་ ཡིད་ཆེས་སྐྱེད་ནི་དེ་གིས་ བསམ་པའི་འབྱོར་པ་ ཆོས་འབད་ནི་གི་ བློ་འདོད་ཡོདཔ་ལས་ བློ་ཁ་ཆོས་ལུ་འགྱུར་བའི་ དད་པ་ཡོད་ནི་དེ་གིས་ དད་པའི་འབྱོར་པ་ཟེར་མི་ལུ་ རང་འབྱོར་ལྔ་ཟེར་ སླབ་ཨིན་པས།

གཞན་འབྱོར་ལྔ།  སངས་རྒྱས་འཇིག་རྟེན་གྱི་ཁམས་འདི་ནང་ བྱོན་ཏེ་ཡོདཔ་ལས་ སྟོན་པ་ཁྱད་པར་ཅན་གྱི་འབྱོར་པ་དང་ སངས་རྒྱས་ཀྱིས་ ཆོས་གསུངས་ཏེ་ཡོདཔ་ལས་ དམ་པའི་ཆོས་ཀྱི་འབྱོར་པ་ འཇིག་རྟེན་གྱི་ཁམས་འདི་ན་ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ མ་ཉམས་པར་ གནས་ཏེ་ཡོདཔ་ལས་ དུས་ཀྱི་འབྱོར་པ་ སངས་རྒྱས་ཀྱི་བསྟན་པ་ལུ་ དད་པ་སྐྱེད་དེ་ བསྟན་པའི་སྒོར་ཞུགསཔ་ལས་ བསྟན་པའི་སྒོར་ཞུགས་པའི་འབྱོར་པ་ ང་བཅས་ཆ་ཁྱབ་ག་ར་ བླམ་དགེ་བའི་བཤེས་གཉེན་གྱི་ ཐུགས་ཀྱིས་ཟིན་པའི་ཁར་ བསྟན་པའི་སྦྱིན་བདག་ཚུ་ཡང་ ཕུན་སུམ་ཚོགས་པ་ཡོད་མི་ཚུ་ལུ་ གཞན་འབྱོར་ལྔ་ཟེར་ སླབ་ཨིན་པས།

ག) དཔེའི་སྒོ་ལས་ རྙེད་པར་དཀའ་ཚུལ།

༆   མི་ལུས་རིན་པོ་ཆེ་ ཐོབ་པར་དཀའ་བའི་ དཔེ་དེ་ཡང་ མཐའ་ཡས་རྒྱ་མཚོ་ཅིག་གི་གཤམ་མར་ རུས་སྦལ་མིག་ལོང་ཅིག་དང་ རྒྱ་མཚོའི་ཁ་ལུ་ གཉའ་ཤིང་དོང་ ༡ འབད་མི་ཅིག་ཡོད་མི་དེ་ རླུང་མ་གིས་ སྡོད་ས་ཅིག་ཁར་ མ་བཞག་པར་ ཕར་ཚུར་སྐྱེལ་བའི་གུ་ རུས་སྦལ་མིག་ལོང་དེ་ཡང་ ལོ་བརྒྱ་རེའི་བར་ན་ཚར་རེ་མ་གཏོགས་ རྒྱ་མཚོའི་ཁ་ལུ་ ཐོན་ནི་མེད་རུང་ སྟབས་ལེགས་སྟེས་དབང་གིས་ རུས་སྦལ་མིག་ལོང་གི་ མགུ་ཏོག་དེ་ གཉའ་ཤིང་གི་དོང་ནང་ ཚུད་སྲིད་ནི་ཨིན་རུང་ མི་ལུས་རིན་པོ་ཆེ་འདི་ དེ་བ་ཡང་ ཐོབ་པར་དཀའ་ནི་ཨིན་པས།

