༆ འབྲུག་རྒྱལ་ཁབ་འདི་ ཧེ་མར་ རྒྱ་གར་དང་ དུས་མཉམ་ལུ་ ཆགས་ཡོད་པའི་ རྒྱུ་མཚན་དེ་ཡང་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་དག་པའི་སྐྱེ་བ་ལྔ་བརྒྱ་དང་ མ་དག་པའི་སྐྱེ་བ་ལྔ་བརྒྱ་བཞེས་པའི་ནང་གསེས་ལས་ རྒྱལཔོ་དོན་གྲུབ་དང་། ཐམས་ཅད་སྒྲོལ། གཙུག་ན་ནོར་བུ། དྲི་མེད་ཀུན་ལྡན་ལ་སོགས་པའི་ སྐུ་སྐྱེས་བཞེས་ཏེ་ འགྲོ་དོན་མཛད་པའི་སྐབས་ལུ་ རྒྱལ་སྲིད་སྤངས་ཏེ་ འཇིགས་སུ་རུང་བའི་ རི་བྲག་དང་ ནགས་ཚལ་སྟུག་དྲགས་ཚུ་ནང་ ཏིང་ངེ་འཛིན་གྱི་ ཟས་ལུ་བརྟེན་ཏེ་ དཀའ་སྤྱད་མཛད་པའི་ གནས་ཨིན་ཟེར་ གསུངས་ཡོད་མི་དེ་ བལ་བོད་ཚུ་ལུ་ རྒྱ་མཚོ་མ་སྐམ་པར་ཡོདཔ་ལས་ འབྲུག་འདི་ཨིན་པའི་ ཐེ་ཚོམ་མིན་འདུག།
རྒྱལ་ཁབ་འདི་ལུ་ ཧེ་མར་ སྨན་ལྗོངས་དང་ ལྷོ་མོན་ཟེར་ སླབ་སྲོལ་ཡོད་མི་དེ་ཡང་ ཡུལ་ལྗོངས་འདི་ནང་ སྔོ་སྨན་གྱི་རིགས་ འདྲ་མིན་སྣ་ཚོགས་ཡོད་པ་ལུ་བརྟེན་ཏེ་ སྨན་ལྗོངས་དང་། ལྷོ་མོན་ཟེར་མི་འདི་ ཡུལ་ལྗོངས་འདི་ བོད་ཀྱི་ལྷོ་ཕྱོགས་ལུ་དང་ ནང་པ་སངས་རྒྱས་པའི་ བསྟན་པ་མེད་པར་ དགེ་སྡིག་སྤང་བླངས་དང་ ལས་རྒྱུ་འབྲས་ཚུ་ བརྩིས་མ་ཤེསཔ་ལས་ཡུལ་ལྗོངས་ལུ་ མོན་ཡུལ་དང་ མི་ལུ་མོན་པ་ཟེར་མི་གཉིས་སྦྲེལ་ཏེ་ ལྷོ་མོན་ཟེར་ དར་ཡོད་རུང་། ད་རེས་ནངས་པར་ འབྲུག་རྒྱལ་ཁབ་ཟེརཝ་མ་གཏོགས་ ལྷོ་མོན་ཟེར་མི་མིང་ཙམ་ཡང་མེདཔ་ཨིན།
འབྲུག་གི་མི་རབས་བྱུང་ཚུལ།
༆ རྒྱལ་ཁབ་འདི་ནང་གི་ འགྲོ་བ་མི་རིགས་ཚུ་ རྒྱལ་ཁབ་ག་ཏེ་ལས་ཡང་ འོང་འོངམ་མིན་པར་ སྔོན་བསྐལ་པ་ཆགས་པའི་ཤུལ་ལུ། འགྲོ་བ་མི་རིགས་ཚུ་ཡང་ རང་བཞིན་གྱིས་ རིམ་པ་བཞིན་དུ་ ཆགས་ཡོད་མི་དེ་ཡང་ ཆུ་ཡོད་པ་ཅིན་ ཉ་རང་བཞིན་གྱིས་ འཁོར་དོ་བཟུམ་ཅིག་ཨིན་པས།
དེ་ཡང་ རྒྱ་གར་ལུ་ སངས་རྒྱས་ཀྱི་ བསྟན་པ་དར་ནི་དེ་གིས་ ཡུལ་དབུས་དང་། སངས་རྒྱས་ཀྱི་ བསྟན་པ་མ་དར་བའི་ ཡུལ་ཁམས་ཚུ་ལུ་ མཐའ་འཁོབ་མུན་པའི་གླིང་དང་།མཐའ་འཁོབ་མུན་པའི་གླིང་ལུ་གནས་མི་ མི་རིགས་ཚུ་ལུ་ མོན་པ་ཟེར་ དར་ཡོདཔ་ལས། འབྲུག་གི་མི་རིགས་ཚུ་ཡང་ རྒྱ་གར་གྱི་ མི་རིགས་ཚུ་དང་ འདྲ་མཉམ་འབད་ ཆགས་ཡོད་པའི་ མངོན་གསལ་བྱུང་།
དེ་མ་ཚད་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཆོས་འདུལ་བ་ལ་སོགས་པ་ གསུངས་པའི་སྐབས་ལུ་ཡང་ རི་བྲག་པ་ཚུ་ཟེར་ གསུངས་ཏེ་ཡོདཔ་ཨིན། དེ་ཡང་ རྒྱ་གར་དེ་ ས་གཞི་རྒྱ་ཐང་ནང་ རྒྱ་མཚོ་དང་བཅས་པ་ ཆགས་ཏེ་ཡོདཔ་ལས་ རྒྱ་གར་གྱི་ མི་རིགས་ཚུ་ལུ་ རི་བྲག་པ་ཟེར་གསུངས་ནི་གི་ འོས་འབབ་མེདཔ་ད། ལ་ལུང་དང་ རི་བྲག་གུ་ ཆགས་ཏེ་ཡོད་མི་ འབྲུག་འདི་ནང་གི་ མི་རིགས་ཚུ་ཨིན་པ་ལུ་ ཐེ་ཚོམ་བསྐྱེད་དགོཔ་མིན་འདུག།
སངས་རྒྱས་ཀྱི་བསྟན་པའི་སྣང་བ།
༆ སྟོན་པའི་འདས་ལོ་ ༡༥༢༢ གནམ་ལོ་ལྕགས་གླང་ སྤྱི་ལོ་ ༦༤༡ལུ་ ཆོས་རྒྱལ་སྲོང་བཙན་སྒམ་པོ་མཆོག་གིས་ སྤྲུལ་པའི་སྒོ་ལས་ ཉིནམ་གཅིག་གི་ནང་ ལྷ་ཁང་ ༡༠༨ བཞེངས་གནང་པའི་སྐབས་ལུ། ཡུལ་ལྗོངས་འདི་ནང་ཡང་ བུམ་ཐང་ལུ་ བྱམས་པ་ལྷ་ཁང་དང་ སྤ་རོ་ལུ་ སྐྱེར་ཆུ་ལྷ་ཁང་ཚུ་ བཞེངས་གནངམ་ལས་ དཀོན་མཆོག་གསུམ་གྱི་སྣང་བ་ འགོ་དང་པ་བྱུང་ནུག།
དེ་ལས་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ ཡུལ་ལྗོངས་འདི་གི་ གདུལ་བྱ་འདུལ་བའི་དུས་ལུ་བབས་ཏེ་ བུམ་ཐང་ལྕགས་མཁར་རྒྱལཔོ་ སིན་དྷུ་རཱ་ཛ་གིས་ གདན་འདྲེན་ཞུཝ་བཞིན་དུ། སྤྱི་ལོ་ ༧༤༦ གི་ལོར་ བལ་ཡུལ་ཡང་ལོད་ཤོད་ལས་ བུམ་ཐང་ལུ་བྱོན་ཏེ་ ཤེལ་གིང་དཀར་པོ་གིས་གཙོས་པའི་ ལྷ་སྲིན་སྡེ་བརྒྱད་ཚུ་ བཏུལ་གནང་སྟེ་ དམ་པའི་ཆོས་ཀྱི་བསྟན་པ་ བཙུགས་གནང་པའི་ཁར། ཡུལ་ལྗོངས་འདི་ རང་དབང་རང་བཙན་ཐོག་ལུ་ ནང་པ་སངས་རྒྱས་པའི་ ཆོས་ལྡན་གྱི་ རྒྱལ་ཁབ་ཅིག་ལུ་ འགྱུར་ནི་གི་ མ་འོངས་ལུང་བསྟན་ཚུ་ཡང་གནང་ནུག།
དེ་བཟུམ་མའི་ ལུང་བསྟན་དང་འཁྲིལ་ཏེ་ སངས་རྒྱས་དང་ བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ ཕ་ཇོ་འབྲུག་སྒོམ་ཞིག་པོ་དང་།ངག་དབང་ཆོས་རྒྱལ།ཀཿཐོག་པ།གནས་རྙིང་པ།འབའ་ར་བ།ཀུན་མཁྱེན་ཀློང་ཆེན།རྒྱལ་དབང་རྗེ།གྲུབ་ཐོབ་ཐང་སྟོང་རྒྱལ་པོ་ལ་སོགས་པའི་ སྐྱེས་ཆེན་དམ་པ་ མང་རབས་ཅིག་གིས་ རིམ་པ་བཞིན་དུ་ཞབས་ཀྱིས་བཅགས་ཏེ་ བྱིན་གྱིས་བརླབས་གནང་ནུག།
ཡི་གུ་འབྱུང་ཚུལ།
༆ སྤྱི་ལོ་ ༨༠༠ དེ་ཅིག་ལུ་ གུ་རུ་པདྨ་སམྦྷ་ཝའི་སློབ་མ་ ལོ་ཙཱ་བ་ ལྡན་མ་རྩེ་མང་གིས་ ཡུལ་ལྗོངས་འདི་ནང་ ཡི་གུ་དང་ རིག་གནས་ཀྱི་ ལམ་སྲོལ་ཚུ་ བཙུགས་གནང་པའི་ཤུལ་ལུ། ཡི་གུའི་རིགས་དང་ སྒྲ་དང་ སྙན་ངག་ཚུ་ལུ་ མཁས་པ་རིམ་པར་བྱུང་པའི་ བརྒྱུད་པ་ལས། དྲུང་ཡིག་རྟ་མགྲིན་དབང་རྒྱལ་དང་། བུམ་ཐང་ཆོས་རྗེ་ ངག་དབང་བསོད་ནམས། སྡེ་སྲིད་དགུ་པ་ དགེ་བཤེས་ངག་དབང་རྒྱ་མཚོའི་སྐབས་ལུ་ སྤུངས་ཐང་གྲྭ་ཚང་ནང་ སྒྲ་པའི་གྲྭ་ཚང་ གསར་བཙུགས་མཛད་ནུག།
དེ་བསྒང་ བུམ་ཐང་ཆོས་རྗེ་ ངག་དབང་བསོད་ནམས་ སྒྲ་པའི་སློབ་དཔོན་འབད་ བསྐོས་གནང་པ་ལུ་བརྟེན་ཏེ་ ཡིག་རིགས་ལུ་ གཙོ་བོར་བཏོན་པའི་ཁར་། སྒྲ་དང་ རྩིས་ཚུ་ཡང་ དར་རྒྱས་འགྱོ་བའི་ཤུལ་ལུ། བུམ་ཐང་ཆོས་རྗེའི་སློབ་མ་ འབྲུག་པ་ལོ་ཙཱ་བ་ ངག་དབང་དཔལ་བཟང་ཟེར་མི་དང་། རྗེ་མཁན་ཁྲི་རབས་བཅུ་གཉིས་པ་ ཀུན་དགའ་རྒྱ་མཚོ་ཟེར་ ཞུ་མི་དེ་ཡང་ གཞུང་དང་ རིག་གནས་ལུ་ མཐར་སོན་ནི་དེ་གིས་ སྒྲ་པའི་སློབ་དཔོན་ མཛད་ཞིནམ་ལས་ཚུར། སྒྲ་སློབ་རིམ་བྱོན་ཚུ་གིས་ འབྲུག་པའི་ཡི་གུ་དང་ རིག་གཞུང་ཚུ་ དར་ཁྱབ་མཛད་གནང་ནུག།
དཔལ་ལྡན་འབྲུག་པར་བསྒྱུར་ཚུལ།
༆ སངས་རྒྱས་གཉིས་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས། ནམ་མཁའི་སྙིང་པོ་རང་འོད་འབྲུག་གི་མཚན། །ངག་གི་མིང་ཅན་ལྷོ་རོང་ཕྱོགས་སུ་འབྱུང་། །ཞེས་དང་། ཆོས་རྗེ་གཙང་པ་རྒྱ་རས་ཀྱིས། མ་འོངས་དུས་ན་ང་ཡང་དེར་འོངས་ནས། །ལུགས་གཉིས་བསྟན་པའི་ལམ་སྲོལ་འབྱེད་དུ་འགྱུར། །ཟེརཝ་ལ་སོགས་པའི་ ལུང་བསྟན་དང་། ཡུལ་ལྗོངས་འདི་གི་ གདུལ་བྱ་འདུལ་བའི་ དུས་ལུ་བབས་ཏེ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་ དགུང་ལོ་ ༢༣ རབ་བྱུང་ ༡༠ པའི་ གནམ་ལོ་མེ་འབྲུག་ སྤྱི་ལོ་ ༡༦༡༦ ལུ་བོད་འབྲུག་ར་ལུང་ལས་ ཡུལ་ལྗོངས་འདི་ཁར་ ཆིབས་བསྐྱོད་གནང་ནུག།
དེ་ལས་ རིམ་པ་བཞིན་དུ་ ལྷོ་མོན་ཁ་བཞི་ག་ར་ དཔལ་ལྡན་འབྲུག་པའི་ མངའ་འབངས་ལུ་འདུ་སྟེ་ ལྷ་ཆོས་དགེ་བ་བཅུ་དང་ མི་ཆོས་གཙང་མ་བཅུ་དྲུག་གི་སྒོ་ལས། ལྷོ་ཁྲིམས་མེད་ལུ་ཁྲིམས་དང་ རྫ་ལུང་མེད་ལུ་ ལུང་བཏགས་ཏེ་ དཔལ་ལྡན་འབྲུག་པའི་ ཆོས་སྲིད་ལུགས་གཉིས་ཀྱི་ ལམ་སྲོལ་བཟང་པོ་བཙུགས་གནངམ་དང་འབྲེལ། འབྲུག་པ་དཀར་བརྒྱུད་པའི་ ཆོས་ལུགས་ཀྱི་མིང་འདི་ རྒྱལ་ཁབ་དང་ མི་རབས་ལུ་ བཏགས་གནངམ་བཞིན་དུ།ཡུལ་ལྗོངས་འདི་གི་མིང་ལུ་ འབྲུག་དང་ ཡུལ་ལྗོངས་འདི་ནང་གནས་མི་ལུ་ འབྲུག་པ་ཟེར་ དམ་པའི་ཆོས་ཀྱི་ མིང་དོན་དང་མཐུན་པའི་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་ལུ་ བདེ་བར་བཀོད་གནང་ནུག།
དཔལ་ལྡན་འབྲུག་པའི་རྒྱབ་ཁུངས།
༆ དེ་ཡང་ ཨོ་རྒྱན་རིན་པོ་ཆེ་གིས། ནཱ་རོ་པཎ་ཆེན་སྒྱུ་མའི་སྐུར་སྤྲུལ་པ། །གཙང་པ་རྒྱ་རས་འབྲུག་དང་ར་ལུང་འབྱོན། །ཟེར་མཚན་དང་བཅས་པའི་ ལུང་བསྟན་ལྟར་དུ་ ཆོས་རྗེ་འགྲོ་བའི་མགོན་པོ་ གཙང་པ་རྒྱ་རས་མཆོག་ རབ་བྱུང་ ༡༣ པའི་ གནམ་ལོ་ལྕགས་སྦྲུལ་ སྤྱི་ལོ་ ༡༡༦༡ གི་ལོར་སྐུ་འཁྲུངས་ནུག།
དེ་ལས་ རིམ་པ་བཞིན་དུ་ མདོ་སྔགས་རིག་གཞུང་ཚུ་ལུ་མཁས་ཤིང་སྒྲུབ་པ་བརྙེས་པའི་ཤུལ་ལུ་གདན་ས་ཅིག་ བཏབ་གནང་ནི་གི་ ཐུགས་བཞེད་གནང་སྟེ་ ས་གཞི་གཟིགས་པར་བྱོནམ་ད། སྐུ་ངལ་ཆེ་བའི་ཁར་ ཞལ་ཡང་སྐོམ་སྟེ་ གསོལ་ཇ་ཅིག་ བསྐོལ་བཞེས་དགོ་ནི་མས་ཟེར་ ཐུགས་བཞེད་གནང་མ་ཐག་ཏུ་ས་གནས་དེ་ཁར་ རྫིབ་རྡོ་གསུམ་དང་ ཐབ་ཤིང་ཆགཔ་གཅིག་ ཨོམ་ཆུ་དང་བཅས་པ་རང་བཞིན་ལྷུན་གྱིས་གྲུབ་སྟེ་ བྱུང་ཡོདཔ་ཨིན་པས།
དེ་སྦེ་ བྱུང་མི་དེ་ རྟེན་འབྲེལ་ལེགས་ཤོམ་ཅིག་ཨིན་པའི་ ཐུགས་བཞེད་གནང་ཐོག་ལས་ གསོལ་ཇ་སྐོལ་ཏེ་ འཁོལ་ནི་དང་འབྲེལ་ གནམ་ག་ནི་བ་དྭངས་པའི་ དགུང་དབྱིངས་ལས་ འབྲུག་སྐད་ལན་ཐེངས་གསུམ་ལྡིར་བ་ལུ་བརྟེན་ཏེ། ཆོས་རྗེ་འགྲོ་བའི་མགོན་པོ་གིས་ འབྲུག་སྐད་ཀྱིས་ ག་ཏེ་ཁྱབ་སར་ འབྲུག་པ་དཀར་བརྒྱུད་པའི་ ཆོས་ཀྱི་བསྟན་པ་འདི་ དར་ཁྱབ་འབྱུང་བཅུག་ཟེར་བའི་ ཐུགས་སྨོན་གནང་ནུག།
དེ་བཟུམ་མའི་ རྟེན་འབྲེལ་ཕུན་སུམ་ཚོགས་པའི་ ས་གནས་ལུ་ གདན་ས་བཏབ་གནངམ་བཞིན་དུ།གདན་སའི་མིང་ལུ་ འབྲུག་ར་ལུང་ཟེར་ བཏགས་གནང་སྟེ་ འབྲུག་པ་དཀར་བརྒྱུད་པའི་ ཆོས་ལུགས་འདི་ དར་ཁྱབ་སྦོམ་བྱུངམ་ལས། མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཟེར་བའི་ གཏམ་གྱི་སྙན་གྲགས་ཚུ་ཡང་ རླུང་ལྟར་དུ་གྲགས་ནུག།
ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་འཁྲུངས་རབས།
༆ ཐུགས་རྗེ་ཆེན་པོ་ འཕགས་པ་སྤྱན་རས་གཟིགས་ཀྱིས་ སྤྲུལ་པ་སྣ་ཚོགས་ཀྱི་སྒོ་ལས་ སེམས་ཅན་གྱི་ འགྲོ་དོན་དཔག་མེད་མཛད་པའི་ནང་ལས། ཞབས་དྲུང་རིན་པོ་ཆེ་ དཔལ་ངག་དབང་རྣམ་རྒྱལ་མཆོག་ འབྲུག་ར་ལུང་གི་ འབྲུག་པའི་གདུང་བརྒྱུད་ལས་ ཡབ་བསྟན་པའི་ཉི་མ་དང་།ཡུམ་སྡེ་པ་སྐྱིད་ཤོད་པའི་སྲསམོ་ བསོད་ནམས་དཔལ་གྱི་བུ་འཁྲིད་ཀྱི་སྲས་ལུ་ རབ་བྱུང་ ༡༠ པའི་ ཤིང་རྟ་ཟླཝ་ ༡༡ པ་ སྤྱི་ལོ་ ༡༥༩༤ ལོར་ འབྲུག་བྱང་ཆུབ་གླིང་ལུ་ ངོ་མཚར་བའི་ རྟགས་མཚན་བཟང་པོ་དང་བཅསཔ་སྦེ་ སྐུ་འཁྲུངས་ཡོདཔ་བཞིན་དུ་ མི་ཕམ་བསྟན་འཛིན་རྡོ་རྗེ་ཟེར་ མཚན་གསོལ་ཞུ་ནུག།
ཞབས་དྲུང་རིན་པོ་ཆེ་མཆོག་ སྐུ་ན་ཆུང་ཀུ་ལས་རང་ སྐྱེ་བོ་ཕལ་པའི་ བྱ་སྤྱོད་ཙམ་ཡང་མེད་པར་ དགུང་ལོ་བཞི་ལྔ་དེ་ཅིག་ལས་ བྲི་ཀློག་ཐོགས་མེད་མཁྱེན་པའི་ཁར།ཉིནམ་ཅིག་འབདཝ་ད་ ལྷ་མོ་བདུད་གསོལ་མའི་ གཏོར་འབུལ་གནང་པའི་སྐབས་ལུ་ རྒྱུན་གཏོར་ལས་ མེ་འབརཝ་ལ་སོགས་པའི་ རྟགས་མཚན་བཟང་པོ་འདྲ་མིན་སྣ་ཚོགས་ མི་མང་ག་ར་གིས་ མཐོང་སྣང་ལུ་བྱུང་ནུག།
ཞབས་དྲུང་རིན་པོ་ཆེ་མཆོག་ ཀུན་མཁྱེན་པདྨ་དཀར་པོའི་ སྤྲུལ་སྐུ་འཁྲུལ་མེད་ཨིན་རུང་། སྡེ་སྲིད་གཙང་པ་ ཕུན་ཚོགས་རྣམ་རྒྱལ་གྱིས་ ཁས་ལེན་མ་བཏུབ་པར་ འབྲུག་ར་ལུང་གི་ ནང་རྟེན་རྩ་ཅན་ཚུ་ འཕྱོག་ནི་གི་ རྩིས་རྐྱབ་ལས་ འབྲུག་པ་ཕན་ཚུན་ མ་འ་གྲིགས་པའི་ རྐྱེན་ངན་གུ།ཨོ་རྒྱན་གུ་རུ་རིན་པོ་ཆེའི་ ལུང་བསྟན་དང་ དཔལ་ཡེ་ཤེས་མགོན་པོ་གིས་ ལྷོ་མོན་ཁ་བཞིའི་རྒྱལ་ཁབ་འདི་ གདུལ་བྱའི་ཞིང་ལུ་ ཕུལ་བའི་ཁར།མགར་སའི་ཡུལ་དཔོན་ དགོན་འོབས་མཚོ་བླམ་གིས་ ང་བཅས་ཀྱི་ ཡུལ་ལྗོངས་འདི་ནང་ བླམ་དང་ དཔོན་མེད་ལུགས་ཀྱི་ ཞུ་བ་ཚུ་ཡང་ ཕུལ་བ་ལུ་བརྟེན་ཏེ་ སྡེ་སྲིད་གཙང་པའི་འོག་ལུ་ མ་བཞུགས་པར་ ཡུལ་ལྗོངས་འདི་ནང་ བྱོན་ནི་གི་ ཐུགས་ཐག་བཅད་གནང་ནུག།
ཞབས་དྲུང་འབྲུག་ལུ་བྱོན་ཚུལ།
༆ ཞབས་དྲུང་རིན་པོ་ཆེ་ དཔལ་ངག་དབང་རྣམ་རྒྱལ་མཆོག་ དགུང་ལོ་ ༢༣ རབ་བྱུང་ ༡༠ པའི་ གནམ་ལོ་མེ་འབྲུག་ སྤྱི་ལོ་ ༡༦༡༦ ལོར་ དགོན་འོབས་མཚོ་བླ་མའི་ དམག་དཔུང་གིས་བསུས་ཏེ། འབྲུག་ར་ལུང་ལས་ རང་བྱོན་ཁར་ས་པ་ཎི་ལ་སོགས་པའི་ ནང་རྟེན་ཁྱད་འཕགས་ཅན་ཚུ་བསྣམས་ཏེ་ ཡུལ་ལྗོངས་འདི་ནང་ བྱོན་ཡོདཔ་བཞིན་དུ།ལ་ཡག་ལུང་མོ་ཆེར་ ཕེབས་པའི་སྐབས་ལུ་ ཆོས་རྗེ་ཡོན་རྫོང་པ་གིས་གཙོས་པའི་ འབྱོགཔ་ཚུ་གིས་ ཞབས་ཏོག་བསྙེན་བཀུར་ཚུ་ གང་ཟབ་ཞུ་ནུག།
དེ་ལས་ རིམ་པ་བཞིན་དུ་ དགོན་འོབས་མཚོར་ཕེབས་པའི་སྐབས་ལུ་ བླམ་འོབས་མཚོ་པ་དང་ ཕྱུག་པོ་ལྷ་དབང་ཚེ་རིང་ཚུ་གིས་ སྦྱིན་བདག་ཐོག་ལས་ དགོན་ཕྱོགས་ལུ་ འགྲོ་དོན་འཕྲིན་ལས་མཛད།དགོན་འོབས་མཚོ་ལས་ ངག་དབང་ཆོས་རྒྱལ་གྱི་གདན་ས་ འཕྲིན་ལས་སྒང་དང་།ཐིམ་ཕུ་སྤང་རི་ཟམ་པར་ ཕེབས་པའི་སྐབས་ལུ། ཕ་ཇོའི་རྣམ་སྤྲུལ་ ཚེ་དབང་བསྟན་འཛིན་གྱིས་ ཕེབས་བསུ་གང་དྲག་ཞུ་སྟེ་ བདེ་ཆེན་ཕུག་ལུ་ བྱོན་ཞིནམ་ལས། ཡེ་ཤེས་དགོན་པོ་དང་ ལས་མགོན་སྡེ་བརྒྱད་ཚུ་ལུ་བསྐང་གསོ་གནངམ་ད་དགེ་བསྙེན་ཆེན་པོ་ ཇག་པ་མེ་ལེན་ དངོས་སུ་བཅར་ཏེ་ འགྲོ་དོན་འཕྲིན་ལས་ཚུ་ ཐོགས་མེད་སྒྲུབ་ནི་གི་ ཁས་བླངས་དམ་བཅའ་ཕུལ་ནུག།
ཐིམ་ཕུ་ལས་ ཚ་ལུང་ནང་བརྒྱུད་དེ་ སྤ་རོ་ཚོང་འདུས་ འབྲུག་ཆོས་ལྡིངས་ལུ་ བཞུགས་པའི་སྐབས། སྡེ་སྲིད་གཙང་པ་གིས་ དབང་བཙོང་གི་སྒོ་ལས་ ར་ལུང་དགོན་པ་དང་ ཕ་གཞི་ག་ར་ བདག་དབང་འབད་བའི་ཁར་ད་རུང་ ངལ་མ་རངས་པའི་ ཡི་གུ་ལྷོདཔ་ལས། ཞབས་དྲུང་རིན་པོ་ཆེ་གིས་ ཧེ་མར་ ཁྱོད་ཀྱིས་ མི་མཛད་དགུ་མཛད་ ལེ་ཤ་ཅིག་མཛད་མི་དེ་གིས་ མ་བཏུབ་པ་ཅིན།ད་ལས་ཕར་ གཙང་པ་མི་བརྒྱུད་དང་བཅས་པ་ མིང་ཙམ་ཡང་མེད་པར་ བཟོ་མ་ཚུགསན་ སྤྱིར་འབྲུག་པ་ལུ་ བཀའ་སྲུང་མེད་པའི་ཁར། ལྷག་པར་དུ་ ང་རང་ཡང་ འབྲུག་པའི་མི་ངོ་མིན་ཐག་ཆོད་ཟེར་བའི་ ཡིག་ལན་གནང་པ་ལུ་བརྟེན་ཏེ།སྡེ་སྲིད་གཙང་པ་གིས་ དེ་འཕྲལ་ལས་ སྤ་རོ་ལུ་ དམག་བཏང་སྟེ་ འཐབ་པའི་སྐབས་ལུ། ཆོས་སྐྱོང་སྲུང་མའི་ རྫུ་འཕྲུལ་དང་ ཞབས་དྲུངརིན་པོ་ཆེའི་ སྤྲུལ་པའི་དམག་ཚུ་གིས་ སྡེ་སྲིད་གཙང་པའི་དམག་མི་ཚུ་ ཤི་རྨས་དང་ བྲོས་བྱོལ་ཐལ་བའི་ ཐུགས་རྗེ་གཟིགས་གནང་ནུག།
ཨིན་རུང་ དམག་དཔོན་ལ་དགུ་ནས་ཟེར་མི་དེ་ དཔལ་ཡེ་ཤེས་དགོན་པོའི་ དམར་རྒྱན་ལུ་ བཞེས་ནི་དེ་གིས་ བོད་དམག་ག་ར་ ལོག་སོང་ཡོདཔ་ལས། བོད་དམག་ལ་ལོ་ཅིག་གིས་ ཞབས་དྲུང་རིན་པོ་ཆེ་ དམག་དཔོན་འབད་ བྱོན་ནུག་ཟེར་ སླབ་སྟེ་འབད་རུང་། དེ་བསྒང་ ཞབས་དྲུང་རིན་པོ་ཆེ་ འབྲས་ལའི་རྩེ་ལུ་ བྱོན་ཡོདཔ་ལས་ འབྲུག་ཆོས་ལྡིངས་ལུ་ མ་བཞུགས་པའི་ ལོ་རྒྱུས་ཨིན་པས།
