རྒྱབ་ཁུངས།
༆ མཆོདཔ་ཕུལ་ནི་གི་ ལམ་སྲོལ་དེ་ འགོ་དང་པ་ རྒྱ་གར་ལུ་ དར་ཡོདཔ་ལས། ད་རེས་ནངས་པ་ཡང་ རྒྱ་གར་གྱི་ མི་ཁུངས་ཚུ་གིས་ ལྷ་ཁང་ནང་ ཆུའི་མཆོད་པ་དང་ མེ་ཏོག་ལ་སོགས་པ་ཚུ་ དུས་རྒྱུན་རང་ ཕུལ་སྲོལ་ཡོདཔ་ཨིན་པས། ཨིན་རུང་ ཤུལ་ལས་ བོད་ལུ་ རྒྱལ་བ་གོངམ་ཚུ་གིས་ མཆོད་ཡོན་ ཞབས་བསིལ་ མེ་ཏོག་ བདུག་སྤོས་ མར་མེ་ དྲི་ཆབ་ ཞལ་ཟས་ཟེར་བའི་ འགོ་རིམ་ཚུ་ བཟོ་གནང་པའི་ སྲོལ་འཁྱུན་འདི་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ཡང་ དར་ཁྱབ་བྱུང་ནུག།
མཆོད་རྫས་ཀྱི་དབྱེ་བ།
སྤྱིར་བཏང་མཆོད་རྫས་ལུ་ བདག་པོས་ཡོངས་སུ་བཟུང་བའི་མཆོད་པ་དང་། བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ། ཡིད་ཀྱིས་སྤྲུལ་པའི་མཆོད་པ། སྨོན་ལམ་སྟོབས་ཀྱི་མཆོད་པ། བླ་ན་མེད་པའི་མཆོད་པ། བསྟོད་པ་དབྱངས་ཀྱི་མཆོད་པ། དངོས་སུ་འབྱོར་བའི་མཆོད་པ་ལ་སོགས་པའི་ དབྱེ་བ་ལེ་ཤ་ཅིག་ཡོདཔ་ཨིན་པས།
དེ་ལས་ གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལུ་ ཕྱི་མཆོད། ནང་མཆོད། གསང་མཆོད། དེ་ཁོ་ན་ཉིད་ཀྱི་མཆོད་པ་ཟེར་ དབྱེ་བ་ལེ་ཤ་ཅིག་ཡོད་རུང་། མདོ་མཚན་ཉིད་ཐེག་པའི་ ལུགས་ལྟར་དུ་འབད་བ་ཅིན་ ཕྱི་ནང་གི་ སྣོད་བཅུད་ག་ར་ མཆོད་རྫས་ལུ་ མ་བཏུབ་མི་ ཕུད་རྡོག་ཅིག་ཡང་མེདཔ་ཨིན་པས། ག་དེ་སྦེ་ཨིན་རུང་ ལྷག་བསམ་རྣམ་དག་གི་སྒོ་ལས་ དཀོན་མཆོག་གསུམ་ལུ་ ཕུལ་ནི་གི་ མཆོད་པའི་རྫས་ལུ་ མཆོད་རྫས་ཟེར་ སླབ་སྲོལ་ཡོདཔ་ད། དེ་ཡང་ མི་མང་སྤྱིར་བཏང་གིས་ ཤེས་དགོཔ་འདི་ གཙོ་བོ་རང་ དངོས་སུ་འབྱོར་བའི་མཆོད་པ་དང་ ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཟེར་ ལྷམ་པ་གཉིས་ཡོདཔ་ཨིན་པས།
དངོས་སུ་འབྱོར་བའི་མཆོད་པ།
༆ དངོས་སུ་འབྱོར་བའི་ མཆོད་པ་ཟེར་མི་འདི་ རྒྱུ་དངོས་ག་ར་ ལག་ལེན་དངོས་སུ་འཐབ་སྟེ་ ཕུལ་མི་ལུ་ སླབ་ཨིན་པས། དཀོན་མཆོག་གསུམ་ལུ་ དངོས་སུ་འབྱོར་བའི་ མཆོདཔ་ཕུལ་དགོ་པའི་ རྒྱུ་མཚན་འདི་ གཙོ་བོ་རང་ ཚོགས་བསགས་སྒྲིབ་སྦྱང་གི་དོན་ལུ་ཨིནམ་ལས། དང་པ་རང་ མཆོད་ཁྲི་དང་ མཆོད་པའི་ཏིང་དེ་ཚུ་ རས་གཙང་ཏོག་ཏོ་ཅིག་གིས་ ལེགས་ཤོམ་སྦེ་ འཕྱག་དགོཔ་ཨིན་པས། དེ་སྦེ་ མཆོད་ཁྲི་དང་ མཆོད་པའི་ཏིང་དེ་ཚུ་ འཕྱག་པའི་སྐབས་ལུ་ བདག་རང་དང་ གཞན་སེམས་ཅན་ཚུ་གི་ རྒྱུད་ལུ་ཡོད་པའི་ སྡིག་པ་མི་དགེ་བ་ཚུ་ག་ར་ འདག་བཅུག་ཟེར་བའི་ སྨོན་ལམ་བཏབ་སྟེ་ འཕྱག་དགོཔ་ཨིན་པས།
མཆོད་ཏིང་ལག་ལེན།
༆ མཆོད་པའི་ཏིང་དེ་ཚུ་ འཕྱག་ཚར་བའི་ཤུལ་ལུ་ གང་རྐྱལ་འབད་ བཞག་མི་བཏུབ་ནི་ཨིནམ་ད། དེ་ཡང་ མཆོད་པའི་ཏིང་ནང་ ཆུ་མ་བཀང་པའི་ཧེ་མར་ གང་རྐྱལ་འབད་ བཞག་པ་ཅིན་ དྲི་ཟའི་གྲོང་ཁྱེར་ཚུ་ ཆགས་ནི་ཨིན་པས།
དེ་སྦེ་ དྲི་ཟའི་གྲོང་ཁྱེར་ཚུ་ ཆགས་ཚར་བའི་ཤུལ་ལུ་ མཆོད་པའི་ཏིང་ནང་ ཆུ་བཀངམ་ད་ དྲི་ཟ་ཚུ་ལུ་ གྲོང་ཁྱེར་བཤུབ་འགྱོ་བའི་ སྡུག་བསྔལ་སྦོམ་མྱོངམ་ལས་ མཆོདཔ་ཕུལ་མིའི་རྒྱུད་ལུ་ སྡིག་པ་སྦོམ་ བསག་ནི་ཨིན་པས།
དྲི་ཟ་ཟེར་མི་དེ་ ག་ཅི་བཟུམ་ཅིག་ལུ་ སླབ་ཨིན་ན་ཟེར་བ་ཅིན་ མི་ལ་སོགས་པ་ ཤི་ཚར་བའི་ཤུལ་ལུ་ བདུན་ཕྲག་གསུམ་གྱི་རིང་ སྲིད་པ་བར་དོར་སྐྱེས་ཏེ་ དྲི་མ་ལུ་ ལོངས་སྤྱོད་དེ་ སྡོད་ནི་དེ་གིས་ དྲི་ཟ་ཟེར་ སླབ་ཨིན་པས།
མཆོདཔ་ཕུལ་ཐངས།
༆ མཆོདཔ་ཕུལ་བའི་སྐབས་ལུ་ གྲལ་སྒྲིག་ལེགས་པ་ཟེར་ མཆོད་པའི་ཏིང་དེ་ཚུ་ གྱལ་ཕྲང་སྟེ་ བསྒྲིག་དགོཔ་ད། དེ་ཡང་ མཆོད་ཏིང་གཅིག་གིས་གཅིག་ལུ་ རེག་མ་བཅུག་པར་ མཆོད་ཏིང་རེའི་བར་ན་ ནག་འབྲུ་གང་རེའི་རྩིས་ ས་སྟོང་བཞག་དགོ་པའི་ཁར། མཆོད་པའི་ཆུ་དེ་ཡང་ ནག་འབྲུ་གང་རེའི་རྩིས་ མ་གངམ་སྦེ་ ཕུལ་དགོཔ་ཨིན་པས།
མཆོད་འགོ་དེ་ གཡས་གཡོན་ག་ཏེ་ལས་ཕུལ་རུང་ མ་བཏུབ་མེད་མི་དེ་ང་ཡ གསར་མའི་ལུགས་ལས་ རང་གི་གཡས་ཁ་ཐུག་ལས་དང་། རྙིང་མའི་ལུགས་ལས་ རང་གི་གཡོན་ཁ་ཐུག་ལས་ ཕུལ་སྲོལ་ཡོད་ནི་དེ་གིས་ཨིན་པས།
རྒྱུ་མཚན།
༆ མཆོདཔ་ཚུ་ དེ་སྦེ་ ཕུལ་དགོ་པའི་ རྒྱུ་མཚན་དེ་ཡང་ མཆོད་པའི་ཏིང་ མ་གང་པ་ཅིན་ ཚེ་ཕྱི་མར་ རང་གི་རྒྱུད་ལུ་ ལེགས་པའི་ཡོད་ཏན་ཚུ་གིས་ མི་གང་ནི་ཨིན་པའི་སྐྱོན་དང་། མཆོད་པའི་ཏིང་ཚུ་ ཆུ་གིས་གང་དྲགས་པ་ཅིན་ ཚེ་ཕྱི་མར་ རང་གི་རྒྱུད་ལུ་ སྡིག་པ་མི་དགེ་བ་གིས་ ལྟེམ་ལྟེམ་གང་ནི་ཨིན་པའི་ ཉེས་སྐྱོན་ཡོདཔ་ཨིན་པས།
དེ་ལས་ མཆོད་པའི་ཏིང་དེ་ཚུ་ གཅིག་གིས་གཅིག་ལུ་ རེག་པ་ཅིན་ ཚེ་་ཕྱི་མར་ སྡིག་པའི་ལཱ་འབད་བཅུག་མི་ སློབ་དཔོན་དང་ ཆ་རོགས་ངན་པ་ཚུ་དང་ འཕྱད་ནི་གི་ ཉེས་སྐྱོན་དང་། མཆོད་ཏིང་གྱལ་མ་ཕྲང་པར གཡོ་སྟེ་ཕུལ་བ་ཅིན་ ཚེ་ཕྱི་མར་ གཟུགས་གཞི་རྔམ་སི་སི་དང་ སེམས་གཡོ་སྒྱུ་ཅན་ལུ་ སྐྱེ་ནི་ཨིན་པས།
དེ་མ་ཚད་ མཆོད་ཁྲི་གུ་ ཆུ་ག་ལྷོད་ འབོར་ནི་དང་ མཆོད་རྫས་ཚུ་ བསླ་བསྲེ་རྐྱབ་སྟེ་ ཕུལ་བ་ཅིན། ཕྱི་སོ་ཐར་དང་ ནང་བྱང་སེམས་ གསང་བ་སྔགས་ཀྱི་ སྡོམ་པ་དང་ དམ་ཚིག་ཚུ་ སྲུང་མི་ཚུགས་ནི་ཨིན་པའི་ཁར། ཚེ་ཕྱི་མར་ རང་གི་གཟུགས་ཁར་ ནད་མང་ནི་དང་ མིག་ཏོ་ནང་ལས་ ཆུ་འཐོན་ཏེ་ ཨ་རྟག་རང་ མིག་ཏོ་བྱེས་སྐྱེ་གིས་གང་སྟེ་ སྡོད་མི་ལུ་ སྐྱེ་བ་ལེན་ནི་གི་ ཉེས་སྐྱོན་ཡོདཔ་ཨིན་པས།
ཕན་ཡོན།
༆ མཆོད་པའི་ཏིང་དེ་ཚུའི་ནང་ ཆུ་གང་མ་དྲགས་ ཉུང་མ་དྲགས་པར་ ཚད་དང་ལྡན་ཏོག་ཏོ་སྦེ་ ཕུལ་བ་ཅིན། ༡) ཚེ་ཕྱི་མར་ རང་གི་རྒྱུད་ལུ་ ལེགས་པའི་ཡོན་ཏན་གྱིས་ གང་ནི་དང་། ༢) མཆོད་ཏིང་ཚུ་གི་བར་ན་ ས་སྟོང་སྦོམ་མིན་པར་ ཚད་དང་ལྡན་ཏོག་ཏོ་སྦེ་ བཞག་པ་ཅིན་ ཚེ་ཕྱི་མར་ བླམ་དགེ་བའི་བཤེས་གཉེན་ཚུ་དང་ མཇལ་ནི་ལུ་ ཐག་མི་རིང་ནི། ༣) མཆོད་ཏིང་ཚུ་ ཆུ་གིས་གང་མ་དྲགས་པ་ཅིན་ རང་གི་རྒྱུད་ལུ་ སྡིག་པ་གིས་ མི་གང་ནི། ༤) མཆོད་ཏིང་གྱལ་མ་གཡོ་བར་ ཕྲང་སྟེ་ཕུལ་བ་ཅིན་ སྐྱེ་བ་ཕྱི་མར་ སེམས་རྒྱུད་བཟང་པའི་ཁར་ བྱད་ངོ་རིས་ཡང་ འཇའ་རིསམོ་ལུ་སྐྱེ་ནི། ༥) མཆོད་པའི་ཆུ་ ག་ལྷོད་མ་འབོར་བའི་གུ་ མཆོད་རྫས་ཚུ་ཡང་ སླ་བསྲེ་མ་རྐྱབ་པར་ ལེགས་ཤོམ་སྦེ་ ཕུལ་བ་ཅིན་ ཚེ་རིང་ནི་དང་ ནད་དཀོན་པའི་ཁར། ཚེ་ཕྱི་མར་ ག་ནི་ཡང་ མཐོང་ཚུགས་པའི་ ཡེ་ཤེས་ཀྱི་ སྤྱན་དང་ལྡན་པའི་ལུས་ལུ་ སྐྱེ་བ་ལེན་ནི་གི་ ཕན་ཡོན་ཚུ་ཡོདཔ་ཨིན་པས།
མཆོད་པའི་ཆུ།
༆ མཆོད་རྫས་ཚུ་གི་ནང་ལས་ ཕངས་སེམས་དང་ སེར་སྣ་མེད་པའི་ མཆོད་པ་འདི་ ཆུ་ཨིན་རུང་། མཆོད་པའི་ཆུ་འདི་ དབོགས་ཞིནམ་ལས་ ཆུ་ནང་འབུབ་ལ་སོགས་པའི་ སྲོག་ཆགས་སྣ་ཚོགས་དང་ བཙོག་པའི་རིགས་ཡོད་མེད་ བརྟག་དཔྱད་འབད་དགོཔ་ད། ག་དེམ་ཅིག་སྦེ་ བཙོག་པའི་རིགས་ཡོད་པ་ཅིན་ མཆོད་པའི་ཆུ་འདི་ ལེགས་ཤོམ་སྦེ་ བཙགས་ཞིནམ་ལས་ ཕུལ་ནི་དང་། མཆོད་པའི་ཆུ་ནང་ འབུབ་ལ་སོག་པའི་ སྲོག་ཆགས་སྣ་ཚོགས་ཡོད་པ་ཅིན་ གནོདཔ་ཆུང་ཀུ་ཅིག་ཡང་ བཀལ་ནི་མི་འོང་ཟེར་ཨིན་པས།
ད་རེས་ནངས་པ་ མི་ལ་ལོ་ཅིག་གིས་ ཆུ་དབོགསཔ་ཅིག་ དེ་འཕྲལ་ལས་ མཆོདཔ་ཕུལ་མི་འདི་ ཉིང་ཆུ་ཨིནམ་ལས་ མི་བཏུབ་ཟེར་ སླབ་སྲོལ་ཡོད་རུང་། རྒྱལ་བ་གོངམ་ཚུ་གིས་ ཉིན་རེར་ཆུ་མཆོད་ལན་ཐེངས་གསུམ་རེ་ ཕུལ་ཚུགས་པ་ཅིན་ བསོད་ནམས་སྦོམ་ བསག་ནི་ཨིན་ཟེར་ གསུངས་ཏེ་འདུག། ཨིན་རུང་ དྲོ་པར་ མཆོད་པའི་ཆུ་དབོགས་ཞིནམ་ལས་ མཆོདཔ་མ་ཕུལ་བའི་ཧེ་མར་ ལེགས་ཤོམ་སྦེ་ བརྟགས་ཤིང་དཔྱད་དེ་ ཕུལ་དགོཔ་དེ་ གལ་ཅན་ཅིག་ཨིན།
མེ་ཏོག་གི་མཆོད་པ།
༆ མེ་ཏོག་གི་ མཆོད་པ་དེ་ཡང་ ཆུ་སྐྱེས་མེ་ཏོག་དང་ ཐང་སྐྱེས་མེ་ཏོག་ ནགས་སྐྱེས་མེ་ཏོག་ལ་སོགས་པའི་ མེ་ཏོག་སྣ་ཚོགས་དང་། གཞན་ཡང་ དར་གོས་དང་ གསེར་དངུལ་ལ་སོགས་པ་གིས་ བཟོ་བཟོ་བའི་ མེ་ཏོག་ཚུ་ མོས་གུས་དང་ བསམ་པ་བཟང་པོའི་སྒོ་ལས་ དཀོན་མཆོག་གསུམ་ལུ་ ཕུལ་བ་ཅིན། ཚེ་འདི་ཁར་ ཚོགས་བསགས་ནི་དང་ ཚེ་ཕྱི་མར་ གཟུགས་མཛེས་ཕུན་སུམ་ཏོག་ཏོ་སྦེ་ སྐྱེ་ནི་ཨིན་པས།
ཆབ་སྦྲོན་དགོཔ།
༆ མཆོད་རྫས་ག་ཅི་རང་ཨིན་རུང་ དཀོན་མཆོག་ལུ་ ཕུལ་ཚར་བའི་ཤུལ་ལས་ ཆབ་སྦྲོན་དགོ་པའི་ གནད་དོན་དེ། དང་པར་དུ་ རང་གིས་མ་ཤེས་ མ་མཐོང་པར་འཛུལ་མི་ བཙོག་པའི་རིགས་ཚུ་འདག་སྟེ་ གཙང་མ་ཡེ་ཤེས་ཀྱི་ བདུད་རྩི་ལ་སོགས་པའི་ ངོ་བོ་ལུ་ འགྱུར་ནི་དང་། གཉིས་པ་ མཆོད་པའི་རྫས་ཚུ་ ཉུང་སུ་ཅིག་ལས་མེད་རུང་ མཆོད་རྫས་དེ་ཚུ་ རྒྱ་ཆེར་སྤེལ་ནི། གསུམ་པ་ མཆོད་རྫས་ཀྱི་རིགས་ཚུ་ལུ་ དཀོན་མཆོག་གསུམ་གྱིས་ བྱིན་གྱིས་བརླབས་ཏེ་ གནོད་བྱེད་འབྱུང་པོ་ མི་མ་ཡིན་དང་ དྲི་ཟ་ གདོན་བགེགས་ ཐེའུ་རང་ལ་སོགས་པ་ཚུ་གིས་ ལོངས་སྤྱོད་མ་ཚུགས་པའི་ དགོས་པ་ཡོདཔ་ཨིན་པས།
སྒྲ་དབྱངས་ཀྱི་མཆོད་པ།
༆ སྒྲ་དབྱངས་ཀྱི་མཆོད་པ་ལུ་ སྒྲའི་མཆོད་པ་དང་ དབྱངས་ཀྱི་མཆོད་པ་ཟེར་ ལྷམ་པ་གཉིས་ཡོདཔ་ད། དེ་ཡང་ སྒྲའི་མཆོད་པ་འདི་ རོལམོ་དང་ སིལ་སྙན་ དུང་ རྒྱ་གླིང་ སྒྲ་སྙན་ པྱི་ཝང་ལ་སོགས་པ་ཚུ་དང་། དབྱངས་ཀྱི་མཆོད་པ་འདི་ བསྟོད་པའི་དབྱངས་དང་ གླུ་གཞས་ལ་སོགས་པ་ཚུ་ དཀོན་མཆོག་གསུམ་དང་ བླམ་དང་ དཔོན་ཚུ་ལུ་ གདངས་དབྱངས་ཧན་པའི་སྒོ་ལས་ ཕུལ་ནི་དེ་ལུ་ སླབ་ཨིན་པས།
ཡིད་ཀྱིས་སྤུལ་པའི་མཆོད་པ།
༆ ཡིད་ཀྱིས་སྤྲུལ་པའི་ མཆོད་པ་ཟེར་མི་འདི་ མཆོད་ཁྲི་གུ་ དངོས་སུ་འབད་ བཤམས་མ་དགོ་པར་ སེམས་ཀྱིས་མནོ་སྟེ་ཕུལ་མི་ མཆོད་པ་འདི་ལུ་ སླབ་ནི་ཨིན་པས། དེ་ཡང་ ས་སྟེང་འདི་ནང་ཡོད་པའི་ མཐའ་ཡས་རྒྱ་མཚོ་དང་ ཆུ་ཆེན་ འབབ་ཆུ་ ཨོམ་ཆུ་ལ་སོགས་པ་ གཙང་ཏོག་ཏོ་དང་ ཡིད་ཁར་འོང་ཏོག་ཏོ་ཡོད་མི་ཚུ་ག་ར་དང་། དེ་བཟུམ་སྦེ་ ནགས་ཚལ་དང་ མེ་ཏོག་ དྲི་ཞིམ་སྤོས་དང་ དཔག་བསམ་ལྗོང་ཤིང་ གསེར་དངུལ་ལ་སོགས་པ་ མཆོདཔ་ཕུལ་བཏུབ་པའི་ རྒྱན་ཆའི་རིགས་ག་ར་ སེམས་ཀྱིས་བླངས་ཏེ་ ཕྱོགས་བཅུ་ན་བཞུགས་པའི་ སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཚུ་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕུལ་མི་དེ་ལུ་ སླབ་ཨིན་པས།