ང་) གྲངས་ཀྱི་སྒོ་ལས་ རྙེད་པར་དཀའ་ཚུལ།

༆   འཛམ་གླིང་གི་ མི་ལུས་འདི་ འགྲོ་བ་རིགས་དྲུག་གི་ སེམས་ཅན་ག་ར་ལས་ ཉུང་དྲགས་ཅིག་ཨིནམ་ད་ དེ་ཡང་ དཔྱེ་འབད་བ་ཅིན་ དམྱལ་བའི་སེམས་ཅན་ཚུ་ འཛམ་གླིང་ནང་གི་ སའི་རྡུལ་ཕྲན་བཟུམ་ཅིག་དང་ ཡི་དྭགས་ཚུ་ ཆུ་མོ་གངྒའི་བྱེམ་བཟུམ་ཅིག་ དུད་འགྲོ་ཚུ་ འཛམ་གླིང་ནང་གི་ ཆང་གི་སྦངམ་བཟུམ་ཅིག་ མི་ལུས་རིན་པོ་ཆེ་ ཐོབ་མི་འདི་ ལག་པའི་སེན་མོའི་ རྡུལ་བཟུམ་ཅིག་ལས་མེད་ཟེར་ཨིན་པས།

དེ་སྦེ་ རྒྱུ་དང་ ངོ་བོ་ དཔྱེ་ གྲངས་གསུམ་གྱི་སྒོ་ལས་ རྙེད་པར་དཀའ་བའི་ མི་ལུས་རིན་པོ་ཆེ་ ཐོབ་མི་འདི་ སྟོང་ལོག་མ་གཏང་པར་ ཚེ་འདི་ཕྱི་གཉིས་ཀར་ཕན་པའི་ དམ་པའི་ཆོས་སྒྲུབ་སྟེ་ དོན་དང་ལྡནམ་ཅིག་ བཟོ་དགོཔ་འདི་ གལ་ཅན་ཅིག་ཨིན་པས།

༢. འཆི་བ་མི་རྟག་པ།

༆   འཆི་བ་མི་རྟག་པ་ཟེར་མི་དེ་ ཕྱི་སྣོད་ཀྱི་ འཇིག་རྟེན་དང་ ནང་བཅུད་ཀྱི་ སེམས་ཅན་ག་ར་ རགས་པ་འགྱུར་བའི་ མི་རྟག་པ་དང་ ཕྲ་བ་སྐད་ཅིག་གི་ མི་རྟག་པ་ལས་ མ་འདས་པར་ འགྱུར་འགྱོ་མི་འདི་ལུ་ སླབ་དོ་ཡོདཔ་ད་ དེ་ཡང་ ཕྱི་སྣོད་ཀྱི་ འཇིག་རྟེན་ཡང་ མི་རྟག་པ་དང་ ནང་བཅུད་ཀྱི་ སེམས་ཅན་ཚུ་ཡང་ མི་རྟག་པ་ཨིནམ་ཚད་ སྔོན་བྱོན་རྒྱལ་བ་གོངམ་ཚུ་དང་ སྐྱེས་བུ་དམ་པ་ཚུ་ཡང་ མི་རྟག་པར་ ཐལ་སོངཔ་ལས་ བཞུགས་མི་ག་ཡང་མིན་འདུག།

དེ་འབདཝ་ལས་ ནང་བཅུད་ཀྱི་ སེམས་ཅན་ག་ར་ སྐྱེས་བའི་ཉིན་མ་ལས་ མི་ཤི་ཚུན་གྱི་རིང་ལུ་ མི་ཚེ་འདི་ སྐད་ཅིག་མ་རེ་རེ་བཞིན་དུ་ ཟད་འགྱོ་ནི་མ་གཏོགས་ ཁ་དྲག་དབང་དྲག་དང་ ངོ་རིས་འཇའ་རིསམོ་ ཏོག་གོ་ས་ རྒྱུ་ནོར་ལོངས་སྤྱོད་ལ་སོགས་པ་ཚུ་ ག་དེམ་ཅིག་ར་ཡོད་རུང་ འཆི་བ་མི་རྟག་པ་ལས་ བཟུང་མི་ཚུགསཔ་ཨིན་པས།

དེ་ཡང་ དཔྱེ་འབད་བ་ཅིན་ མར་གྱི་སྦུག་ན་ལས་ སྤུ་བཏོན་བཀོག་དོ་བཟུམ་སྦེ་ ཕམ་སྤུན་འཁོར་དང་ རྒྱུ་ནོར་ལ་སོགས་པ་མ་ཚད་ ཐ་ན་ རང་གིས་གཅེས་གཅེས་ཕངས་ཕངས་འབད་མི་ གཟུགས་འདི་ཡང་ བཀོག་བཞག་སྟེ་ འཇིག་རྟེན་གཞན་ཁར་ འགྱོ་བའི་སྐབས་ལུ་ ཕན་ཐོགས་ཅན་གྱི་ ཆ་རོགས་དེ་ དམ་པའི་ཆོས་རྐྱངམ་ཅིག་མ་གཏོགས་ གཞན་ག་ནི་ཡང་མེདཔ་ལས་ དམ་པའི་ཆོས་འདི་ ག་དེ་སྦེ་རུང་ སྒྲུབ་དགོཔ་ཨིན་པས།

༣. ལས་རྒྱུ་འབྲས།

༆   ལས་རྒྱུ་འབྲས་འདི་ ཁམས་གསུམ་འཁོར་བའི་ བདེ་བ་དང་ སྡུག་བསྔལ་གེ་ར་ ལས་བཟང་ངན་ བསགས་པ་ལུ་བརྟེན་ཏེ་ བྱུང་དོ་ཡོདཔ་ད་ དེ་ཡང་ མངོན་པར་མཛོད་ལས། འཇིག་རྟེན་སྣ་ཚོགས་ལས་ལས་སྐྱེས། །ལས་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ཏེ། །དེས་སྐྱེས་ལུས་དང་ངག་གི་ལས། །ཟེར་གསུངས་དོ་བཟུམ་སྦེ་ ལས་དེ་ལུ་ དབྱེ་བ་ཅིན་ བསོད་ནམས་མ་ཡིན་པའི་ལས་དང་ བསོད་ནམས་ཀྱི་ལས་ མི་གཡོ་བའི་ལས་ཟེར་ ལྷམ་པ་གསུམ་ཡོདཔ་ཨིན་པས།

ཀ) བསོད་ནམས་མིན་པའི་ལས་ལུ་ ལུས་ཀྱི་མི་དགེ་བ་གསུམ་དང་ ངག་གི་མི་དགེ་བ་བཞི་ ཡིད་ཀྱི་མི་དགེ་བ་གསུམ་འབདཝ་ད་ མི་དགེ་བ་ ༡༠ ཡོད་པའི་ནང་ལས་ དང་པ་ ལུས་ཀྱི་མི་དགེ་བ་དེ་ སྲོག་གཅོད་པ་ མ་བྱིན་པ་ལེན་པ་ མི་ཚངས་པར་སྤྱོད་པ་ ༣ དང་ གཉིས་པ་ ངག་གི་མི་དགེ་བ་དེ་ རྫུན་དང་ ཕྲ་མ་ ཚིག་རྩུབ་ ངག་འཁྱལ་བཞི་ གསུམ་པ་ ཡིད་ཀྱི་མི་དགེ་བ བརྣབ་སེམས་ གནོད་སེམས་ ལོག་ལྟ་གསུམ་ཨིན་པས།

ཁ) བསོད་ནམས་ཀྱི་ ལས་ཟེར་མི་དེ་ སྡིག་པ་མི་དགེ་བ་བཅུ་སྤངས་ཏེ་ དགེ་བ་བཅུ་ སྒྲུབ་མི་དེ་ལུ་ སླབ་དོ་ཡོདཔ་ད་ དེ་ཡང་ སྲོག་གཅོད་པ་སྤང་སྟེ་ གཞན་གྱི་སྲོག་སྐྱབས་འབད་ནི་དང་  མ་བྱིན་པ་ལེན་པ་སྤང་སྟེ་ སྦྱིན་པ་གཏང་ནི་ མི་ཚངས་པར་སྤྱོད་པ་སྤང་སྟེ་ ཚུལ་ཁྲིམས་སྲུང་ནི་ རྫུན་སྤང་སྟེ་ བདེན་པ་སླབ་ནི་ ཕྲ་མ་སྤང་སྟེ་ མཐུན་ལམ་བཟོ་ནི་ ཚིག་རྩུབ་སྤང་སྟེ་ བློ་ཧན་ཏོང་ཏོ་སླབ་ནི་ ངག་འཁྱལ་སྤང་སྟེ་ ཁ་ཐུན་གཏང་ནི་ བརྣབ་སེམས་སྤང་སྟེ་ འདོད་པ་ཆོམ་ཤེས་འབད་ནི་ གནོད་སེམས་སྤང་སྟེ་ ཕན་སེམས་བསྐྱེད་ནི་ ལོག་ལྟ་སྤང་སྟེ་ ལས་རྒྱུ་འབྲས་ལུ་ ཡིད་ཆེས་སྐྱེ་ནི་ཚུ་ཨིན་པས།

ག) མི་གཡོ་བའི་ ལས་ཟེར་མི་དེ་ རྒྱུ་སེམས་རྩེ་གཅིག་པའི་ སྙོམས་འཇུག་གི་ བསམ་གཏན་དང་ གཟུགས་མེད་ཀྱི་ ཏིང་ངེ་འཛིན་སྒོམ་སྟེ་ འབྲས་བུ་གཟུགས་ཁམས་དང་ གཟུགས་མེད་ཁམས་ཀྱི་ལྷ་ལུ་ སྐྱེས་མི་དེ་ལུ་ སླབ་ཨིན་པས།

ང་) འཁོར་བའི་ཉེས་དམིགས་ཟེར་མི་དེ་ ཟག་བཅས་ཀྱི་ ཕུང་པོ་ལྔའི་རྒྱུན་ ཁམས་གསུམ་འཁོར་བའི་ གནས་འདི་ནང་ ཡང་བསྐྱར་འཁོར་ཏེ་ སྡུག་བསྔལ་མྱོང་པའི་ཚུལ་ ཡར་གྱི་སྲིད་པའི་རྩེ་མོ་ལས་ མར་གྱི་དམྱལ་བ་མནར་མེད་ཚུན་ལུ་ སྡུག་བསྔལ་གྱིས་ ཁྱབ་སྟེ་ཡོདཔ་ད་ དེ་ཡང་ སྤྱིར་སྡུག་བསྔལ་གྱི་ སྡུག་བསྔལ་དང་ འགྱུར་བའི་སྡུག་བསྔལ་ ཁྱབ་པ་འདུ་བྱེད་ཀྱི་ སྡུག་བསྔལ་འབདཝ་ད་ རྩ་བའི་སྡུག་བསྔལ་གསུམ་དང་ དེ་ལས་ སྐྱེ་རྒ་ན་འཆིའི་ སྡུག་བསྔལ་དང་ གཉེན་དང་བྲལ་བའི་སྡུག་བསྔལ་ དགྲ་དང་ཕྱད་པའི་སྡུག་བསྔལ་ འདོད་པ་ཐོག་ཏུ་མ་བབས་པའི་སྡུག་བསྔལ་ མི་འདོད་པ་ཐོག་ཏུ་བབས་པའི་ སྡུག་བསྔལ་བཅས་ སྡུག་བསྔལ་ ༡༡ པོ་དེ་གིས་ དུས་རྟག་པར་རྒྱུན་དུ་ གདུངམ་གདུང་ས་ལ་ཨིནམ་ ཤེས་དགོཔ་ཨིན་པས།

༤. སེམས་ཅན་སོ་སོའི་སྡུག་བསྔལ།

༆   བྱེ་བྲག་སེམས་ཅན་སོ་སོའི་ སྡུག་བསྔལ་ཟེར་མི་དེ་ མདོ་སྡེ་དྲན་པ་ཉེར་བཞག་ལས་ སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཟེར་གསུངས་དོ་བཟུམ་སྦེ་ ཁམས་གསུམ་འཁོར་བ་འདི་ནང་ ག་ཏེ་སྐྱེ་རུང་ སྡུག་བསྔལ་གྱི་ རང་བཞིན་ཅིག་ལས་ མེདཔ་ཨིན་པས།

དེ་ཡང་ དཔྱེ་འབད་བ་ཅིན་ དུག་སྦྲུལ་གྱི་ཚང་དང་ ཤ་ཟ་སྲིན་པོའི་གླིང་ མེ་འབར་བའི་སྦུག་ན་ སྡོད་དོ་བཟུམ་ཅིག་ཨིནམ་ལས་ ཁམས་གསུམ་འཁོར་བའི་ སྡུག་བསྔལ་འདི་ལུ་ སྙིང་ཐག་པ་ལས་ སྐྱོ་བ་སྐྱེ་སྟེ་ ཐར་པའི་གོ་འཕང་འཐོབ་ཐབས་ལུ་ དམ་པའི་ཆོས་འདི་ ཚུལ་བཞིན་དུ་ བསྒྲུབ་དགོཔ་ཨིན་ནོ། །