དེ་ལས་ ཐིམ་ཕུ་སྤང་རི་ཟམ་པ་ལུ་ ལོག་བྱོན་ཏེ་ སྐུ་ངལ་གནང་བཞུགསཔ་ད།ཕ་ཇོའི་ཡང་སྲིད་ རྟ་མགོའི་ཆོས་རྗེ་ ཚེ་དབང་བསྟན་འཛིན་གྱིས་ རྟ་མགོའི་གདན་ས་ གྲྭ་འབངས་དང་བཅས་པ་ ཞབས་དྲུང་རིན་པོ་ཆེ་ལུ་ཕུལ་ཏེ་ རྟ་མགོ་ལུ་ གདན་འདྲེན་ཞུཝ་བཞིན་དུ།ཞབས་དྲུང་རང་གིས་ ཙན་དན་དཀར་པོའི་ཤིང་གུ་ སྤྱན་རས་གཟིགས་ ཁར་ས་པ་ཎིའི་སྐུ་སོར་བཞི་མ་ཅིག་ ཕྱག་བརྐོས་མཛད་དེ་ གནང་མི་དེ་དགོན་པའི་ནང་རྟེན་ལུ་ ཕུལ་ཡོདཔ་ལས། དགོན་པར་མེ་མཆོད་བཞེས་པའི་སྐབས་ལུ་ མེའི་སྦུག་ན་ ན་བཟའ་དང་བཅས་པ་ གནོད་སྐྱོན་ག་ནི་ཡང་མེད་པར་ བཞུགས་ནི་དེ་གིས་ བྱིན་ཅན་ཅིག་ཨིན་པའི་ སྙན་གྲགས་ཚུ་ཡང་དར་ཁྱབ་བྱུང་ནུག།
དགྲའི་ཕྱོགས་ལས་རྣམ་པར་རྒྱལ་བ།
༆ ཞབས་དྲུང་རིན་པོ་ཆེ་མཆོག་ ཀུན་མཁྱེན་པདྨ་དཀར་པོའི་ སྤྲུལ་སྐུ་འཁྲུལ་མེད་ཨིན་རུང་།དེ་བསྒང་ བོད་ཀྱི་རྒྱལ་ཁབ་དེ་ སྡེ་སྲིད་གཙང་པ་གིས་ དབང་པ་ལུ་བརྟེན་ཏེ། ཆོས་རྗེ་གཙང་པ་རྒྱ་རས་གྱི་ སྐུའི་སྒལ་ཚིག་ལས་འཁྲུངས་མི་ རང་བྱོན་ཁར་ས་པ་ཎི་ འཕྱོག་ནི་གི་ རྩིས་རྐྱབ་པའི་སྐབས་ལུ། ཞབས་དྲུང་རིན་པོ་ཆེ་གིས་ གནང་མ་བཏུབ་ལས་ སྐྱིད་ཏོང་ཏོ་སྦེ་ བཞུགས་མ་སྟེར་བའི་ཁར། འབྲུག་ལུ་བྱོན་ཏེ་འབད་རུང་ རྟིང་བཤུལ་བདའ་སྟེ་ དམག་ཐེངས་ལེ་ཤ་ཅིག་བཏང་ཐོག་ལས་ སྐྱིད་ཏོང་ཏོ་དང་ དགའ་ཏོག་ཏོ་སྦེ་ བཞུགས་མ་སྟེརཝ་ཨིན་པས།
དེ་ལས་ ཞབས་དྲུང་རིན་པོ་ཆེ་ རྟ་མགོ་ལུ་ རྟ་མགྲིན་རང་བྱོན་གྱི་ བྱག་ཕུག་ནང་ ཡེ་ཤེས་མགོན་པོའི་ ཐོད་ནག་ལུ་བརྟེན་པའི་ མངོན་སྤྱོད་དྲག་པོའི་ འཕྲིན་ལས་ཀྱི་ ཐུགས་དམ་ལུ་བཞུགས་ཏེ་ ཟླ་ངོ་གཅིག་གི་ ནང་འཁོད་ལུ་ སྡེ་སྲིད་གཙང་པ་ བཙུན་མོ་དང་བཅས་པ་ བསྒྲལ་གནང་ཞིནམ་ལས། བདུད་ཀྱི་གཡུལ་ལས་ རྣམ་པར་རྒྱལ་བའི་ རུ་མཚོན་འཕྱར་ཏེ་ སྲུང་མའི་ཚོགས་ལུ་ གཏང་རག་གི་ དགའ་སྟོན་མཛད་པའི་སྐབས་ལུ།ང་བཅུ་དྲུག་མའི་ བཀའ་ཐམ་ཡང་ མཛད་གནང་ནུག།
ལུགས་གཉིས་ཀྱི་བསྟན་པ་སྐྱོང་ཚུལ།
༆ ཞབས་དྲུང་རིན་པོ་ཆེ་ དགུང་ལོ་ ༢༧ སྤྱི་ལོ་ ༡༦༢༡ གི་ལོར་ ལྕགས་རི་རྡོ་རྗེ་གདན་ལུ་ གཙུག་ལག་ཁང་ཆེན་མོ་བཞེངས་ནི་གི་ གཞི་འགྱམ་བཙུགས་ཏེ་ ལོ་ངོ་ཕྱེད་དང་གཉིས་ལུ་ ཕྱི་ནང་ལེགས་ཤོམ་སྦེ་ བསྒྲུབས་ཞིནམ་ལས། མཁས་གྲུབ་ལྷ་དབང་བློ་གྲོས་ གདན་འདྲེན་ཞུ་སྟེ་ དགེ་སློང་སུམ་ཅུ་དང་བཅས་པའི་ དགེ་འདུན་གྲྭ་ཚང་འགོ་དང་པ་ བཙུགས་གནང་ནུག།
དེ་ལས་ ཞབས་དྲུང་རིན་པོ་ཆེ་གིས་ རྗེ་བཙུན་མི་ལ་རས་པ་བཟུམ་སྦེ་ དཀའ་སྤྱད་མཛད་དེ་ ཆོས་ཡང་དག་པ་ཅིག་ མཛད་ནི་དང་། ཡང་ཅིན་ སངས་རྒྱས་ཀྱི་བསྟན་པ་ ལུགས་གཉིས་ཀྱི་སྒོ་ལས་ དར་ཞིང་རྒྱས་པ་ ཆོས་རྒྱལ་འཕགས་པ་བཟུམ་ཅིག་ མཛད་དགོ་ནི་ཨིན་པའི་ ཐུགས་བཞེད་གནང་སྟེ། ལྕགས་རི་ལུ་ ལོ་གསུམ་ཕྱོགས་གསུམ་གྱི་ སྐུ་མཚམས་ནང་བཞུགས་ཞིནམ་ལས་ ཐུགས་ཀྱི་དགོངས་བཞེད་ དབེན་པའི་རི་ཁྲོད་ལུ་ གཏད་དེ་འབད་རུང་། ཡབ་རྗེ་དམ་པ་དང་ རང་བྱོན་ཁར་ས་པ་ཎིའི་ ལུང་བསྟན་གུ་ དཔལ་ཡེ་ཤེས་མགོན་པོ་ ལྕམ་དྲལ་དང་བཅས་པ་གིས་ སངས་རྒྱས་ཀྱི་ བསྟན་པ་འདི་ ཆོས་སྲིད་ལུགས་གཉིས་ཀྱི་སྒོ་ལས་ འཛིན་སྐྱོང་མཛད་པ་ཅིན་ འཕྲིན་ལས་བཀའ་བཞིན་སྒྲུབ་པའི་ ཁས་བླངས་དམ་བཅའ་ཕུལཝ་ལས་ ཆོས་སྲིད་ཟུང་འབྲེལ་གྱི་ བསྟན་པ་སྐྱོང་ནི་ལུ་ ཐུགས་ཐག་བཅད་དེ་ འབྲུག་རྒྱལ་ཁབ་མཐའ་དབུས་གེ་རའི་ནང་ རྫོང་བཞེངས་གནང་ནུག།
སྲིན་མོ་རྡོ་ཁའི་རྫོང་།
༆ ཞབས་དྲུང་རིན་པོ་ཆེ་ དཔལ་ངག་དབང་རྣམ་རྒྱལ་མཆོག་ དགུང་ལོ་ ༣༦ རབ་བྱུང་ ༡༡ པའི་ གནམ་ལོ་ས་སྦྲུལ་ སྤྱི་ལོ་ ༡༦༢༩ ལོར་ ཐེད་ཐིམ་གཉིས་ཀྱི་ས་བདུད་ ཐིམ་ཕུ་ལུང་པའི་མདའ་ལུ་ གནོད་འཚེ་ག་ནི་བ་ཆེ་བའི་ འདྲེ་སྲིན་གདུགས་པ་ཅན་ཚུ་ བཏུལ་གནང་པའི་སྐབས་ལུ་ རྡོ་ཕུག་ཅིག་ཡོད་མི་དེ་ཁར་ ཐིམས་སོངཔ་ལས། སྲིན་མོ་རྡོ་ཁར་ཟེར་ སླབ་སྲོལ་དར་མི་ ས་གནས་དེ་ཁར་ རྫོང་བཞེངས་ནི་གི་ ལཱ་འགོ་བཙུགས་གནངམ་ད། བླམ་ཁག་ལྔ་གིས་ ངོ་རྒོལ་ཐོག་ལུ་ ཕྱི་ཁ་ལས་ དམག་གིས་བསྐོར་ཏེ་ ཆུ་བཅདཔ་ལ་སོགས་པའི་ བར་ཆད་སྣ་ཚོགས་བྱུང་ནུག།
ཨིན་རུང་ ཞབས་དྲུང་རིན་པོ་ཆེ་གིས་ ཡ་ང་བག་ཚ་ ག་ནི་ཡང་མེད་པར་ བཞེངས་གནང་ཡོདཔ་ད། དེ་ཡང་ ཞལ་སློབ་གྲྭ་བཙུན་ཚུ་གིས་ ཉིན་མར་རྫོང་གི་ལཱ་དང་ ཕྱི་རོའི་རིགས་ལུ་ ཞབས་དྲུང་རིན་པོ་ཆེ་ལས་ ཕྱག་ཆེན་ཆོས་དྲུག་གི་ ཉམས་ལེན་ཞུ་སྟེ་ ཐུགས་དམ་ལུ་ བརྩོན་བཞིན་པར། བླམ་ཁག་ལྔ་གིས་ སློབ་མ་ལེ་ཤ་ཅིག་ བསད་ཡོདཔ་མ་ཚད་ ལམ་བཀག་རྐྱབ་སྟེ་ ལྟོ་རྒྱགས་ཚུ་ཡང་ ལེན་མ་བཅུགཔ་ལས་ རྟ་མགོའི་ཆོས་རྗེ་ ཚེ་དབང་བསྟན་འཛིན་གྱིས་ བསོད་སྙོམས་མཛད་དེ་ གསང་བའི་སྒོ་ལས་་ཕུལ་ནུག།
གནས་རྙིང་པའི་བརྒྱུད་པ་ ཝང་གླང་མ་ལུང་གི་ བླམ་དཔལ་ལྡན་ཟེར་མི་གིས་ མེ་སྒྱོགས་བཙུགས་ཏེ་ རྒོལ་བའི་སྐབས་ལུ། ཞབས་དྲུང་གི་ཧོངས་ལས་ཡང་ མེ་སྒྱོགས་བཙུགས་ཏེ་ དགྲ་ལན་འཇལཝ་ད་ བླམ་དཔལ་ལྡན་ལུ་ཕོག་སྟེ་ ཤི་རྐྱེན་བྱུངམ་ལས་ ཁོ་གི་དམག་སྤུངས་ཚུ་ ཁ་གཏོར་འགྱོ་བའི་ བར་ཆད་ལས་རྒྱལ་ཏེ། རྫོང་དབུ་རྩེ་བཅུ་གཉིས་ ཕྱི་འཁྱམས་འཁོར་ཡུག་དང་བཅས་པ་ ལོ་ངོ་གཉིས་ཀྱི་ནང་འཁོད་ལུ་བསྒྲུབས་ཞིནམ་ལས་ གསང་སྔགས་ཟབ་དོན་ཕོ་བྲང་ཟེར་བཏགས་གནང་ནུག།
དེང་སང་ སེམས་རྟོགས་ཁ་ཟེར་ སླབ་སྲོལ་ཡོད་མི་ རྫོང་འདི་ནང་ འབྲུག་རྒྱལ་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ སྤྱི་ལོ་ ༡༩༦༡ ལས་ ནང་པ་སངས་རྒྱས་པའི་ རིག་གཞུང་སློབ་གྲྭ་ཆེན་མོ་ གཞི་བཙུགས་གནང་ཡོདཔ་བཞིན་དུ་ མཁས་དབང་དམ་པ་ཚུ་ཡང་ ལེ་ཤ་ཅིག་ བྱུང་པའི་མཐར།འབྲུག་རྒྱལ་བཞི་པ་ མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་སྐབས་ལུ་ སྐད་ཡིག་དང་ ལམ་སྲོལ་མཐོ་རིམ་སློབ་གྲྭ་ལུ་ མིང་གནས་བསྒྱུར་ཡོདཔ་མ་ཚད། མཐོ་རིམ་སློབ་གྲྭ་དེ་ཡང་ སྤྱི་ལོ་ ༢༠༡༡ ལས་ ཀྲོང་གསར་རྫོང་ཁག་ སྟག་རྩེ་ལུ་ སྤོ་བཤུད་ཀྱིས་ ཕྱི་ནང་གཉིས་ཀྱི་ ཤེས་བྱའི་ཡོན་ཏན་ སྦྱངས་བརྩོན་ལྟེ་བ་ཅིག་ལུ་ གནས་ཏེ་ཡོདཔ་ཨིན།
ད་རེས་ནངས་པར་ སེམས་རྟོགས་ཁའམ་ གསང་ཟབ་ཆོས་རྫོང་འདི་ནང་ གཞུང་འཕགས་པ་དགེ་འདུན་པའི་ གྲྭ་སྡེ་བཙུགས་གནང་ཐོག་ལས་ དཔལ་ལྡན་འབྲུག་པའི་ བསྟན་པ་རིན་པོ་ཆེ་ གོང་ལས་གོང་དུ་ འཕེལ་བཞིན་དུ་ཡོདཔ་ཨིན།
སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་།
༆ རབ་བྱུང་ ༡༡ པའི་ མེ་གླང་ཟླཝ་ ༨ པའི་ཚེས་ ༨ སྤྱི་ལོ་ ༡༦༣༧ ལུ་ ཐེད་ཡུལ་གཞུང་གི་རི་གླངམོ་ཆེ་འགྱིངས་པ་འདྲབའི་ ལྷ་པ་གུ་ ཕོ་ཆུ་དང་ མོ་ཆུ་གཉིས་ འཛོམས་པའི་སྦུག་ན་ རྫོང་བཞེངས་གནང་པའི་སྐབས་ལུ། གཞི་བདག་དགོན་བྲག་པ་དང་ ཆུ་འཛོམས་ཀྱི་ མཚོ་སྨན་མོ་གིས་ རྫོང་གི་ཤིང་ཆས་ཚུ་ ཕུལ་ནི་གི་ ཁས་བླངས་ཞུཝ་བཞིན་དུ། བྱེ་མའི་ནང་ལས་ ཤིང་སྡོང་ཅིག་ ཕུལ་མི་དེ་གིས་ ཤིང་ཆས་ཚུ་ག་ར་ ལངས་ཡོདཔ་ད།དགོན་བྲག་པའི་སྲིངམོ་དང་ རི་བཙན་ཅིག་གིས་ རྫོང་གི་རྡོ་དེ་ཚུ་ ཕུལ་ནི་གི་ ཁས་བླངས་ལྟར་དུ་ རྫིང་ཅན་གྱི་ རི་ལོགས་ལས་ རྡོ་གཏེར་ཐོན་མི་ ཆུ་རུད་ཀྱིས་ བསྐྱལ་ཏེ་ཕུལ་ནུག།
དེ་སྦེ་ རྫོང་གི་རྡོ་དང་ ཤིང་ཆས་དེ་ཚུ་ ཐོགས་ཆ་མེད་པར་བྱུང་སྟེ་ འཕགས་པའི་དགེ་འདུནམ་ ༦༠༠ ལྷགཔ་ཅིག་ཤོང་པའི་ འདུ་ཁང་དང་བཅས་པ་ ལེགས་ཤོམ་སྦེ་ བསྒྲུབས་ཞིནམ་ལས་ འབྲུག་སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ཟེར་བཏགས་གནང་སྟེ། དཔལ་ལྡན་འབྲུག་པའི་ ཆོས་སྲིད་ལུགས་གཉིས་འཁོར་ལོ་བསྒྱུར་བའི་ གདན་ས་དང་པ་དང་། གཞུང་དགེ་འདུན་གྲྭ་ཚང་གི་ དགུན་གྱི་བཞུགས་གནས་ལུ་ མཛད་གནང་ནུག།
དབང་འདུས་ཕོ་བྲང་རྫོང་།
༆ ཞབས་དྲུང་རིན་པོ་ཆེ་ ཁྱི་འབུར་ལྷ་ཁང་ནང་ བཞུགསཔ་ཅིག་ཁར་ དཔལ་ཡེ་ཤེས་མགོན་པོ་གིས་ མི་གནགཔོ་ཅིག་ལུ་སྤྲུལ་ཏེ་ སྐུ་མདུན་ལུ་ བཅར་ཞིནམ་ལས་ རི་གླངམོ་ཆེ་ཉལ་བར་འདྲ་བའི་ ཕྱག་ཏོ་ཁར་ རྫོང་བཞེངས་པ་ཅིན་ རྒྱལ་ཁམས་དབང་ལུ་འདུ་བའི་ རྟེན་འབྲེལ་ཡོད་ཟེར་ ཞུཝ་བཞིན་དུ། དེ་གི་ནངས་པར་ ས་གནས་དེ་ཁར་ གཟིགས་པར་བྱོནམ་ད་ ལས་ཀྱི་མགོན་པོ་ བྱ་རོག་གདོང་ཅན་གྱི་སྤྲུལ་པ་ ཨོ་ལ་བཞི་ལྡིངས་བསྐོར་རྐྱབ་སྟེ་ ཕྱོགས་བཞི་ལུ་ཆགས་ནུག།
དེ་ལས་ རབ་བྱུང་ ༡༡ པའི་ གནམ་ལོ་ས་སྟག་ སྤྱི་ལོ་ ༡༦༣༨ ལུ་ ཞབས་དྲུང་རིན་པོ་ཆེ་གིས་ རྟེན་འབྲེལ་ལེགས་ཤོམ་ཨིན་པའི་ ཐུགས་བཞེད་གནང་སྟེ་ སྤུངས་ཐང་གཙང་ཆུ་དང་ དྭངས་ཆུ་གཉིས་ འཛོམས་པའི་སྦུག་ན་ རི་གླངམོ་ཆེ་ཉལ་བར་འདྲ་བའི་ ཕྱག་ཏོ་ཁར་ རྫོང་བཞེངས་གནང་སྟེ་ དབང་འདུས་ཕོ་བྲང་རྫོང་ཟེར་ བཏགས་གནང་ནུག།
ཨིན་རུང་ རབ་བྱུང་ ༢༡ པའི་ གནམ་ལོ་ཆུ་འབྲུག་ཟླཝ་ ༥ པའི་ཚེས་ ༥ སྤྱི་ལོ་ ༢༠༡༢ སྤྱི་ཟླ་ ༦ པའི་ཚེས་ ༢༤ ལུ་ རྩ་བ་ལས་རང་ མེ་མཆོད་བཞེས་པ་ལུ་བརྟེན་ཏེ་ ད་རེས་ནངས་པར་ སྔར་ག་ཨིན་པའི་ བཟོ་བཀོད་ཐོག་ལུ་ ཁྱད་འཕགས་ཅན་གྱི་གཞི་རྟེན་མཁོ་ཆས་ཚུ་བཙུགས་ཏེ་ གཞན་དང་མ་འདྲཝ་ཅིག་སྦེ་ བཞེངས་གནང་པའི་བསྒང་ཡོད་མི་དེ་ མི་མང་ཀུན་གྱིས་ མཁྱེན་གསལ་ལྟར་དུ་ཨིན།
ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་།
༆ རབ་བྱུང་ ༡༡ པའི་ གནམ་ལོ་ལྕགས་སྦྲུལ་ སྤྱི་ལོ་ ༡༦༤༡ ལོར་ ཧེ་མར་ བླམ་ལྷ་པ་གིས་བཞེངས་མི་ རྡོ་སྔོན་རྫོང་དེ་ བླམ་ལྷ་པའི་ བརྒྱུད་པ་ཚུ་གི་ལག་པ་ལས་ ཞབས་དྲུང་རིན་པོ་ཆེ་གིས་ རྩིས་བཞེས་ཏེ་ འབྲུག་བདེ་ཆེན་ཕོ་བྲང་ཟེར་བཏགས་གནང་ནུག། དེ་ལས་ རྫོང་གོང་མར་ དགེ་མདུན་གྲྭ་ཚང་དང་ རྫོང་འོག་མར་ དཔོན་ཁག་གི་ ཡིག་ཚང་ཚུ་ བཙུགས་གནངམ་ལས་ རྫོང་གོང་འོག་གི་ ཐ་སྙད་ཡང་ དུས་དེ་ལས་ཚུར་བྱུང་ནུག།
བདེ་ཆེན་ཕོ་བྲང་དེ་ རྒྱ་ཆུང་པའི་སྟབས་ཀྱིས་ སྡེ་སྲིད་བཅུ་གསུམ་པ་ ཤེས་རབ་དབང་ཕྱུག་གི་སྐབས་ལུ། ད་ལྟོ་ རྫོང་ཡོད་སར་ སྤོ་བཤུདཀྱིས་ རྒྱ་བསྐྱེད་མཛད་དེ་ རྫོང་གོང་འོག་གཉིས་ མཉམ་སྡེབས་མཛད་ཡོད་རུང་། སྡེ་སྲིད་བཅུ་དྲུག་པ་ གཞི་དར་གྱི་སྐབས་ལུ་ མེ་མཆོད་བཞེས་ཡོདཔ་ལས་ ལོག་སྟེ་རང་ ཉམས་གསོ་མཛད་དེ་ བཀྲ་ཤིས་ཆོས་རྫོང་ཟེར་ བཏགས་གནང་ནུག།
དེ་ལས་ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ ཧེ་མའི་རྫོང་དེ་ རྩ་བ་ལས་བཤུབས་ཏེ། རྫོང་ནང་གི་ བཟོ་བཀོད་ཚུ་ བསྒྱུར་བཅོས་དང་ རྒྱ་བསྐྱེད་ཐོག་ལུ་ གསར་བཞེངས་ཀྱིས་སྤྱི་ལོ་ ༡༩༦༩ས་བྱ་ལོར་ རབ་གནས་མཛད་དེ་ ཆོས་སྲིད་ལུགས་གཉིས་ཁ་ལོ་བསྒྱུར་བའི་ རྒྱལ་ས་ལྟེ་བ་ལུ་ མཛད་གནང་པའི་ཁར།གཞུང་དགེ་འདུན་གྲྭ་ཚང་གི་ དབྱར་གྱི་བཞུགས་གནས་ཡང་ཨིན།
སྤ་རོ་རིན་སྤུངས་རྫོང་།
༆ རབ་བྱུང་ ༡༡ པའི་ གནམ་ལོ་མེ་ཁྱི་ སྤྱི་ལོ་ ༡༦༤༦ ལུ་ ཞབས་དྲུང་རིན་པོ་ཆེ་གིས་ སྤ་རོ་(སྤ་གྲོ)ལུ་ རྫོང་བཞེངས་ནི་གི་ ཐུགས་བཞེད་གནང་སྟེ་ ས་གཞི་གཟིགས་པར་ བྱོན་པའི་སྐབས་ལུ། ཧཱུཾ་རལ་བླམ་སྤུན་མཆེད་ཚུ་གིས་ གོ་ཁྲབ་གཅིག་གིས་གཙོས་པའི་ ཕྱག་མཇལ་ལེ་ཚན་འབད་ཕུལ་ཏེ། རྫོང་གི་ས་གཞི་འདི་ ཧཱུཾ་རལ་བྲག་ལུ་ འོས་འབབ་ཡོད་ལུགས་ཞུ་སྟེ་ ཞབས་དྲུང་རིན་པོ་ཆེ་ལུ་ ཕུལཝ་བཞིན་དུ། ཧཱུཾ་རལ་བླ་མའི་ གྱང་ཁྱིམ་ཐོག་ལྔ་ཡོད་མི་དེ་ བཤུབས་ཞིནམ་ལས་ སྤ་རོ་རྫོང་བཞེངས་ཏེ་ འབྲུག་རིན་ཆེན་སྤུངས་རྫོང་ཟེར་ བཏགས་གནང་ནུག།
སྤྱི་ལོ་ ༡༦༤༧ ལུ་ འབྲུག་ནུབ་ཕྱོགས་ཀྱི་ ཆོས་སྲིད་གཉིས་ཀྱི་ ལམ་སྟོན་མཛད་མི་ ཞབས་དྲུང་རིན་པོ་ཆེའི་ སྐུ་ཚབ་སྦེ་ ཞབས་དྲུང་རང་དང་ ཡབ་གཅིག་ཨིན་མི་ ཆོས་རྗེ་ལ་སྔོན་པ་ བསྟན་འཛིན་འབྲུག་སྒྲ་ཟེར་མི་དེ་ སྤ་རོ་སྤྱི་བླའམ་ དཔོན་སློབ་དང་པར་ བསྐོས་གནང་ནུག།དུས་དེ་ལས་ཚུར་ ཧཱུཾ་རལ་བླམ་ཚུ་ ཁྲལ་དང་ འུར་ལཱ་ཚུ་ ག་ནི་ཡང་ རྒྱུག་མ་དགོ་པའི་ཁར་ རྒྱལ་ཁབ་ཀྱི་ རྫོང་ཁག་གེ་རའི་ནང་ ག་ཏེ་འགྱོ་རུང་ གཞུང་ལས་ བདག་རྐྱེན་དང་ མཐོང་སྲོལ་འབད་དགོ་པའི་ བཀའ་ཤོག་ཡང་གནང་ནུག།
ཞབས་དྲུང་རིན་པོ་ཆེ་གིས་ ཀོང་པོ་ལས་ སློབ་དཔོན་རིག་འཛིན་སྙིང་པོ་ གདན་དྲངས་ཏེ་ སྤ་རོ་སྟག་ཚང་ལུ་ཡང་ སྐུ་ཞག་དག་པ་ཅིག་ བཞུགས་པའི་སྐབས་ལུ། གཟིགས་སྣང་དང་ བྱིན་རླབས་ཀྱི་ རྟགས་མཚན་མ་འདྲཝ་ ལེ་ཤ་ཅིག་ བྱུང་ཡོདཔ་ད། མ་གཞི་ ཧེ་མར་ སྟག་ཚང་དེ་ བླམ་ཀ༔ཐོག་པ་གིས་ བདག་འཛིན་འཐབ་སྟེ་ སྡོད་ཡོད་རུང་། ཞབས་དྲུང་རིན་པོ་ཆེ་ ཡུལ་ལྗོངས་འདི་ནང་ བྱོན་ཞིནམ་ལས་ཚུར་ བརྩིས་བཞེས་ཏེ་ འབྲུག་གཞུང་ལས་ སྟག་ཚང་བླམ་དང་པ་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཕོ་རྒནམ་ སྦྱིན་པ་རྒྱལ་མཚན་ བསྐོས་གནང་ནུག།
ཀྲོང་གསར་ཆོས་འཁོར་རབ་རྩེ་རྫོང་།
༆ ཞབས་དྲུང་རིན་པོ་ཆེ་ དཔལ་ངག་དབང་རྣམ་རྒྱལ་མཆོག་ འབྲུག་ཤར་ཕྱོགས་ལུ་ མ་བྱོན་ཏེ་འབད་རུང་ ཆོས་རྒྱལ་མི་འགྱུར་བསྟན་པ་ལུ་ ཤར་ཕྱོགས་ཀྱི་ རྒྱལ་ཕྲན་ཚུ་ དབང་ལུ་འདུ་བའི་ རྟེན་འབྲེལ་གཟིགས་ཏེ། ཧེ་མར་ ཡབ་མེས་ངག་གི་དབང་ཕྱུག་དང་ མི་ཕམ་བསྟན་པའི་ཉི་མ་ཚུ་གིས་ གདན་ས་བཏབ་གནང་པའི་ ས་གནས་དེ་ཁར་ རྫོང་བཞེངས་དགོ་པའི་ བཀའ་རྒྱ་གནངམ་བཞིན་དུ། ཆོས་རྒྱལ་མི་འགྱུར་བསྟན་པ་གིས་ ཞབས་དྲུང་རིན་པོ་ཆེ་ དགུང་ལོ་ ༥༢ སྤྱི་ལོ་ ༡༦༤༤ ལུ་ རྫོང་བཞེངས་ཏེ་ འབྲུག་མི་འགྱུར་ཆོས་འཁོར་རབ་བརྟན་རྩེ་ཟེར་ བཏགས་གནང་ནུག།
དེ་ལས་ སྤྱི་ལོ་ ༡༦༤༧ ལུ་ ཞབས་དྲུང་རང་དང་ ཁྱད་པར་མེད་པའི་ ཆོས་རྒྱལ་མི་འགྱུར་བསྟན་པ་དེ་ ཆོས་རྩེའི་སྤྱི་བླའམ་ ཀྲོང་གསར་དཔོན་སློབ་དང་པར་ བསྐོས་གནངམ་ལས། དཔོན་སློབ་དེ་གིས་ ཤར་ཕྱོགས་ཀྱི་ རྒྱལ་ཕྲན་ཚུ་ག་ར་ དབང་ལུ་འདུ་སྟེ་ ཤར་ཕྱོགས་ལུ་ རྫོང་ཆེན་དྲུག་ བཞེངས་གནང་ཐོག་ལས་ དཔལ་ལྡན་འབྲུག་པའི་ བསྟན་པ་རིན་པོ་ཆེ་ དར་ཁྱབ་མཛད་གནང་ནུག།
དར་དཀར་བཀྲ་ཤིས་ཡང་རྩེ་རྫོང་།
༆ དར་དཀར་ལུང་ཕྱོགས་དེ་ མཐའ་མཚམས་ལུ་ཨིནམ་ལས་ མི་ག་ར་ འཚོ་བ་ཨར་ཇག་ལུ་བརྟེན་ཏེ་ སྡོད་ནི་དེ་གིས་ བདེ་སྐྱིད་མེད་པར་ ལུང་པའི་མི་སེར་ཚུ་གིས་ ཞབས་དྲུང་རིན་པོ་ཆེ་ལུ་ སྐྱབས་མགོན་ཞུཝ་བཞིན་དུ། ཞབས་དྲུང་རིན་པོ་ཆེ་གིས་ གཞུང་མགྲོན་གཉེར་ འབྲུག་རྣམ་རྒྱལ་ཟེར་མི་ དཔའ་རྩལ་ཅན་གྱི་ དམག་མི་དང་བཅས་པ་ དར་དཀར་ལུ་ བཏང་གནངམ་བཞིན་དུ། ཨར་ཇག་ག་ར་ རྩ་བརླག་བཏང་སྟེ་ དཔལ་ལྡན་འབྲུག་པའི་ མངའ་འོག་ལུ་བཙུགས་ནུག།
དེ་ལས་ ས་གནས་དེ་ མཐའ་མཚམས་དང་འབྲེལ་བའི་ གནད་འགག་ཅན་ཅིག་ཨིནམ་ལས་ སྤྱི་ལོ་ ༡༦༥༡ ལུ་ དར་དཀར་བཀྲ་ཤིས་ཡང་རྩེ་རྫོང་བཞེངས་ཏེ་ དཔལ་ལྡན་འབྲུག་པའི་ སྐུ་ཚབ་ལུ་ བསྟན་པ་འཕྲིན་ལས་ཟེར་མི་དེ་ དར་དཀར་སྤྱི་བླའམ་ དཔོན་སློབ་དང་པར་ བསྐོ་བཞག་གནངཐོག་ལས་ བསྟན་སྲིད་འཛིན་སྐྱོང་སྤེལ་གསུམ་མཛད་་ནུག།
ཤར་ཕྱོགས་ལུ་ རྫོང་ཆེན་དྲུག་བཞེངས་ཚུལ།
༆ བུམ་ཐང་ལུ་ ཆོས་འཁོར་སྡེ་པ་ ཀུན་ཐུབ་ཟེར་མི་ དབང་ཆེ་ནི་དེ་གིས་ ཀྲོང་གསར་དཔོན་སློབ་ཀྱིས་ བཏུལ་མ་ཚུགས་པར་ཡོདཔ་ལས། བླམ་རྣམ་སྲས་ཟེར་མི་དེ་ ཞབས་དྲུང་རིན་པོ་ཆེའི་ བཀའ་རྒྱ་ལྟར་དུ་ བུམ་ཐང་ལུ་ བྱོན་ཞིནམ་ལས་ དཔོན་སློབ་མི་འགྱུར་བསྟན་པ་དང་ མཇལ་ཕྲད་ཀྱིས་ གཞུང་ལས་ དམག་རྒྱབ་ཞུ་སྟེ་ ཆོས་འཁོར་སྡེ་པ་དེ་བཅོམ་ཞིནམ་ལས། བུམ་ཐང་སྡེ་བཞི་ དཔལ་ལྡན་འབྲུག་པའི་ མངའ་འོག་ལུ་བསྡུ་བའི་ཤུལ་ལས་ རྫོང་བཞེངས་ཏེ་ བྱ་དཀར་གཡུལ་རྒྱལ་རྫོང་ཟེར་ བཏགས་གནང་ནུག།
ཀུར་སྟོད་ལུ་ རག་སའི་དཔོན་ ལྷའུ་ཟེར་མི་དེ་ སྐྱིད་གླིང་དཔོན་ དབང་ཆེན་དར་མ་དང་ ཕག་གདུང་རྒྱལཔོ་ དགའ་བ་གཉིས་ཀྱིས་ བསད་པ་ལུ་བརྟེན་ཏེ། ལྷའུའི་བློན་པོ་ཚུ་གིས་ ཀྲོང་གསར་དཔོན་སློབ་ལུ་ དམག་རྒྱབ་གནང་དགོ་པའི་ གསོལ་འདེབས་ཞུ་མི་དང་འཁྲིལ་ཏེ། ཀྲོང་གསར་གྱི་ དམག་མི་ཚུ་གིས་ རྒྱལཔོ་གཉིས་དང་ འགོ་དཔོན་ཚུ་ བཙོན་ནང་བཙུགས་ཏེ། ཀུར་སྟོད་མདོ་བཞི་ དཔལ་ལྡན་འབྲུག་པའི་ མངའ་འོག་ལུ་ བཙུགས་ཞིནམ་ལས་ སླེང་སླེང་ཟེར་སར་ ལྷུན་གྲུབ་རྩེའི་རྫོང་བཞེངས་ནུག།
དེ་ལས་ བླམ་རྣམ་སྲས་ཀྱིས་གཙོས་པའི་ གཞུང་གི་དམག་དཔུང་ཚུ་ ཁོ་ལོང་ཕྱོགས་ལུ་ འགྱོ་བའི་སྐབས་ལུ་ ས་གནས་དེ་ཁའི་ མི་སེར་ཚུ་གིས་ མགོ་བསྒུརཝ་ལས། དམག་རྐྱབ་མ་དགོ་པར་ འབྲུག་གཞུང་གི་ མངའ་འོག་ལུ་བཙུགས་ཏེ་ དོང་སྟིར་ཟེར་སར་ བཀྲ་ཤིས་ཡང་རྩེ་རྫོང་བཞེངས་ནུག།
དེ་བསྒང་ སྟོང་ཕུའི་རྒྱལཔོ་གིས་ དབང་ཤུགས་བཙོང་པ་ལུ་བརྟེན་ཏེ། གཞོང་སྒརཔ་ཚུ་ སྟོང་ཕུའི་རྒྱལཔོ་ལུ་ མ་རངས་པར་ གཞུང་ལས་ དམག་དཔུང་ཞུ་སྟེ་ སྟོང་ཕུའི་ཕྱོགས་ལུ་འགྱོཝ་ད།སྟོང་ཕུའི་རྒྱལཔོ་གིས་ དམག་བཤམས་ཡོད་རུང་ གཞུང་དམག་འགྱོ་བའི་ཞོར་ཁར་ སྟོང་ཕུའི་དམག་དེ་ཚུ་ རྩ་བརླགས་བཏང་སྟེ་ གཞོང་སྒར་ལུ་ལྷོདཔ་ད། སྔ་ཚང་དང་ ཕྱི་ཚང་གི་ རྒྱལ་བློན་ག་ར་གིས་ མགོ་བསྒུརཝ་ལས་ གཞོང་སྒར་རྫོང་དེ་ གཞུང་དམག་གིས་ རྩིས་ལེན་པའི་ཤུལ་ལུ་ རྒྱ་བསྐྱེད་མཛད་ནུག། ད་རེས་ནངས་པར་ གཞོང་སྒར་རྫོང་དེ་ ཁང་བཤུལ་ཙམ་ཅིག་མ་གཏོགས་ མཐོང་ནི་མེདཔ་ད། རྫོང་ཁག་དེ་ མོང་སྒར་ལུ་ སྤོ་བཤུད་ཀྱིས་ རྫོང་གསར་བཞེངས་མཛད་དེ་ཡོདཔ་ཨིན།
གཞུང་གི་དམག་དཔུང་ གཞོང་སྒར་ལས་ སྐྱེངས་མཁར་བརྒྱུད་དེ་ བཀྲ་ཤིས་སྒང་ཕྱོགས་ལུ་འགྱོཝ་ད། དཔལ་ལྡན་འབྲུག་པར་ ངོ་ལོག་རྐྱབ་སྟེ་ བོད་པར་སྐྱབས་བཅོལ་ཞུ་མི་ རྒྱལཔོ་ཚེ་དབང་ཚུ་ཡང་ རང་དབང་མེད་པར་ འབྲུག་གཞུང་ལུ་ མགོན་སྐྱབས་ཞུཝ་བཞིན་དུ། ཆོས་རྗེ་འབྲུག་པའི་ མངའ་འབངས་ལུ་བསྡུ་སྟེ་ བཀྲ་ཤིས་སྒང་རྫོང་བཞེངས་ནུག།
དེ་ལས་ གཞུང་གི་དམག་དཔོན་ བླམ་རྣམ་སྲས་ དམག་དཔུང་དང་བཅས་པ་ གཞོང་སྒར་ལས་ སྟུང་ལ་སྦིས་བརྒྱུད་དེ་ སོང་ཞིནམ་ལས།འཁན་རིགས་རྣམ་གསུམ་ འབྲུག་གཞུང་གི་ མངའ་འོག་ལུ་བཙུགས་ཏེ་ གཞལ་མ་སྒང་རྫོང་ རྩིས་ལེན་པའི་ཤུལ་ལུ་ རྫོང་གསརཔ་བཞེངས་ནུག།
ཆོས་རྩེ་སྤྱི་བླའི་དམག་དཔོན་ དབུ་མཛད་དམ་ཆོས་རབ་རྒྱས་དང་ བླམ་རྣམ་སྲས་གཉིས་ཀྱིས་གཙོས་པའི་ དམག་དཔུང་ཚུ་གིས་ ཤར་ཕྱོགས་ཀྱི་ རྒྱལ་ཕྲན་ག་ར་ དཔལ་ལྡན་འབྲུག་པའི་མངའ་འབངས་ལུ་བསྡུ་སྟེ་འབད་རུང་། དགའ་ལྡན་ཕོ་བྲང་པ་གིས་ དབང་ལུ་བསྒྱུར་ཏེ་ཡོདཔ་ལས་ ཤུལ་ལས་ ག་དེ་སྦེ་ འོང་ནི་ཨིན་ནའི་ ངེས་པ་མེད་པ་ལུ་བརྟེན་ཏེ། དམག་དཔོན་གཉིས་ཀྱིས་ ཁྲལ་འབབ་ཕུལ་དགོ་པའི་ བཀའ་དཔྱད་དེབ་ཁྲར་བཀོད་དེ་ ཀྲོང་གསར་དཔོན་སློབ་ལུ་ཕུལཝ་ལས།ཆོས་རྩེ་དཔོན་སློབ་ཐུགས་མཉེས་ཏེ་ དམག་དཔོན་གཉིས་ལུ་ བདག་རྐྱེན་དང་ གསོལ་རས་ཚུ་ གནང་ཡོདཔ་མ་ཚད་ ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ རྫོང་ཁག་དེ་ཚུའི་ནང་ རྫོང་དཔོན་ཚུ་ཡང་ བསྐོ་བཞག་གནང་ནུག།
ས་མཚམས་ཁག་ལུ་རྫོང་བཞེངས་ཚུལ།
༆ རྒྱལ་ཁབ་ཀྱི་ ས་མཚམས་སྲུང་བའི་ རྫོང་གཞིས་ལེ་ཤ་ཅིག་ བཞེངས་ཡོད་མི་དེ་ཡང་ མགར་ས་བཀྲ་ཤིས་མཐོང་སྨོན་རྫོང་། གླིང་བཞི་གཡུལ་རྒྱལ་རྫོང་། སྤ་རོ་འབྲུག་རྒྱལ་རྫོང་། ཧཱ་འདུ་མཆོད་རྫོང་། རྡོ་སྒར་རྡོར་སྦིས་རྫོང་། སྐྱབས་ཆ་རྫོང་། གདུང་ནང་རྫོང་། ཆུ་ཁ་རྡོ་བ་རྫོང་། ཨུ་མ་ཆོས་གླིང་རྫོང་། བྱ་ར་སྒང་རྫོང་། གསང་སྦས་རྫོང་། ནུབ་དྷ་ལིང་རྫོང་། འདམ་གསང་རྫོང་། ཤར་དེ་ཝ་གི་རིའི་རྫོང་ཚུ་ རིམ་པ་བཞིན་དུ་ བཞེངས་གནང་སྟེ།རྫོང་དེ་ཚུའི་ནང་ འོས་འབབ་དང་བསྟུན་པའི་ རྫོང་དཔོན་དང་ དྲུང་པ་ལ་སོགས་པ་ཚུ་ བསྐོ་བཞག་མཛད་ནུག།
ད་རེས་ནངས་པར་ ས་མཚམས་སྲུང་བའི་ རྫོང་གཞིས་དེ་ཚུའི་གྲས་ལས་ མང་ཤོས་ཅིག་རང་ ཉམས་རྒུད་ཤོར་ཏེ་ ཁང་ཤུལ་ཙམ་རེ་མ་གཏོགས་ མཇལ་ཡུལ་ལུ་མེདཔ་ཨིན།
ཞབས་དྲུང་ཐུགས་དམ་ལུ་བཞུགས་ཚུལ།
༆ དགུང་ལོ་ ༥༨ སྤྱི་ལོ་ ༡༦༥༡ རབ་བྱུང་ ༡༡ པའི་ ལྕགས་ཡོས་ཟླཝ་ ༣ པའི་ཚེས་ ༡༠ ལུ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་རིན་པོ་ཆེ་ སྐུ་མཚམས་ལུ་ བཞུགས་ནི་གི་ ཐུགས་ཐག་བཅད་དེ།སྡེ་སྲིད་དབུ་མཛད་བསྟན་འཛིན་འབྲུག་རྒྱལ་དང་།རྗེ་དྲུང་པ་དམ་ཆོས་རྒྱལ་མཚན་གཉིས་ལུ་ རྒྱལ་ཁབ་ཕྱི་ནང་གི་མཛད་སྒོའི་བཀའ་རྒྱ་ཚུ་གནང་སྟེ་ འོད་གསལ་ཆོས་སྐུའི་ ཏིང་ངེ་འཛིན་གྱི་ ཐུགས་དམ་ལུ་བཞུགས་ནུག།
དེ་མ་ཚད་ སྐུ་མཚམས་དེ་ མི་ལོ་བཅུ་གཉིས་ཀྱི་རིང་ལུ་ གསང་རྒྱ་འབད་དགོ་པའི་ བཀའ་སློབ་གནང་མི་དང་འཁྲིལ་ཏེ་ མི་གཞན་ག་ཡང་ འཛུལ་མ་ཆོགཔ་ལས།སྐུ་མདུན་ལུ་ མཛད་སྒོའི་རིགས་ག་ར་ རྗེ་དྲུང་པ་དམ་ཆོས་རྒྱལ་མཚན་ ཉག་གཅིག་གིས་ མཛད་བཞུགས་ནུག།
རྗེ་དྲུང་པ་དམ་ཆོས་རྒྱལ་མཚན་དེ་ དགུང་ལོ་ཆུང་ཀུའི་བསྒང་ལས་ འབྲུག་ར་ལུང་ལུ་ ཞབས་དྲུང་རིན་པོ་ཆེ་ ཡབ་སྲས་གཉིས་ཀྱི་ སྐུ་མདུན་ལུ་ བཅར་ཞིནམ་ལས། ཐུགས་དམ་ཚུན་གྱི་རིང་ལུ་སྐད་ཅིག་ཡུད་ཙམ་ཡང་ འབྲལ་བ་མེད་པར་ ཕྱག་ཕྱིད་ཞུ་བ་ལུ་བརྟེན་ཏེ་ རྗེ་དྲུང་པ་ཟེར་བའི་ མཚན་གྱི་སྙན་གྲགས་ དར་ཁྱབ་བྱུང་ནུག།
འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་འབྱུང་ཚུལ།
༆ སྨྱོས་རིགས་འབྱུང་རབས་ལུ་ བཤད་ཚུལ་གཉིས་ཡོད་པའི་ནང་ལས། དང་པ་ ཧེ་མར་ འཇིག་རྟེན་འདི་ནང་ རྩ་ལས་རང་ མཐོང་མ་མྱོང་པའི་ སྐྱེས་བུ་དམ་པ་ གཟུངས་བཟང་ཞིང་ དཔེ་བྱད་ཕུན་སུམ་ཚོགས་པ་ཅིག་མཐོང་སྟེ། ཁྱོད་ག་སྨོ་ཟེར་ དྲིས་བའི་ལན་ལུ་ ལྷ་ཡུལ་ལས་ཨིན་ཟེརཝ་ལས། མི་ཚུ་གིས་ ཡ་མཚན་ཆེ་བའི་སྒོ་ལས་ བླ་མར་བསྟེན་པའི་དབང་གིས་ མི་གྲིབ་ཀྱིས་ འཆོལ་སོངཔ་ལས་ མཁའ་རེག་སྨྱོས་ཀྱི་ གདུང་རབས་དང་།
གཉིས་པ་ འཇངས་ཐང་རྒྱལཔོ་གཤགས་མིའི་བཙུན་མོར་ སྲས་གསུམ་ཡོད་མི་ཚུ་ ཕོ་བྲང་གི་སྦོ་ལོགས་ཁར་ ཆུ་ཆེན་ཅིག་ཡོད་མིའི་མཐའ་མར། བྱི་ཐུལ་རྡོ་ཕུག་གུ་ བཀལ་བཞག་སྟེ་ སྐུ་རྩེད་གནང་ཞུགསཔ་ད། བྱི་ཐུལ་དེ་ རླུང་མ་གིས་ ཆུ་ནང་འབག་སྟེ་བཀལཝ་ལས་ བྱི་ཐུལ་བཟུང་པས་ཟེར་ ཕོ་རྒནམ་སྦོམ་ཤོས་དེ་ ཆུ་གིས་འབག་ཡར་སོང་པ་ལུ་བརྟེན་ཏེ། ནུ་གཅུང་གཉིས་ཡང་ ཕོ་རྒནམ་བཟུང་པར་ འགྱོ་བས་ཟེར་ སྤུན་མཆེད་གསུམ་ཆ་ར་ ཆུ་གིས་འབག་ཡར་སོང་ནུག། རྒྱལ་བཙུན་དེ་ མྱ་ངན་གྱིས་ ལོ་ངོ་ ༣ གྱི་རིང་ལུ་ འཆོལ་སྡོད་པའི་བར་ན་ བར་སྣང་ལས་ ལྷ་གིས་ འདོད་སྤྱོད་འབད་དེ་ བུ་ཅིག་བྱུང་མི་དེ་ལུ་ སྨྱོས་ཟེར་གྲགས་ནུག།
ལྷའི་བུ་དེ་གིས་ དམུ་ཡི་རིགས་དིང་མོ་ བཙུན་མོར་བཞེས་ཏེ་ སྲས་སྨྱོ་རྗེ་བཙན་པོ་ཟེར་མི་ སྐུ་འཁྲུངས་པའི་ རིགས་བརྒྱུད་ལས། རིམ་པ་བཞིན་དུ་ སྲས་བརྒྱུད་བྱོན་པའི་ རྒྱལ་བ་ལྷ་ནང་པ་མཆོག་ ཤེས་བྱའི་ཆོས་ག་ར་ལུ་ མཁས་ཤིང་སྒྲུབ་པ་བརྙེས་པའི་མཐར། བཙན་པོ་མང་བཀུར་གྱི་སྲསམོ་ བདེ་མཆོག་ཟེར་མི་ བཙུན་མོར་བཞེས་ཏེ་ སྲས་བརྒྱུད་ལས་གྱེས་པའི་ སྨྱོས་རྒྱལ་གྲགས་པའམ་ མགར་ལྕགས་ཀྱི་རྡོ་རྗེ་ལུ་ སྲས་གསུམ་ཡོད་པའི་གྲས་ལས་ སྲས་སྦོམ་ཤོས་ཀྱིས་ གདན་ས་བསྐྱངས་བཞུགས་ནུག།
སྲས་ཆུང་ཤོས་གཉིས་ ཡབ་ཀྱི་ལུང་བསྟན་ལྟར་དུ་ བུམ་ཐང་ལུ་བྱོན་ཏེ། རྔ་ཆུང་གནམ་མཁར་འཕྱར་ཐོག་ལས་ དགོན་པ་ག་ཏེ་ལུ་ བཏབ་དྲག་ག་ཟེར་ ལུང་བསྟན་ཞུ་བའི་སྐབས་ལུ། སོ་བྲང་ཟེར་བའི་ སྒྲ་གྲགསཔ་ལས་ བུམ་ཐང་སྡེ་བཞིའི་ཡ་གྱལ་ བུམ་ཐང་སོ་བྲང་ལུ་ གདན་ས་བཅགས་གནང་ཡོདཔ་ད། ཤུལ་ལས་ མིང་ཟུར་ཉམས་ཏེ་ སུམ་འཕྲང་ལུ་ དར་ཁྱབ་བྱུང་ནུག། གཏེར་བཏོན་པདྨ་གླིང་པའི་ གདུང་བརྒྱུད་ཚུ་ག་ར་ སུམ་འཕྲང་ཆོས་རྗེ་ལས་ གྱེས་སོངཔ་ཨིན་པས།
དེ་ཡང་ གཏེར་བཏོན་པདྨ་གླིང་པའི་ སྐུ་གསུང་ཐུགས་ཀྱི་སྲས་ མཁས་གྲུབ་ཀུན་དགའ་དབང་པོ་ལུ་ ཡབ་རིག་འཛིན་པདྨ་གླིང་པ་གིས་ རྟེན་སྐལ་གནང་སྟེ། ཀུ་རེ་ལུང་ལུ་ ས་གཞི་དུང་དཀར་གྱི་ དབྱིབས་འདྲ་བའི་ ལུང་ཆུང་དེ་ཁར་ གནས་གཞི་འཛིན་འོང་ཟེར་བའི་ ལུང་བསྟན་གནངམ་བཞིན་དུ་ ཀུ་རེ་ལུང་ལུ་བྱོན་ཏེ། དང་པ་རང་ མཁོ་ཅུང་ལུ་ གདན་ས་བཅགསཔ་ལས་ མཁོ་ཅུང་ཆོས་རྗེ་དང་། དུང་དཀར་གྱི་ དབྱིབས་འདྲ་བའི་ ས་གཞི་དེ་ཁར་བྱོན་ཏེ་ གདན་ས་བཅགས་གནངམ་ལས་ དུང་དཀར་ཆོས་རྗེ་ཚུ་ རིམ་པ་བཞིན་དུ་བྱུང་ནུག།
དེ་ལས་ མཁས་གྲུབ་ཀུན་དགའ་དབང་པོའི་སྲས་ ཆོས་རྗེ་ཀུན་དགའ་རྒྱལ་མཚན་དང་། ཆོས་རྗེ་ཀུན་དགའ་རྒྱལ་མཚན་གྱི་སྲས་ ཆོས་རྗེ་རྟ་འཕེལ། ཆོས་རྗེ་རྟ་འཕེལ་ལུ་ སྲས་གཉིས་འབདཝ་ད་ སྲས་ཆུང་ཤོས་ ཆོས་རྗེ་བསྟན་པའི་རྒྱལ་མཚན། ཆོས་རྗེ་བསྟན་པའི་རྒྱལ་མཚན་གྱི་སྲས་ ཆོས་རྗེ་བསྟན་པའི་ཉི་མ། ཆོས་རྗེ་བསྟན་པའི་ཉི་མའི་སྲས་ ཆོས་རྗེ་པདྨ་ཨིན་པས།
ཆོས་རྗེ་པདྨ་དང་ ཨ་ཞེ་དགེ་ལེགས་དབང་འཛོམས་གཉིས་ལུ་ སྲས་པཱ་ལ་དང་ པཱི་ལ་ བྲེ་གང་གསུམ་འཁྲུངས། སྲས་བར་མ་ པཱི་ལ་མགོན་པོ་དབང་རྒྱལ་གྱིས་ ལྷ་ལུང་གསུང་སྤྲུལ་ བསྟན་པའི་རྒྱལ་མཚན་ཞབས་ལས་ ཐོས་བསམ་དང་ སྨིན་གྲོལ་གྱི་ གདམས་ངག་ཚུ་ ཞུ་བའི་ཤུལ་ལུ། ཞབས་སྤྲུལ་འཇིགས་མེད་གྲགས་པ་མཆོག་ སྐུ་ཉེ་ཨིནམ་ལས་ གཞུང་ལུང་པར་ ཞབས་དྲུང་གི་ ཕྱག་ཞུ་སྟེ་ མི་ལོ་དག་པ་ཅིག་བཞུགས་ནུག།
དེ་གི་ཤུལ་ལུ་ སྒང་སྟེང་སྤྲུལ་སྐུ་ ཕྱོགས་ལས་རྣམ་རྒྱལ་གྱི་སྲིངམོ་ ལྷ་སྒྲོན་ཟེར་མི་ ལྕམ་ལུ་བཞེས་ཏེ་ དུང་དཀར་གྱི་ ཕ་གཞི་འཛིན་རུང་ ལྷ་ལྕམ་གཤགས་སོངཔ་ལས། ལྷ་ལྕམ་གཉིས་པ་ བསོད་ནམས་དཔལ་འཛོམས་ བཞེས་ཡོདཔ་བཞིན་དུ། སྲས་སྦོམ་ཤོས་ དུང་དཀར་རྒྱལ་མཚན་དང་། གཉིས་པ་འཇིགས་མེད་རྣམ་རྒྱལ། གསུམ་པ་རྡོ་རྗེ། བཞི་པ་ཚེ་རིང་སྒྲོལ་མ་ཚུ་ རིམ་པ་བཞིན་དུ་འཁྲུངས་ནུག།
མི་རྗེ་འཇིགས་མེད་རྣམ་རྒྱལ།
༆ མི་རྗེ་འཇིགས་མེད་རྣམ་རྒྱལ་མཆོག་ སྤྱི་ལོ་ ༡༨༢༥ རབ་བྱུང་ ༡༤ པའི་ ཤིང་བྱ་ལོར་ འཁྲུངས་ཡོདཔ་ད། སྐུ་ན་ཆུང་ཀུའི་བསྒང་ལས་ དམ་པའི་ཆོས་ལུ་ དད་པ་དང་ མཁྱེན་རབ་ཆེ་ཞིང་ སྙིང་སྟོབས་དང་ དཔའ་རྩལ་ཆེ་བའི་གུ་ མི་ཀུན་དང་ མཐུན་ཐོག་ལུ་ བཞུགས་པའི་སྐབས་ཅིག་ཁར། མནལ་ལམ་ནང་ བུ་ཁྱོད་ བུམ་ཐང་དང་ མང་སྡེ་ཕྱོགས་ལུ་ འགྱོ་བ་ཅིན་ ཚེ་སྔོན་གྱི་ ལས་འཕྲོ་ཡོད་མི་ གཉེན་གྲོགས་དང་ ལས་ཀྱིས་བསྐོས་པའི་དཔོན་དེ་ ད་ལྟོ་ ཀྲོང་གསར་རྫོང་ནང་ བཞུགས་ཏེ་ཡོད་ཟེར་བའི་ བསྐུལ་མ་ཡང་བསྐྱར་བྱུངམ་བཞིན་དུ་ ཀྲོང་གསར་ལུ་བྱོན་ནུག།
དགུང་ལོ་ ༡༨ ལུ་ ཆོས་རྩེ་དཔོན་སློབ་ གཏམ་ཞིང་ཆོས་རྗེ་ ཨོ་རྒྱན་ཕུན་ཚོགས་ཀྱི་ ཞབས་སར་བཅར་ཏེ། དཔལ་ལྡན་འབྲུག་པའི་ སྒར་ལྟོའི་གྱལ་ཁར་ འཛུལ་ཞུགས་ཀྱིས་ དུས་ཡུན་མ་རིངམོ་ཅིག་ཁར་ གཏམ་ཞིང་ཆོས་རྗེ་ ཨོ་རྒྱན་ཕུན་ཚོགས་ ཟུར་བཞུགས་མཛད་དེ། རྡོ་རྗེ་གླིང་པའི་ གདུང་བརྒྱུད་ལས་ ཆོས་རྗེ་མཚོ་སྐྱེས་རྡོ་རྗེ་ ཆོས་རྩེའི་སྤྱི་བླར་ མངའ་གསོལ་མཛད་ནུག།
ཀྲོང་གསར་གཟིམ་དཔོན།
༆ འཇིགས་མེད་རྣམ་རྒྱལ་མཆོག་ཡང་ དཔོན་སློབ་ཆོས་རྗེ་མཚོ་སྐྱེས་རྡོ་རྗེའི་ ཕྱག་སྒར་པའི་གྲལ་ཁར་ བཙགས་འཐུ་མཛད་པའི་ཤུལ་ལུ། འཇིགས་མེད་རྣམ་རྒྱལ་མཆོག་གིས་ དཔའ་རྩལ་ཅན་གྱི་སྒོ་ལས་ ཐ་དམ་ཚིག་བསྟེན་ཏེ་ ཕྱག་ཕྱིད་གང་དྲག་ཞུཝ་ལས། རིམ་པ་བཞིན་དུ་ གསོལ་དཔོན་ དར་དཔོན་ལ་སོགས་པ་ཚུ་ མཛད་པའི་མཐར། དགུང་ལོ་ ༢༥ ལུ་ ཆོས་རྩེ་གཟིམ་དཔོན་གྱི་ གོ་གནས་བཞེས་ནུག།
དེ་བསྒང་ བྱ་དཀར་གདུང་བརྒྱུད་ གཏམ་ཞིང་ཆོས་རྗེ་ ཀྲོང་གསར་དཔོན་སློབ་ ཨོ་རྒྱན་ཕུན་ཚོགས་ཀྱི་སྲསམོ་ པདྨ་ཆོས་སྐྱིད་དང་ འགོ་དང་པ་ མཇལ་ཕྲད་བྱུང་པའི་སྐབས་ལས། ཚེ་སྔོན་གྱི་ སྨོན་ལམ་ལུ་བརྟེན་ཏེ་ རང་བཞིན་ཤུགས་ཀྱིས་ གཅིག་གིས་གཅིག་ལུ་ ཐུགས་སྤྲོ་དང་ བྱམས་བརྩེ་བསྐྱེད་པའི་མཐར། གཉེན་འབྲེལ་མཛད་ཡོདཔ་བཞིན་དུ སྲས་སྦོམ་ཤོས་ འཕྲིན་ལས་སྟོབས་རྒྱས་ སྤྱི་ལོ་ ༡༨༥༦ ལོར་ འཁྲུངས་མི་དེ་ ཆུང་ཀུའི་བསྒང་ལས་རང་ དམ་པའི་ཆོས་མཛད་ནི་གི་ ཐུགས་འདོད་ཡོདཔ་བཞིན་དུ་ བོད་ལྷ་ལུང་གྲྭ་ཚང་ནང་ བྱོན་སོང་ནུག། དེ་ལས་ སྲས་གཉིས་པ་ ཨོ་རྒྱན་དབང་ཕྱུག་མཆོག་ སྤྱི་ལོ་ ༡༨༦༢ ལུ་ འཁྲུངས་ཡོདཔ་ད། སྤྱི་ལོ་ ༡༨༦༤ ལུ་ མཚན་ཉིད་དང་ལྡན་པའི་ སྲསམོ་ཅིག་ཡང་འཁྲུངས་ཏེ་ མཚན་ཆོས་ཉིད་དབང་མོ་དང་ ཡོངས་གྲགས་ལུ་ ཨ་ཞེ་དབང་མོ་ཟེར་ དར་ཁྱབ་བྱུང་ནུག།
ཀྲོང་གསར་མགྲོན་གཉེར།
༆ སྤྱི་ལོ་ ༡༨༤༩ ས་བྱ་ལོར་ སྡེ་སྲིད་བཀྲ་ཤིས་རྡོ་རྗེའི་སྐབས་ སྤུངས་ཐང་རྫོང་ལུ་ མེ་འཇིགས་ཐེངས་ ༥ པ་ བྱུང་མི་དེ་ ཉམས་གསོའི་དོན་ལས་ ཤར་ནུབ་ཀྱི་ དཔོན་ཁག་ག་ར་ འཛོམས་ཡོདཔ་ལས། གཞུང་གི་དཔོན་ཁག་ཚུ་ ཁ་བསྡོམས་ཏེ་ ཆོས་རྩེ་དཔོན་སློབ་ བཀྲོངས་ནི་གི་ རྩིས་རྐྱབ་རུང་། ཆོས་རྩེ་གཟིམ་དཔོན་ འཇིགས་མེད་རྣམ་རྒྱལ་གྱི་ སྙིང་སྟོབས་དང་ སྤྱང་གྲུང་ལུ་བརྟེན་ཏེ་ དགྲ་དཔུང་གི་སྦུག་ན་ལས་ ཉེས་སྐྱོན་ག་ནི་ཡང་མེད་པར་ ཀྲོང་གསར་ལུ་ ཕེབས་ཚུགས་ནི་དེ་གིས་ སྤྱི་ལོ་ ༡༨༥༠ ལྕགས་ཁྱི་ལོར་ གོ་གནས་ཡར་སེང་ཐོག་ ཆོས་རྩེ་མགྲོན་གཉེར་གྱི་ གོ་གནས་ཁར་ བསྐོ་བཞག་མཛད་ནུག།
ཀྲོང་གསར་དཔོན་སློབ།
༆ དགུང་ལོ་ ༢༩ སྤྱི་ལོ་ ༡༨༥༣ རབ་བྱུང་ ༡༤ པའི་ ཆུ་གླང་ལོར་ ཆོས་རྩེ་སྤྱི་བླའི་ གོ་གནས་བཞེས་ཏེ། རྒྱལ་ཁབ་ཕྱི་ནང་གི་ བསྟན་པའི་དགྲ་བོ་ཚུ་ རིམ་པ་བཞིན་དུ་ ཐལ་བར་བརླགས་ཐོག་ལས། བསྟན་འགྲོར་སྨན་པའི་ ཕྱག་རྗེས་བཟང་པོ་ མང་རབས་ཅིག་མཛད་དེ་ མི་སེར་ཚུ་ དགའ་སྐྱིད་ཀྱི་ངང་ལུ་ བཀོད་གནངམ་ལས། དགེ་འདུན་འདུས་པའི་ བླ་སློབ་དང་ གཞུང་གི་དཔོན་ཁག་ཚུ་ སྤྱི་མཐུན་གྱིས་ སྡེ་སྲིད་མཛད་དགོ་པའི་ གསོལ་འདེབས་ཡང་བསྐྱར་ཞུཝ་ལས།
འབྲུག་གི་སྡེ་སྲིད།
༆ དགུང་ལོ་ ༤༦ སྤྱི་ལོ་ ༡༨༧༠ རབ་བྱུང་ ༡༡ པའི་ རབ་བྱུང་ ༡༥ པའི་ ལྕགས་རྟ་ལོར་ འབྲུག་གི་སྡེ་སྲིད་ཁྲི་རབས་ ༤༨ པའི་ སེང་ཁྲིར་ཕེབས་ཞིནམ་ལས་ མི་ལོ་ ༣ གྱི་རིང་ལུ་ བསྟན་སྲིད་བསྐྱངས་གནང་པའི་སྐབས་ལུ་ཡང་ བསྟན་དགྲའི་ལྷག་མ་ཚུ་ རྩ་བརླགས་དང་ རྒྱལ་སྲིད་ཆོས་བཞིན་དུ་ བསྐྱངས་གནང་སྟེ། རྒྱལ་ཁབ་ཞི་འཇམ་ཐོག་ སྤྱི་ལོ་ ༡༨༧༣ ཆུ་བྱ་ལོར་ སྡེ་སྲིད་རང་གི་སྐུ་མཆེད་ སྐྱིད་ཚལ་པ་ རྡོ་རྗེ་རྣམ་རྒྱལ་ སྡེ་ཁྲིར་བསྐོས་གནང་སྟེ་ སེམས་རྟོགས་ཁའི་རྫོང་ནང་ བཞུགས་པའི་མཐར། དགུང་ལོ་ ༥༧ བཞེས་པའི་ སྤྱི་ལོ་ ༡༨༨༡ ལྕགས་སྦྲུལ་ལོར་ སྐུ་ཞི་བར་གཤེགས་ནུག།
འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་དང་པ།
༆ པདྨའི་བཀའ་ཐང་ནང་ལས། བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་གནོནཿ རྒྱལ་སྲིད་ཆོས་ཁྲིམས་སྐྱོང་བའི་ང་སྤྲུལ་བྱོནཿ ཟེར་གསུངས་དོ་བཟུམ་སྦེ་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་རྣམ་སྤྲུལ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ ཡབ་མཁའ་རེག་སྨྱོས་ཀྱི་རིགས་བརྒྱུད་ལས་ གཏེར་བཏོན་ཆེན་པོ་ པདྨ་གླིང་པའིགདུང་བརྒྱུད་ དུང་དཀར་ཆོས་རྗེ་ ཡབ་འཇིགས་མེད་རྣམ་རྒྱལ་དང་ ཡུམ་བུམ་ཐང་བྱ་དཀར་གདུང་བརྒྱུད་ལས་ གཏམ་ཞིང་ཆོས་རྗེ་ པདྨ་ཆོས་སྐྱིད་ཀྱི་སྲས་ལུ། སྤྱི་ལོ་ ༡༨༦༢ རབ་བྱུང་ ༡༤ པའི་ ཆུ་ཁྱི་ལོར་ བུམ་ཐང་དབང་འདུས་ཆོས་གླིང་ལུ་ མཚན་ལྟས་བཟང་པོ་དང་བཅས་པའི་སྒོ་ལས་ སྐུ་འཁྲུངས་ཏེ་ ཉིན་ཞག་ལེ་ཤ་ཅིག་གི་བར་ན་ འཁྲུངས་སྟོན་ཡང་ རྒྱ་ཆེར་མཛད་ནུག།
ཨོ་རྒྱན་འབད་ཕྱུག་མཆོག་གིས་ སྐུ་ན་ཆུང་ཀུ་ལས་ ཡུམ་པདྨ་ཆོས་སྐྱིད་ཀྱི་ཕོ་རྒནམ་ པད་གླིད་སྐུ་འཕྲེང་བརྒྱད་པ་ ཀུན་བཟང་བསྟན་པའི་ཉི་མ་ལས་ ཤེས་བྱའི་ཡོན་ཏན་དང་ མཁས་གྲུབ་གཉིས་ལྡན་གྱི་ སྐྱེས་ཆེན་དམ་པ་ ལེ་ཤ་ཅིག་ལས་ དོན་དམ་གནས་ལུགས་ཚུ་ གསན་སྦྱངས་དང་འབྲེལ་ཏེ། དགུང་ལོ་ ༩ ལས་ ཡབ་ཀྱི་སྐུ་མདུན་ལུ་ བོད་རྐྱང་གཞན་དང་ དབྱེ་བ་མེད་པར་ འཆང་སྒར་པའི་ སྒྲིག་རྒྱུགས་ཏེ་ དཔལ་ལྡན་འབྲུག་པའི་ སྒྲིག་ལམ་རྣམ་གཞག་ཚུ་ གསན་བཞེས་མཛད་བཞིན་དུ། དགུང་ལོ་ ༡༢ ལུ་ ས་དམར་རྫིང་ཁ་དང་ ལུང་བསྟན་ཟམ་པའི་བར་ན་ ལམ་སེལ་ནི་གི་ ཕྱག་ལཱ་གནང་དགོཔ་ལ་སོགས་པའི་ མི་སེར་ཕལ་པའི་བུ་དང་ ཁྱད་པར་མེད་པའི་ དཀའ་སྤྱད་མཛད་ནུག།
སྤ་རོ་དཔོན་སློབ།
༆ དགུང་ལོ་ ༡༧ སྤྱི་ལོ་ ༡༨༧༨ རབ་བྱུང་ ༡༥ པའི་ ས་སྟག་ལོར་ སྤ་གྲོ་དཔོན་སློབ་ཀྱི་ གོ་གནས་བཞེས་ཏེ་ བཞུགས་པའི་སྐབས་ལུ། སྔར་གྱི་དགྲ་སྡེའི་གཙོ་འཛིན་ སྤུངས་ཐང་རྫོང་དཔོན་ དངོས་གྲུབ་ཟེར་མི་ ཡབ་སྲས་ཀྱི་ དམག་ལས་ཕམ་སྟེ་ བྲོས་ཟུར་གྱིས་ རྒྱ་གར་ཕྱོགས་ལུ་ འགྱོ་མི་དེ་ ང་རྒྱལ་གྱི་སྒོ་ལས་ དམག་སྤུངས་དང་བཅས་པ་ ལོག་འོང་སྟེ་ ཉིན་བཞག་ ༣ གྱི་རིང་ལུ་ ངོ་རྒོལ་འབད་ཡོད་རུང་། སྤ་གྲོ་དཔོན་སློབ་ཀྱི་ དམག་དཔུང་གིས་ ཕམ་བཏངམ་ལས་ ལོག་སྟེ་རང་ དཔག་བསམ་ཁ་ཕྱོགས་ལུ་ བྱོལ་འགྱོ་བའི་ལམ་ཁར་ གྱོངས་སོང་ནུག།
དགུང་ལོ་ ༢༠ སྤྱི་ལོ་ ༡༨༨༡ ལྕགས་སྦྲུལ་ལོར་ གསང་ཟབ་ཆོས་རྫོང་ནང་ ཡབ་གཤགས་པའི་ དགོངས་རྫོགས་རྒྱ་ཆེར་བསྒྲུབས་གནང་ཡོདཔ་ད། ཡབ་རྗེ་དམ་པ་ མི་རྗེ་འཇིགས་མེད་རྣམ་རྒྱལ་མཆོག་གིས་ བསམ་གཏན་རྡོ་རྗེ་ཟེར་མི་ དར་དཀར་དཔོན་སློབ་ཀྱི་ གོ་གནས་ལུ་ བསྐོས་གནང་ཡོད་རུང་། གཉེར་ཆེན་བྱ་མོ་སེར་པོ་གིས་ བཀྲོངས་ཞིནམ་ལས་ རྟ་ལོག་ལུ་ ཞབས་དྲུང་འཇིགས་མེད་ཆོས་རྒྱལ་ཞབས་སར་ མགུ་བཏགས་ཏེ་ སྡོད་མི་དང་། ཡབ་རྗེའི་སྐུ་དགྲ་ ཨ་ཞང་ཝང་ཟེར་མི་དེ་ རྒྱ་གར་ཕྱོགས་ལུ་ བྲོས་ཟུར་སོང་ཡོདཔ་ལས་ རྒྱལ་ཁབ་ནང་ ཐོན་མ་ཆོགཔ་བཟོ་རུང་། ཡབ་རྗེ་གཤགས་མ་ཐག་ཏུ་ འབྲུག་ལུ་ཐོན་ཏེ་ བཀྲ་ཤིས་ཆོས་རྫོང་ནང་ འཛུལ་ཐོག་ལས་ འུར་བྱེལ་ལངས་པའི་སྐབས་ལུ། ཨོ་རྒྱན་དབང་ཕྱུག་མཆོག་ གཡང་ཟ་བག་ཟ་ ག་ནི་ཡང་མེད་པར་བཞུགས་ནུག།
དགུང་ལོ་ ༢༡ སྤྱི་ལོ་ ༡༨༨༢ ཆུ་རྟ་ལོར་ སྤ་རོ་དཔོན་སློབ་ རང་གི་ཨ་ཞང་ པདྨ་བསྟན་འཛིན་དང་ ཨ་ཁུ་དུང་དཀར་རྒྱལ་མཚན་གཉིས་ ཀྲོང་གསར་དཔོན་སློབ་ཀྱི་ གོ་གནས་སྐོར་ལས་ མ་འགྲིགས་པར་ དམག་འཁྲུགས་ལངས་ཏེ་ཡོདཔ་ལས། ཨོ་རྒྱན་དབང་ཕྱུག་མཆོག་ བུམ་ཐང་ལུ་བྱོན་ཏེ་ ཁོང་གཉིས་ཀྱི་བར་ན་ མཐུན་བསྒྲིགས་མཛད་ཐོག་ལས། གནས་སྐབས་ཅིག་ ཀྲོང་གསར་དཔོན་སློབ་ཀྱི་ གོ་གནས་ལུ་ ཨ་ཞང་པདྨ་བསྟན་འཛིན་ བསྐོས་གནང་སྟེ་ ཞི་འཇམ་མཛད་གནང་ནུག།
ཀྲོང་གསར་དཔོན་སློབ།
༆ དགུང་ལོ་ ༢༢ སྤྱི་ལོ་ ༡༨༨༣ ཆུ་ལུག་ལོར་ ཀྲོང་གསར་དཔོན་སློབ་ཀྱི་ཁྲི་ཐོག་ཁར་ བྱོན་ཡོདཔ་བཞིན་དུ། སྤ་གྲོ་དཔོན་སློབ་ཀྱི་ གོ་གནས་ལུ་ དཔོན་སློབ་རང་གི་ཨ་ཁུ་ ཟླ་བ་དཔལ་འབྱོར་དང་། ཨ་ཞང་པདྨ་བསྟན་འཛིན་གྱི་སྲས་ འཆི་མེད་རྡོ་རྗེ་དེ་ བྱ་དཀར་རྫོང་དཔོན་ལུ་ བསྐོ་བཞག་གནང་པའི་ཁར། ཨོ་རྒྱན་དབང་ཕྱུག་ རང་གི་སྲིངམོ་ ཆོས་ཉིད་དབང་མོ་ཡང་ འཆི་མེད་རྡོ་རྗེ་ལུ་གནང་ནུག།
དགུང་ལོ་ ༢༤ སྤྱི་ལོ་ ༡༨༨༥ ལོར་ གཏམ་ཞིང་ཆོས་རྗེ་ པདྨ་བསྟན་འཛིན་གྱི་སྲསམོ་ ཨ་ཞེ་རིན་ཆེན་པདྨོ་ བཙུན་མོར་བཞེས་ཡོདཔ་བཞིན་དུ། སྤྱི་ལོ་ ༡༨༨༧ མེ་ཕག་ལོར་ སྲསམོ་བསོད་ནམས་དཔལ་སྒྲོན་དང་། སྤྱི་ལོ་ ༡༨༨༩ ས་གླང་ལོར་ འཆི་མེད་དབྱངས་འཛོམས་ འཁྲུངས་ཡོད་རུང་། གདུང་འཛིན་གྱི་སྲས་ མ་བྱོན་པའི་བར་ན། སྤྱི་ལོ་ ༡༩༠༠ ལྕགས་བྱི་ལོར་ ཨ་ཞེ་རིན་ཆེན་པདྨོ་ སྐུ་ཚེས་མ་ཟིན་པར་ གཤགས་སོངཔ་ལས་ དགོངས་རྫོགས་རྒྱས་པར་བསྒྲུབས་གནང་ནུག།