ཕན་ཡོན།
༆ མཆོདཔ་ཕུལ་བའི་ ཕན་ཡོན་འདི་ སྤྱིར་རང་གི་རྒྱུད་ལུ་ བསོད་ནམས་བསགས་ནི་ཨིན་རུང་། དམིགས་བསལ་ལུ་ སེར་སྣའི་དྲི་མ་སྦྱངས་ཏེ་ ཚོགས་བསགས་ནི་ལུ་ ཕན་ཐོགས་ཆེ་ནི་དང་། རང་གི་སེམས་རྒྱུད་ བྱམས་སྙིང་རྗེ་དང་ བྱང་ཆུབ་སེམས་ཀྱིས་ བྱིན་གྱིས་བརླབས་ཏེ་ ཉོན་མོངས་པའི་ དྲི་མ་དང་བྲལ་བའི་ ཤེས་རབ་ལ་སོགས་པ་ ཉིན་རིམ་བཞིན་དུ་ གོང་ལས་གོང་ལུ་འཕེལ་བའི་ ཕན་ཡོན་ཡོདཔ་ཨིན་པས།
ཕན་ཡོན་གྱི་རྒྱུ་མཚན།
༆ དེ་ཡང་ ཧེ་མ་ སངས་རྒྱས་རྣམ་པར་སྣང་གཟིགས་ མྱ་ངན་ལས་འདས་པའི་ཤུལ་ལུ། དགེ་སློང་ཚུ་གིས་ གཡུས་ཚན་ཚུ་ནང་ འགྲོ་དོན་དཔག་མེད་མཛདཔ་ལས་ སྦྱིན་བདག་ཕྱུགཔོ་ཚུ་གིས་ཡང་ ཞབས་ཏོག་བསྙེན་བཀུར་ཚུ་ གང་དྲག་ཞུ་ནུག། ཨིན་རུང་ གཡུས་ཚན་ཅིག་ནང་ བཟའ་ཚང་སྤྱང་ཀ་ཅིག་ཡོད་མི་དེ་གིས་ ཧིང་གི་དཀྱིལ་ལས་རང་ དད་པ་དང་ མོས་གུས་བསྐྱེད་དེ་ ཆུ་ཕུད་གཙང་ཏོག་ཏོ་ སའི་བུམ་པ་གང་བཀང་སྟེ་ དགེ་སློང་ཚུ་ལུ་དྲངས་པའི་ ཕན་ཡོན་ལུ་བརྟེན་ཏེ་ ཤི་མ་ཐག་ཏུ་ ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་ སྐྱེ་བ་ལེན་ཞིནམ་ལས་ དགའ་སྐྱིད་ཀྱི་ངང་ལུ་ ལོངས་སྤྱོད་དེ་སྡོད་ནུག།
ཤུལ་ལས་ སངས་རྒྱས་ཤཱཀྱ་ཐུབ་པ་ མཉན་ཡོད་ལུ་ བཞུགས་པའི་བསྒང་། བཟའ་ཚང་དེ་ ལྷ་ཡུལ་ལས་ ཚེ་འཕོས་ཏེ་ མཉན་ཡོད་ལུ་ ཕྱུག་པོའི་བུ་ གསེར་ལྷ་ཟེར་མི་ལུ་ སྐྱེ་བ་ལེན་ཡོདཔ་མ་ཚད། སངས་རྒྱས་ལས་ སྡོམ་པ་ཞུ་སྟེ་ བསྲུང་བྱ་ཚུ་ ལེགས་ཤོམ་སྦེ་ སྲུང་ནི་དེ་གིས་ དགྲ་བཅོམ་པའི་ གོ་འཕང་ཐོབ་ནུག།
དེ་སྦེ་ དགེ་སློང་ཚུ་ལུ་ ཆུ་ཅིག་ལས་ མ་དྲངས་རུང་ དེ་བཟུམ་མའི་ ཕན་ཡོན་ཡོད་པ་ཅིན། གསེར་དངུལ་ལ་སོགས་པ་ཚུ་ ཧིང་དྭངས་མའི་དཀྱིལ་ལས་རང་ དད་པ་དང་ མོས་གུས་བསྐྱེད་དེ་ ཕངས་སེམས་མེད་པར་ཕུལ་བའི་ ཕན་ཡོན་ལུ་ ག་ཅི་སླབ་ནི་ སླབ་རང་མི་དགོ་ནི་ཨིན་ནོ། །