ཧོང་ཀོང་ལུ་ དམངས་གཙོའི་རིང་ལུགས་ལུ་ བརྩོན་ཤུགས་བསྐྱེད་མི་ མི་གྲངས་ ༤༥ ལུ་བཙོན་ཁྲིམས།

རོའི་ཊརཛ།
སྤྱི་ཟླ་ ༡༡ པའི་ཚེས་ ༡༩ ལུ་ ཧོང་ཀོང་གི་ མངོན་མཐོ་ཁྲིམས་འདུན་ལས་ རྒྱལ་ཡོངས་ཉེན་སྲུང་དང་འབྲེལ་བའི་ རྩོད་བཤེར་ཐོག་ལས་ དམངས་གཙོའི་རིང་ལུགས་ལུ་ བརྩོན་ཤུགས་བསྐྱེད་མི་ མི་གྲངས་ ༤༥ ལུ་ ལོ་ངོ་ ༤ ལས་ ༡༠ ཚུན་གྱི་ བཙོན་ཁྲིམས་བཀལ་མི་དེ་ རྒྱལ་སྤྱིའི་གནས་རིམ་ནང་ ཁ་བཏང་པའི་གཞི་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
དེ་ཡང་ རྒྱ་ནག་གི་ རྒྱལ་ཡོངས་ཉེན་སྲུང་བཅའ་ཁྲིམས་འོག་ལུ་ གསང་བྱའི་སྒོ་ལས་ གནོད་པ་བཀལ་ནི་སྦེ་ཡོད་པའི་ ཉེས་འཛུགས་ཐོག་ལུ་ མི་གྲངས་ ༤༧ འཛིན་བཟུང་འབད་དེ་ ཁྲིམས་སར་བཀལཞིནམ་ལས་ ཚེ་བཙོན་བཀལ་ཐབས་འབདཡོད་རུང་ ཁྲིམས་འདུན་ལས་ ངོ་མིང་བེ་ནི་ཏའི་ཟེར་མི་ལུ་ དེ་བཟུམ་མའི་ ཁྲིམས་འགལ་གྱི་ ལཱ་བྱ་འགོ་ཁྲིད་འབད་བའི་ ཉེས་པ་ལུ་ ལོ་ངོ་ ༡༠ གྱི་ བཙོན་ཁྲིམས་དང་ གཞན་མི་ཚུ་ལུ་ ལོ་ངོ་ ༤ ལས་ ༡༠ ཚུན་གྱི་ བཙོན་ཁྲིམས་བཀལ་ནུག།
དེ་སྦེ་ བཙོན་ཁྲིམས་ཕོག་མི་ཚུ་གིས་ སྤྱི་ལོ་ ༢༠༢༠ ལུ་ ཁྲིམས་བཟོ་ཚོགས་ཁང་གི་དོན་ལས་ གཞུང་འབྲེལ་མིན་པའི་ འགོ་ཐོག་བཙག་འཐུ་ཅིག་ འགོ་འདྲེན་འཐབ་ཡོདཔ་ལས་ ཁྲིམས་རྩོདཔ་ཚུ་གིས་ བཙག་འཐུ་འགོ་འདྲེན་འཐབ་མི་ཚུ་གིས་ གཞུང་ལུ་ བར་ཆད་རྐྱབ་ཐབས་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཡུ་ཨེཛ་གིས་ ད་རེས་ བཙོན་ཁྲིམས་ཕོག་མི་ཚུ་གིས་ ཁྲིམས་མཐུན་གྱི་སྒོ་ལས་ སྲིད་དོན་ནང་ གྲལ་གཏོགས་འབད་ཡོད་རུང་ རྩོད་བཤེར་དེ་ སྲིད་དོན་གྱི་ དབང་ལུ་བཏང་སྟེ་ ཕྱེ་ཡོདཔ་ལས་ བཙོན་ཁྲིམས་བཀལ་མི་ཚུ་ གཏང་དགོཔ་སྦེ་སླབ་ནུག།
ཨིན་རུང་ རྒྱ་ནག་དང་ ཧོང་ཀོང་གཞུང་ ༢ ཀྱིས་འབད་བ་ཅིན་ སྤྱི་ལོ་ ༢༠༡༩ ལུ་ མི་མང་གིས་ དམངས་གཙོའི་རིང་ལུགས་དང་འབྲེལ་བའི་ ངོ་རྒོལ་འགྲེམ་སྟོན་ཚུ་འབད་བའི་ཤུལ་ལུ་ རྒྱལ་ཡོངས་ཉེན་སྲུང་བཅའ་ཁྲིམས་ཀྱི་ དགོས་མཁོ་བྱུང་ཡོདཔ་ལས་ དེ་བཟུམ་མའི་ ལཱ་བྱ་འཐབ་མི་ཚུ་ལུ་ བཅའ་ཁྲིམས་དེ་དང་འཁྲིལ་ཏེ་ར་ ཉེས་ཁྲིམས་སྨིན་དགོ་ཟེར་ཨིན་པས།
རྩོད་བཤེར་སྐབས་ལུ་ མངོན་མཐོ་ཁྲིམས་འདུག་གྱི་ཕྱི་ཁར་ མི་སེར་བརྒྱ་ཕྲག་ལས་བཅད་དེ་ འཛོམས་ཡོད་མི་ཚུ་ སྒྲིག་འཛིན་གྱི་དོན་ལུ་ ཁྲིམས་སྲུང་འགག་པ་ཚུ་ཡང་ བཙུགས་དགོཔ་ཐོན་ཡོདཔ་མ་ཚད་ རྩོད་བཤེར་དེ་ཡང་ ཉིན་གྲངས་ ༡༡༨ ཀྱི་རིང་ལུ་ འགོར་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།