
འབྲུག་རྒྱལ་ཁབ་འདི་ རྒྱ་གར་གྱི་ བྱང་ཤར་དང་ བོད་ཀྱི་ལྷོ་ཕྱོགས་ལུ་ ས་རྒྱ་ཀི་ལོ་མི་ཊར་གྲུ་བཞི་ ༣༨,༣༩༤ དེ་ཅིག་གི་ནང་ ཕྱི་ལྕགས་རི་ གངས་རི་ཚུ་གིས་བསྐོར་བའི་ ནགས་ཚལ་སྔོ་ལྗང་གིས་མཛེས་པའི་ ལུང་གཤོང་ཚུ་ལས་ ཆུ་མོ་དལ་གྱིས་འབབ་པའི་ སྤང་གཤོང་ཚུ་ནང་ ག་ནི་བ་ ཉམས་དགའ་བའི་ གྲོང་གཡུས་ཚུ་ ཆགས་ཏེ་ཡོདཔ་ཨིན།
དེ་ཡང་ བྱང་ཁ་ཐུག་ལུ་ རྒྱ་ནག་དང་ ལྷོ་ཁ་ཐུག་ལུ་ རྒྱ་གར་རྒྱལ་ཁབ་ སྟོབས་ཤུགས་ཅན་ ༢ ཀྱི་བར་ན་ ས་རྒྱ་ཆུང་ཀུ་དང་ མི་རློབས་ཉུང་དྲགས་ཅིག་ཨིན་རུང་ མི་ལོ་སྟོང་ཕྲག་མང་རབས་ཅིག་གི་རིང་ལུ་ རྒྱལ་ཁབ་ག་གི་འོག་ལུ་ཡང་ མ་ཚུད་པར་ རང་བཙན་གཙང་མ་སྦེ་ དགའ་སྐྱིད་ཀྱི་ངང་ལུ་ གནས་ཏེ་སྡོད་ནུག།
ཧེ་མ་ རྒྱལ་ཁབ་འདི་ལུ་ སྨན་ལྗོངས་དང་ ལྷོ་མོན་ཟེར་ སླབ་སྲོལ་ཡོད་མི་དེ་ཡང་ ཡུལ་ལྗོངས་འདི་ནང་ སྔོ་སྨན་གྱི་རིགས་ འདྲ་མིན་སྣ་ཚོགས་ཡོད་པ་ལུ་བརྟེན་ཏེ་ སྨན་ལྗོངས་དང་ ལྷོ་མོན་ཟེར་མི་འདི་ ཡུལ་ལྗོངས་འདི་ བོད་ཀྱི་ལྷོ་ཕྱོགས་ལུ་དང་ ནང་པ་སངས་རྒྱས་པའི་ བསྟན་པ་མེད་པར་ དགེ་སྡིག་སྤང་བླངས་དང་ ལས་རྒྱུ་འབྲས་ཚུ་ བརྩིས་མ་ཤེསཔ་ལས་ ཡུལ་ལྗོངས་ལུ་ མོན་ཡུལ་དང་ མི་ལུ་ མོན་པ་ཟེར་མི་ ༢ སྦྲེལ་ཏེ་ ལྷོ་མོན་ཟེར་ དར་ཡོད་རུང་ ད་རེས་ནངས་པ་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ཟེརཝ་མ་གཏོགས་ ལྷོ་མོན་ཟེར་ སླབ་སྲོལ་མེད་མི་འདི་ འབྲུག་མི་ཡོངས་ཀྱིས་ མཁྱེན་གསལ་ལྟར་དུ་ཨིན།