རྒེད་འོག་ལྟེ་བའི འཁོར་ལམ་ལུ་ རྩི་གནག་གཏང་ནི་དང་ སོ་ནམ་ཞིང་ལམ་ཚུ་ ཉམས་བཅོས་འབད་ནི

སྒྲོལ་མཡེ་ཤེས།
བཀྲིས་གཡང་རྩེ་ སྟོང་ཞང་རྒེད་འོག་ནང་ དུས་རྒྱན་གྱི་ལཱ་ཚུ་ ག་ཅི་ར་ འགོ་འདྲེན་འཐབ་དགོ་རུང་ བྱ་སྟབས་བདེ་ཏོག་ཏོ་ འོང་ནིའི་དོན་ལས་ གཞུང་ལམ་ལས་ རྒེད་འོག་ལྟེ་བ་ཚུན་གྱི་ འཁོར་ལམ་ལུ་ རྩི་གནག་གཏང་ནི་ཨིན་པའི་ཁར་ སོ་ནམ་ཞིང་ལམ་ཚུ་ཡང་ ཉམས་བཅོས་འབད་དེ་ སྣུམ་འཁོར་ཚུ་ གནམ་བྱཱར་དགུན་མེད་པར་ རྒྱུན་འགྲུལ་འཐབ་ཚུགསཔ་ བཟོ་ནི་གི་ འཆར་གཞི་ཡོདཔ་ཨིན་པས།
དེ་ཡང་ སྟོང་ཞང་རྒཔོ་སྦེ་ བཙག་འཐུ་གྲུབ་མི་ ཨྱོན་རྡོ་རྗེ་གིས་ བཤད་ཡོདཔ་ད་ དེ་མ་ཚད་ དུས་རབས་ ༢༡ པའི་ནང་ དཔལ་འབྱོར་གྱི་ གནས་སྟངས་དང་བསྟུན་ཏེ་ མི་སྡེའི་ནང་ ལས་འཆར་དང་ ལས་འགུལ་སྣ་ཚོགས་དང་ ཉེན་སྲུང་ཚུ་གི་ ཐབས་ཤེས་ཚུ་ཡང་ རྩ་བརྟན་བཟོ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཚོགས་ཁག་ ༥ གི་ མི་སེར་ག་ར་ལུ་ ཉེན་སྲུང་དང་ལྡན་པའི་ འཐུང་ཆུ་དང་ ཞིང་ཆུ་ཚུ་ཡང་ དུས་རྒྱུན་ར་ འཐོབ་ཚུགསཔ་བཟོ་ནི་ཨིན་པའི་ཁར་ གཞུང་གི་སྲིད་བྱུས་དང་ མི་སེར་གྱི་ རེ་འདོད་དང་བསྟུན་ཏེ་ ཆུ་ཞིང་རྒྱ་སྐྱེད་འབད་ནི་གི་ འཆར་གཞི་ཡང་ཡོད་ཟེར་ བཤདཔ་ཨིན་པས།
སྟོང་ཞང་རྒེད་འོག་དེ་ནང་གི་ མི་སེར་ཚུ་ ཁྲོམ་ཁ་ལུ་ གནས་སྤོ་འགྱོ་ནི་དེ་གིས་ རྒེད་འོག་དེ་ནང་ གུང་སྟོང་གི་ གྱངས་ཁ་མཐོ་ཤོས་ཡོད་མི་དེ་ མར་ཕབ་འབད་ཐབས་ལུ་ མི་སྡེ་དཔལ་འབྱོར་གོང་འཕེལ་གྱི་ ལས་སྣ་ཚུ་ ཐད་ཀར་དུ་ ངོས་འཛིན་འབད་དེ་ མི་སེར་དྲག་ཞན་ག་ར་གིས་ ཁེ་དབང་འདྲ་མཉམ་སྦེ་ ལོངས་སྤྱོད་ནིའི་དོན་ལས་ རྒྱབ་སྐྱོར་བྱིན་ཐོག་ལས་ སེམས་ཤུགས་བསྐྱེད་བཅུག་དོ་ཟེར་ རྒཔོ་ཨྱོན་རྡོ་རྗེ་གིས་ བཤདཔ་ཨིན་པས།
སྐྱེས་ལོ་ ༢༨ འབད་མི་ རྒཔོ་ཨྱོན་རྡོ་རྗེ་གིས་ རྒྱ་གར་གུ་ཝ་ཧ་ཊི་ གཙུག་ལག་སློབ་སྡེ་ལས་ ཁྲིམས་དོན་གཙུག་ལག་གཞི་རིམ་ མཐར་འཁྱོལ་བའི་ཤུལ་ལས་ བཙག་འཐུ་ཐེངས་ ༣ པའི་ནང་ བཅར་མར་གཏོགས་ཏེ་ བཙག་འཐུ་གྲུབ་ནུག།
རྒེད་འོག་དེ་ཁར་ སྤྱི་འོག་ ༥ གི་ནང་ གུང་གྲངས་ ༣༧༧ དང་ གུང་སྟོང་ ༡༥༥ ཡོདཔ་ད་ མི་རློབས་ ༣,༩༤༦ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: