
ཀ༽ རྒྱབ་ཁུངས།
སྔོན་བྱོན་རྒྱལ་བ་གོངམ་ཚུ་དང་ ཕམ་བཟང་པོ་ཚུ་གིས་ ང་བཅས་རའི་ འབྲུག་རྒྱལ་ཁབ་ནང་ ཆོས་དང་ ལམ་སྲོལ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་ཀྱི་དོན་ལུ་ རྫོང་གཞིས་ཁག་དང་ དགོན་སྡེ་ཁག་ དེ་ལས་ གཡུས་ཚན་ཚུ་ནང་ ཚེས་བཅུའི་དུས་སྟོན་ བརྩི་སྲུང་ཞུ་ནི་གི་ ལམ་སྲོལ་བཟང་པོ་ ལེ་ཤ་ཅིག་ བཙུགས་གནང་ནུག།
དེ་ཡང་ གཙོ་བོ་ གཞི་ག་ཅི་ལུ་བརྟེན་ཏེ་ བཙུགས་གནང་ནུག་དགོ་ཟེར་བ་ཅིན་ འབྲུག་རྒྱལ་ཁབ་འདི་ནང་ སངས་རྒྱས་ཀྱི་ ཆོས་ཀྱི་བསྟན་པ་ འགོ་དང་པ་ བཙུགས་གནང་མི་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་ འཁྲུངས་སྐར་དང་ ཁོ་གི་མཛད་བྱ་བཟང་པོ་ཚུ་ལུ་ གུས་བཏུད་ཞུ་ནི་དང་། རྒྱལ་ཁབ་ནང་ ཞི་བདེ་དང་ ལུང་ཕྱོགས་ཀྱི་ གཡུས་ཚན་ཁག་སོ་སོར་ ནད་ཡམ་མུ་གེ་དང་ རྐྱེན་ངན་བར་ཆད་ཚུ་ མི་འབྱུང་ནིའི་དོན་ལུ་བཙུགས་གནང་ནུག།
ཚེས་བཅུ་དེ་ཡང་ རྫོང་གཞིས་ཁག་ཚུ་ནང་ གཞུང་འབྲེལ་ལུ་བརྟེན་པའི་ ཚེས་བཅུ་དང་ དགོན་སྡེ་དང་ གཡུས་ཚན་ཚུ་ནང་ སྒེར་སྡེ་རང་སོ་གིས་ འགོ་འདྲེན་འཐབ་པའི་ ཚེས་བཅུ་ཁག་གཉིས་འབད་ཡོདཔ་ཨིན།
ཁ༽ ཚེས་བཅུའི་ལས་རིམ་ནང་ བཅའ་མར་གཏོགས་མི།
ཚེས་བཅུའི་སྐབས་ལུ་ བྱིན་རླབས་ཅན་དང་ སྤྲོ་སྣང་ཅན་གྱི་ ལྟད་མོའི་རིགས་ ལེ་ཤ་ཅིག་ སྤྱན་འབུལ་ཞུ་སྲོལ་ཡོད་པའི་གྲས་ལས་ དགེ་འཆམ་དང་ འབོད་འཆམ་ཟེར་ གར་འཆམ་ཁག་མ་འདྲཝ་སྣ་ཚོགས་ སྟོན་སྲོལ་ཡོདཔ་ཨིན། རྫོང་ཁག་སོ་སོའི་ ཚེས་བཅུའི་སྐབས་ལུ་ དགེ་འཆམ་འདི་ རྫོང་གཞི་ཁག་སོ་སོའི་ དགེ་སློང་ཚུ་གིས་ གནང་སྲོལ་ཡོདཔ་ད་ འབོད་འཆམ་འདི་ རྫོང་ཁག་རང་སོའི་ མི་སེར་ཕོ་གཞོན་ཚུ་གིས་ རྐྱབ་སྲོལ་ཡོདཔ་ཨིན་རུང་ ཐིམ་ཕུ་རྫོང་ཁག་གི་ ཚེས་བཅུའི་སྐབས་ལུ་ འབོད་འཆམ་ཚུ་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བའི་ འཁྲབ་གཞསཔ་ཕོ་གཞོན་ཚུ་གིས་རྐྱབ་ཨིན།
ཨིན་རུང་ དགོན་སྡེ་ཁག་དང་ གཡུས་མཚན་ཁག་གི་ ཚེས་བཅུ་ནང་ གར་འཆམ་ཚུ་ མང་ཤོས་རང་ དགེ་སློང་དང་ སྒོམ་ཆེན་ དེ་ལས་གཡུས་ཚན་ཁག་གི་ ཕོ་གཞོན་ཚུ་ བླ་བསྲེས་ཀྱི་ཐོག་ལུ་ རྐྱབ་སྲོལ་ཡོདཔ་ཨིན།
ཚེས་བཅུའི་སྐབས་ལུ་ ཞབས་བྲོའི་ལས་རིམ་ཡང་ སྤྱན་འབུལ་ཞུ་སྲོལ་ཡོདཔ་ཨིན། དེ་ཡང་ རྫོང་ཁག་ལ་ལོ་ཅིག་ནང་་ རྫོང་ཁག་རང་སོའི་ རྒེད་འོག་ཚུ་ སྐོར་རྐྱབ་འབད་ མོ་གཞོན་ཚུ་ གདམ་འཐུ་འབད་ཞིནམ་ལས་ མོ་གཞོན་ཚུ་གིས་ ཕུལ་སྲོལ་ཡོདཔ་དང་ རྫོང་ཁག་ལ་ལོ་ཅིག་ནང་ རྒེད་འོག་སོ་སོ་ལས་ མོ་གཞོན་ཚུ་ རྫོང་ཁག་གི་ ཞབས་བྲོཔ་ཟེར་ གདམ་འཐུ་འབད་དེ་ཡོད་མི་ཚུ་གིས་ ཕུལ་སྲོལ་ཡོདཔ་ཨིན།
དགོན་སྡེ་ཁག་དང་ གཡུས་ཚན་ཁག་གི་ ཚེས་བཅུ་ཚུ་ནང་ གཡུས་སྒོ་རང་སོའི་ མོ་གཞོན་ཚུ་གིས་ ཞབས་བྲོའི་ལས་རིམ་ཚུ་ སྤྱན་འབུལ་ཞུཝ་ཨིན།
ཐིམ་ཕུ་རྒྱལ་ས་ལྟེ་བའི་ ཚེས་བཅུའི་ནང་འབད་བ་ཅིན་ རྫོང་ཁག་འདི་ནང་གི་ རྒེད་འོག་ལས་ ཞབས་བྲོཔ་མོ་གཞོན་ཚུ་དང་ རྒྱལ་གཞུང་ཟློས་གར་སློབ་སྦྱོ་ལྟེ་བའི་ཞབས་བྲོཔ་ ཕོ་གཞོན་དང་ མོ་གཞོན་ཚུ་གིས་ སྤྱན་འབུལ་ཕུལཝ་ཨིན།
ཚེས་བཅུ་འདི་ རྫོང་གཞི་ཁག་དང་ དགོན་སྡེ་ དེ་ལས་ གཡུས་ཚན་ཁག་གི་ མི་མང་ཡོངས་ལུ་ དགོས་མཁོ་ཅན་དང་ སྤྲོ་སྣང་ཆེ་བའི་ ལས་རིམ་ཅིག་ཨིནམ་ལས་ ཚེས་བཅུ་མཇལ་བར་ འོང་མི་ཚུ་ཡང་ གཟུགས་ཁའི་བགོ་ལ་ཚུ་ ཨ་རྟག་དང་མ་འདྲཝ་སྦེ་ བཟང་བགོ་དིག་དིགམ་ཚུ་གྱོན་ཏེ་ འོང་པའི་ཁར་ བཟའ་འཐུང་གི་རིགས་ཚུ་ཡང་ འབོལ་འབོལ་ཆི་ཆི་སྦེ་ བཟོ་སྟེ་འབག་འོངམ་ཨིན།
དེ་མ་ཚད་ ཚེས་བཅུའི་་དུས་སྟོན་འདི་ ཕམ་སྤུན་ཆ་དང་ གཉེན་ཉེཝ་ དེ་ལས་ ལྟ་ལྟོ་ཚང་དང་ ཨ་རོགས་དགའ་རོགས་ཚུ་ མཉམ་ཅིག་འཛོམས་ཏེ་ སྤྲོ་སྟོན་པའི་ ཉིནམ་ཅིག་ཡང་ཨིན།
ག༽ ཚེས་བཅུ་འགོ་འདྲེན་འབད་མི།
རྫོང་ཁག་སོ་སོའི་ ཚེས་བཅུ་ཚུ་ རྫོང་ཁག་རང་སོའི་ བླམ་གནས་བརྟན་དང་ རྫོང་བདག་གིས་ འགོ་འདྲེན་ཐོག་ལས་ རྫོང་ཁག་འདི་ནང་གི་དགེ་འདུན་འདུས་པའི་སྡེ་དང་ ཁྲིམས་ཁང་དང་ ལས་སྡེ་ཁག་ དེ་ལས་ རྒེད་འོག་ཚུ་ སྤྱི་རུབ་ཀྱི་ཐོག་ལས་ འགོ་འདྲེན་འཐབ་ཨིན།
དགོན་སྡེ་ཁག་ལ་ལོ་ཅིག་ནང་ཡོད་མི་ ཚེས་བཅུ་ཚུ་ དགོན་སྡེ་རང་སོའི་ སྦྱིན་བདག་དང་ དགོན་སྡེ་ཁག་གི་ བླམ་སློབ་དཔོན་ དེ་ལས་ དགོན་སྡེ་དེ་གི་ མཐའ་འཁོར་ལུ་ཡོད་མི་ མི་སེར་ཚུ་གི་རྒྱབ་སྐྱོར་ཐོག་ལས་འགོ་འདྲེན་འཐབ་དོ་ཡོདཔ་ཨིན།
གཡུས་ཚན་ཁག་ལ་ལོ་ཅིག་ནང་ཡོད་མི་ ཚེས་བཅུ་ཚུ་ གཡུས་ཚན་དེ་ནང་གི་ བླམ་སློབ་དཔོན་དང་ ཚོགས་པ་ དེ་ལས་ མི་རྒན་ཤོས་ གོ་ཤེས་ཉན་ཤེས་ཚུ་ མཉམ་རུབ་ཀྱི་ཐོག་ལས་ འགོ་འདྲེན་འཐབ་ཨིན།
ཐིམ་ཕུ་རྫོང་ཁག་གི་ ཚེས་བཅུ་འབད་བ་ཅིན་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ དབུ་ཁྲིད་འོག་ལུ་ སློབ་དཔོན་རིན་པོ་ཆེ་ཚུ་དང་ དགེ་འདུན་འདུས་པའི་སྡེ་དང་ རྫོང་ཁག་འདི་ནང་གི་ རྫོང་བདག་གིས་ འགོ་འདྲེན་ཐོག་ལུ་ ཁྲིམས་ཁང་དང་ ལས་སྡེ་ཁག་ དེ་ལས་ རྒེད་འོག་ཁག་སོ་སོ་དང་ རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་དང་ ནང་སྲིད་ལྷན་ཁག་ཚུ་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་ཨིན།
ང༽ ཚེས་བཅུ་མཇལ་བའི་ཕན་ཡོན།
ཚེས་བཅུའི་སྐབས་ལུ་ གནང་སྲོལ་ཡོད་མི་ གར་འཆམ་ཚུ་ག་ར་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ འོག་ལུ་བཀོད་དི་ཡོད་མི་ གནད་དོན་ཚུ་ལུ་ གཞི་བཅོལ་ཏེ་ མཛད་མཛད་པའི་ བྱིན་རླབས་ཅན་ཙང་ཙང་འབདཝ་ལས་ རང་གི་མི་ཚེ་འདི་གི་ཐོག་ལུ་ མཇལ་དགོཔ་འདི་ ག་ནི་བ་གལ་ཆེ།
༡༽ རྣམ་ཐར་ལུ་ གཞི་བཅོལ་བའི་གར་འཆམ།
༢༽ བཀའ་གཏེར་དག་སྣང་ལས་བྱུང་བའི་གར་འཆམ།
༣༽ སྤྲུལ་པའི་རྫུ་འཕྲུལ་གྱི་གར་འཆམ།
ཚེས་བཅུའི་གར་འཆམ་ཚུ་ རང་གིས་མཇལ་བའི་སྐབས་ལུ་ ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པའི་དཔྱེ་ བར་དོའི་འཆམ་མམ་ རཀྴ་དམངས་འཆམ་ལུ་ གཞི་བཞག་སྟེ་ ཞུ་བ་ཅིན། རཀྴ་དམངས་འཆམ་ཀྱི་སྐབས་ལུ་ ཞལ་འབགཔ་ཁྲོ་བོ་དང་ ཞི་བ་ དེ་ལས་ སེམས་ཅན་གྱི་ ཞལ་འབགཔ་བཞེས་ཏེ་ གར་འཆམ་གནང་མི་འདི་ གཏེར་སྟོན་ཀརྨ་གླིང་པའི་ གཏེར་ཆོས་ནང་ གསུངས་དོ་བཟུམ་འབད་བ་ཅིན། ཤུལ་ལས་ རང་ཤི་སྟེ་ འཆི་ཁ་བར་དོ་ལུ་ འཁྱམས་པའི་སྐབས རྫོགས་པའི་སངས་རྒྱས་ཚུ་ ཐུགས་ཀྱིས་མ་བཟོད་པར་ དག་པའི་ཞིང་ཁམས་ལུ་ འདྲེན་ནིའི་དོན་ལས་ ཡི་དམ་ཞི་བ་དང་ ཁྲོ་བོའི་ལྷ་ཚོགས་ཀྱི་ སྐུ་ལུ་སྤྲུལ་ཏེ་ བསུ་བར་ཕེབས་ཨིན་རུང་། གསོན་པོའི་དུས་ལུ་ དཀརཔོ་དགེ་བའི་ལཱ་ ག་ནི་ཡང་ མ་འབད་བའི་ཁར་ དཀོན་མཆོག་ལུ་ དད་པ་དང་ མོས་གུས་མེད་མི་ཚུ་གིས་ རང་ལུ་་སྐྱབས་དང་ དགོན་མཛད་མིའི་ ལྷ་ཨིནམ་མ་ཤེས་པར་ འཇིགས་སྣང་བསྐྱེད་པའི་ཚུལ་བཏོན་མི་ གར་འཆམ་ཚུ་ རང་གི་མི་ཚེ་འདི་ནང་ དད་པ་དང་ མོས་གུས་བསྐྱེད་དེ་ མཇལ་བ་ཅིན་ ཤུལ་ལས་ རང་འཆི་ཁ་བར་དོར་ འཆམ་པའི་སྐབས་ལུ་ རང་གི་ཡི་དམ་ལྷ་ཚོགས་ཚུ་ ཁྲོ་བོ་དང་ ཞི་བའི་རྣམ་པ་ལུ་སྤྲུལ་ཏེ་ བསུ་བ་ལུ་ ཕེབས་པའི་སྐབས་ ངོ་ཤེས་ཚུགས་པའི་ ཕན་པ་སྦོམ་ཡོདཔ་ཨིན།
དེ་བཟུམ་སྦེ་ ཚེས་བཅུའི་གར་འཆམ་ཚུ་ཡང་ དད་པ་དང་ ཡིད་ཆེས་ཀྱི་ཐོག་ལུ་ མཇལ་ཚུགས་པ་ཅིན་ རང་རྒྱུད་ཀྱི་ལས་དང་ ཉོན་མོངས་པ་ཚུ་ཞི་སྟེ་ མཐར་ཐུག་སངས་རྒྱས་ཀྱི་ གོ་འཕང་ཐོབ་ནིའི་ ཕན་པ་ཡོདཔ་ཨིན།
ཅ༽ ཚེས་བཅུའི་གར་འཆམ་ཚུ་ མཇལ་བའི་སྐབས་ དམིགས་པ་བསྐྱེད་ཐངས།
ཚེས་བཅུའི་སྐབས་ལུ་གནང་མི་ གར་འཆམ་ཚུ་ག་ར་ རྫོགས་པའི་སངས་རྒྱས་ཚུ་གིས་ ཁྲོ་བོ་དང་ ཞི་བའི་ངང་ལས་ སེམས་ཅན་ཚུ་ག་ར་ ཕྱི་ནང་གསང་གསུམ་གྱི་ མཛད་འཕྲིན་ཐོག་ལས་ ཐར་པའི་གོ་འཕང་ལུ་ འདྲེན་པའི་ཚུལ་ཨིནམ་མ་ཚད་ འགྲོ་བའི་སེམས་ཅན་ཚུ་གི་ ལས་དང་ ཉོན་མོངས་པ་ཚུ་ ཞི་ཐབས་སྟོན་པའི་ བརྡ་མཚོན་ཨིནམ་ལས་ ཚེས་བཅུ་མཇལ་བའི་སྐབས་ལུ་ དད་པ་དང་ མོས་གུས་ཀྱི་ཐོག་ལས་ དམིགས་པ་བསྐྱེད་དེ་ མཇལ་དགོཔ་འདི་གལ་ཆེ།
དེ་ཡང་ གར་འཆམ་གནང་མི་ཚུ་ག་ར་ སངས་རྒྱས་སྐུ་དངོས་ ཁྲོ་བོ་དང་ ཞི་བའི་སྐུར་སྤྲུལ་ཏེ་ རང་དང་ འགྲོ་བ་སེམས་ཅན་ཚུ་གི་ རྒྱུད་ལུ་ཡོད་མི་ ལས་དང་ ཉོན་མོངས་པ་ཚུ་ རྩ་བ་ལས་བཅད་དེ་ དམ་པའི་ཆོས་ལུ་ བསྐུལ་ཝ་ཨིན་པའི་ དམིགས་པ་བསྐྱེད་དགོཔ་ད། གར་འཆམ་པ་ཚུ་གིས་བཞེས་མི་ ཞལ་འབགཔ་ཁྲོ་བོ་དང་ ཞི་བ་ དེ་ལས་ སེམས་ཅན་གྱི་རྣམ་པ་འབད་ཡོད་མི་ཚུ་ཡང་ སངས་རྒྱས་ཚུ་གིས་ སེམས་ཅན་གྱི་ འགྲོ་དོན་མཛད་པའི་སྐབས་ལུ་ སེམས་ཅན་སོ་སོའི་ རྒྱུད་ལུ་ཡོད་མི་ ལས་ཉོན་ཤུགས་ཆེ་ཧིང་དང་བསྟུན་ཏེ་ སྤྲུལ་པ་སྟོནམ་མ་གཏོགས་ དོན་མཐར་ཐུག་ལུ་ དེ་ཚུ་ག་ར་ སངས་རྒྱས་སྤྲུལ་པ་ཨིན། ཞལ་འབགཔ་དེ་ཚུ་ མཇལཝ་ཙམ་གྱིས་ རང་གི་རྒྱུད་ལུ་ཡོད་མི་ ལས་གྲིབ་ཚུ་ག་ར་དག་སྟེ་ སངས་ཀྱི་ གོ་འཕང་ལུ་ཐོབ་བཅུག་མནོ་བའི་ དམིགས་པ་བསྐྱེད་དེ་ མཇལ་དགོཔ་ཨིན།
གར་འཆམ་པ་ཚུ་གིས་བཞེས་མིའི་ འཆམ་བགོ་ཚུ་ཡང་ འཇིག་རྟེན་ཕལ་པའི་ ཆས་གོས་མིན་པར་ ཡི་དམ་ལྷ་དང་ དཔའ་བོ་དཔའ་མོ་ མཁའ་འགྲོ་མ་ཚུ་གིས་བཞེས་མི་ ན་བཟའ་ཨིན་པའི་ དམིགས་པ་བསྐྱེད་དགོཔ་ཨིན།
དེ་འབདཝ་ལས་ གར་འཆམ་གནང་མི་ཚུ་གིས་ཡང་ རང་ལུས་གཙང་སྦྲ་བསྟེན་དགོ་པའི་ཁར་ གར་འཆམ་གནང་པའི་སྐབས་སུ་ རང་གི་ལུས་འདི་ རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ སྤྲུལ་པའི་སྐུ་ཨིན་པའི་ གནང་བ་གསལ་དགོ་པའི་ཁར། ཞལ་ལས་ རབ་འབྱུང་པ་ཅིན་ གར་འཆམ་གྱི་ རྩ་དོན་དང་འབྲེལ་བའི་ གཟུང་སྔགས་བགྱང་ནི་དང་ དེ་མིན་རུང་ སེམས་ཁ་ལས་ བླ་མ་ལ་སྐྱབས་སུ་མཆིས། སངས་རྒྱས་ལ་སྐབས་སུ་མཆིས། ཆོས་ལ་སྐྱབས་སུ་མཆིས། དགེ་འདུན་ལུ་སྐྱབས་སུ་མཆིས་ཟེར་ སྐྱབས་འགྲོའི་ཚིག་ཅིག་ཨིན་རུང་ སེམས་ཁར་དྲན་ཏེ་ གར་འཆམ་གནང་ནི་འདི་ ག་ནི་བ་གལ་ཆེ་ནི་ཨིན་ནོ། །






Users Today : 6182
Users Yesterday : 7728
This Month : 41072
This Year : 337038
Total Users : 1048854
Views Today : 7536
Total views : 2990273
Who's Online : 62