གདུང་བརྒྱུད་འཛིན་མི་ སྲས་ཅིག་མེད་པར་ དགུང་ལོ་ ༤༢ སྤྱི་ལོ་ ༡༩༠༣ ཆུ་ཡོས་ལོར་ ཀུར་སྟོད་ཁོལ་མ་ཕྱུག་པོའི་བུམོ་ བུད་མེད་ཀྱི་ མཚན་ཉིད་དང་ལྡན་པ་ ཨ་ཞེ་གླེ་མོའམ་ བརྩོན་འགྲུས་ལྷ་མོ་ ཁབ་ཏུ་བཞེས་ཏེ། སྤྱི་ལོ་ ༡༩༠༥ ཤིང་སྦྲུལ་ལོར་ ལྷ་སྲས་འཇིགས་མེད་དབང་ཕྱུག་དང་། སྤྱི་ལོ་ ༡༩༠༧ མེ་ལུག་ལོར་ ལྷ་སྲས་འཆི་མེད་རྡོ་རྗེ། སྤྱི་ལོ་ ༡༩༠༩ ས་བྱ་ལོར་ སྲསམོ་དཀོན་མཆོག་ཆོས་ཉིད་དབང་མོ། སྤྱི་ལོ་ ༡༩༡༡ ལྕགས་ཕག་ལོར་ རྒྱལ་སྲས་འཇིགས་མེད་ལྷུན་གྲུབ་ཚུ་ རིམ་པ་བཞིན་དུ་འཁྲུངས་ནུག།
ནང་འཁྲུག་རྩ་མེད།
༆ སྤྱི་ལོ་ ༡༨༨༥ ཤིང་བྱ་ལོར་ སྤུངས་ཐང་རྫོང་དཔོན་ ཕུན་ཚོགས་རྡོ་རྗེ་དང་། ཐིམ་ཕུ་རྫོང་དཔོན་ ཨ་ལོ་རྡོ་རྗེ་གཉིས་ཀྱིས་ ཆོས་རྩེ་མགྲོན་གཉེར་ འཆང་ལོང་ཟེར་མི་ལུ་ ཆོས་རྩེ་དཔོན་སློབ་ བཀྲོངས་དགོ་པའི་ ཡི་གུ་དང་སྦྲགས་ཏེ་ དངུལ་ཀྲམ་ ༤༠༠ བསྐྱལ་བཏང་མི་དེ། མགྲོན་གཉེར་གྱིས་ དངུལ་དང་ ཡི་གུ་གཉིས་ཆ་རང་ དཔོན་སློབ་ལུ་ཕུལཝ་ལས་ དམག་དཔུང་དང་བཅས་པ་ གཞུང་ལུང་པར་བྱོན་ཏེ། སྤུངས་ཐང་རྫོང་དཔོན་ ཕུན་ཚོགས་རྡོ་རྗེ་ ཅང་གླིང་མའི་ཐང་ནང་ མཚོན་ཁར་བཀལ་ཏེ་བསད།
ཐིམ་ཕུ་རྫོང་དཔོན་ ཨ་ལོ་རྡོ་རྗེ་དང་ ཁོ་གི་ཕྱོགས་གཏོགས་ཚུ་ བོད་ལུ་ བྱོལ་ཡར་སོང་ནི་དེ་གིས་ སྡེ་སྲིད་དགའ་བ་བཟང་པོ་ཡང་ དགོངས་ཞུས་མཛད་དེ་ མདོ་སྡེ་བྲག་ལུ་ བྱོན་སོངཔ་ལས། གཞུང་གྲྭ་ཚང་གི་ དབྱངས་པའི་སློབ་དཔོན་ སྤངས་པ་སངས་རྒྱས་རྡོ་རྗེ་ སྡེ་སྲིད་དང་། ཐིམ་ཕུ་རྫོང་དཔོན་ལུ་ ཀུན་བཟང་འཕྲིན་ལས། སྤུངས་ཐང་རྫོང་དཔོན་ལུ་ དབང་ཕྱུག་ཟེར་མི་ཚུ་ བསྐོ་བཞག་གནང་སྟེ། རྒྱལ་ཁབ་ཀྱི་ སྲིད་དོན་གལ་ཅན་ཚུ་ ཀྲོང་གསར་སྤྱི་བླ་རང་གིས་ ཐུགས་ཐག་བཅད་དེ་བཞུགས་ནུག།
དེ་བསྒང་ ཀ་སྤུངས་གནས་སྡོད་ ཀ་ཇི་ཨོ་རྒྱན་རྡོ་རྗེ་ བུམ་ཐང་ལུ་ ཨོ་རྒྱན་དབང་ཕྱུག་མཆོག་གི་ སྐུ་མདུན་ལུ་བཅར་ཏེ་ མཇལ་ཕྲད་མཛད་པའི་ ཉིན་མ་ལས་ དཔོན་གཡོག་གཉིས་ཀྱི་བར་ན་ བརྩེ་གདུང་དང་ ཁ་ཞེ་གཉིས་མེད་ཀྱིས་ ཕྱག་ཕྱིད་གང་དྲག་ཞུ་བའི་ཁར། དུང་དཀར་ཆོས་རྗེ་ པཱ་ལ་རྒྱལ་མཚན་གྱི་ཟུར་སྲས་ རྫོང་དཔོན་བགྲེསཔ་ ཤར་པ་སྤུན་ཅུང་ཟེར་མིའི་ བུ་ཡང་ཨིནམ་ལས། ཉེ་འཁོར་གྱི་ འདུ་ཤེས་ཐོག་ལུ་ སྤྱི་ལོ་ ༡༩༠༠ ལོར་ དཔག་བསམ་ཁའི་ སྐུ་ཚབ་དང་ སྤྱི་ལོ་ ༡༩༠༠༥ ལོར་ ཧཱ་དྲུང་པ་འབྲེལ་མར་ བསྐོ་བཞག་གནང་ནུག།
བོད་ཀྱི་བདེ་ཐབས།
༆ སྤྱི་ལོ་ ༡༩༠༤ ཤིང་འབྲུག་ལོར་ རྒྱ་གར་རྒྱལ་ཁབ་ ཕྱི་གླིང་པའམ་ བི་རི་ཊིཤ་གིས་ དབང་སྟེ་ཡོདཔ་ལས། ཕྱི་གླིང་པའི་དམག་དཔུང་ བོད་ལྷ་ས་ལུ་སོང་སྟེ་ དམག་འཁྲུག་ལངས་པ་ལུ་བརྟེན་ཏེ་ བོད་ཀྱི་རྒྱལ་ཁབ་ནང་ བྱ་སྟབས་མ་བདེཝ་ ཐོན་པའི་སྐབས་ལུ། ཆོས་རྩེ་དཔོན་སློབ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་དང་ དཔག་བསམ་ཁའི་སྐུ་ཚབ་ ཨོ་རྒྱན་རྡོ་རྗེ་ དཔོན་གཡོག་གཉིས་ ལྷ་སར་བྱོན་ཏེ་ རྒྱ་བོད་རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་བསྒྲིགས་ཀྱིས་ ཆིངས་ཡིག་བཟོ་ཐོག་ལས་ བོད་ཀྱི་རྒྱལ་ཁབ་ བདེ་བར་བཀོད་གནང་པའི་ཁར། འབྲུག་ལུ་ཡང་ འཕྲལ་ཕུགས་གཉིས་ཀར་ གནོད་འཚེ་ག་ནི་ཡང་ མི་འབྱུང་ནི་གི་ ཕྱག་རྗེས་བཟང་པོ་མཛད་དེ་ རྒྱལ་ཁབ་ནང་ ལོག་ཕེབས་ནུག།
སྤྱི་ལོ་ ༡༩༠༥ ཤིང་སྦྲུལ་ལོར་ ཕྱི་གླིང་ངམ་ བི་རི་ཊིཤ་གི་སྐུ་ཚབ་ ཆེད་མངགས་ཀྱིས་ སྤུངས་ཐང་ཁར་བཏང་སྟེ། ཀྲོང་གསར་དཔོན་སློབ་ ཨོ་རྒྱན་དབང་ཕྱུག་མཆོག་ལུ་ ཀེ་སི་ཨའི་ཨེ་སི་ཟེར་མི་ གཟེངས་བསྟོད་རྟགས་མ་ཅིག་ ཕུལ་ཡོད་མི་དེ་ཡང་། སྤྱི་ལོ་ ༡༩༠༤ ལོར་ ཕྱི་གླིང་གཞུང་དང་ བོད་གཞུང་གི་བར་ན་ དམག་རྐྱབ་མ་དགོ་པར་ ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ལས་ ཞི་བའི་མཐུན་བསྒྲིགས་ མཛད་གནང་པའི་ བཀའ་དྲིན་དགའ་ཚོར་ལུ་ཨིན་པས།
རྒྱ་གར་ཀ་ལི་ཀ་ཏར་ གཞུང་དོན་གཟིགས་སྐོར།
༆ སྤྱི་ལོ་ ༡༩༠༦ མེ་རྟ་ལོར་ བི་རི་ཊིཤ་གཞུང་གིས་ མགྲོན་བརྡ་ཞུཝ་བཞིན་དུ། ཆོས་རྩེ་དཔོན་སློབ་ཀྱི་ ཕྱག་ཞུ་སྟེ་ ཧཱ་དྲུང་པ་ ཨོ་རྒྱན་རྡོ་རྗེ་དང་། མགར་ས་རྫོང་དཔོན་ཝང་ཤར། སྤུངས་ཐང་རྫོང་དཔོན་ལྷུན་གྲུབ། ཐིམ་ཕུ་རྫོང་དཔོན་གནག་མདོག། སྤ་རོ་མགྲོན་གཉེར་ཨོ་རྒྱན་ཚུ་ ཀ་ལི་ཀ་ཏར་བྱོན་ཏེ། བི་རི་ཊིཤ་རྒྱལ་པོའི་སྲས་དང་ མཇལ་ཕྲད་མཛདཔ་ལས་ འབྲུག་གཞུང་དང་ ཕྱི་གླིང་གཞུང་གི་བར་ན་ འཐུན་འབྲེལ་དམ་ཟབ་བྱུང་ནུག།
སྤྱི་ལོ་ ༡༩༠༦ མེ་རྟ་ཟླཝ་ ༧ པའི་ཚེས་ ༡༠ ལུ་ ཧཱ་དྲུང་པ་ ཨོ་རྒྱན་རྡོ་རྗེ་གིས་ ད་ཚུན་ སྡེ་སྲིད་ག་གིས་མཛད་རུང་། རྒྱལ་ཁབ་ནང་འཁོད་ཀྱི་ ལས་དོན་ཚུ་མ་གཏོགས་ རྒྱལ་ཁབ་གཞན་དང་ འབྲེལ་བ་མཛད་དགོཔ་མེད་ནི་དེ་གིས་ འགལ་བ་མེད་རུང་། ད་ལས་ཕར་ རྒྱ་བོད་རྒྱལ་ཁབ་ཚུ་དང་ གཏམ་ལན་འཇལ་ནི་དང་ ཡི་གུ་གཏོང་ལེན་ལ་སོགས་པའི་ འབྲེལ་བ་འཐབ་དགོཔ་ལས། ཀྲོང་གསར་དཔོན་སློབ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ འབྲུག་རྒྱལ་པོར་ མངའ་གསོལ་ཞུ་བ་ཅིན་ རྒྱལ་ཁབ་ལུ་ ཕན་ཐབས་ཡོད་ལུགས་ཀྱི་ ཞུ་ཡིག་ཕུལཝ་བཞིན་དུ། དགེ་འདུན་འདུས་པའི་ བླ་སློབ་དང་། འབྲུག་གཞུང་ལྷན་རྒྱས། རྫོང་གཞིས་ཁག་གི་དཔོན་ཁག། འབངས་མི་སེར་ཚུ་ག་ར་ བློ་སེམས་སྤྱི་མཐུན་ཐོག་ལས། ཀྲོང་གསར་དཔོན་སློབ་མཆོག་ འབྲུག་བརྒྱུད་འཛིན་གྱི་རྒྱལ་པོར་ མངའ་གསོལ་ཞུ་ནི་ལུ་ གྲོས་ཆོད་བྱུང་ནུག།
འབྲུག་རྒྱལ་དང་པའི་ གསེར་ཁྲིར་མངའ་གསོལ།
༆ རབ་བྱུང་ ༡༥ པའི་ གནམ་ལོ་ས་སྤྲེལ་ཟླཝ་ ༡༡ པའི་ཚེས་ ༡༣ སྤྱི་ལོ་ ༡༩༠༧ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ གཟའ་སྐར་འཕྲོད་སྦྱོར་ ཕུན་སུམ་ཚོགས་པའི་ཉིན་མར། ཀྲོང་གསར་དཔོན་སློབ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ སྲས་བརྒྱུད་རིམ་བྱོན་གྱིས་ རྒྱལ་པོ་མཛད་དགོ་པའི་ གན་ཡིག་ཕུལ་ཏེ། འབྲུག་གི་ལྷ་མི་སྲིད་སྡེ་ཡོངས་ཀྱིས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་ལས་ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་དང་པའི་ གསེར་ཁྲིར་མངའ་གསོལ་ཞུ་ནུག། དེ་བསྒང་ ཕྱི་གླིང་གཞུང་གི་སྐུ་ཚབ་ ཝ་ཡེཏ་ས་ཧེབ་ཀྱིས་གཙོས་པའི་ དཔོན་གཡོག་ ༢༤ དེ་ཅིག་ཡང་ ཁྲི་དར་ཕུལ་བར་ བཅར་ཡོདཔ་ཨིན་པས།
གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ རྒྱལ་པོའི་གསེར་ཁྲིར་ཕེབས་མ་ཐག་ཏུ་ མི་སེར་ཚུ་གི་ སྐྱིད་སྡུག་ལུ་གཟིགས་ཏེ་ ཁྱལ་འཐུས་འུར་ལཱ་ལ་སོགས་པ་ཚུ་ ཕབ་ཆག་དང་། ཧེ་མར་ ཕྱི་གླིང་གཞུང་ལས་ ལྷོ་མཚམས་ཀྱི་ རྒྱ་གཞིའི་ཁྲལ་ ལོ་རེར་དངུལ་ཀྲམ་སྟོང་ཕྲག་ ༥༠ རེ་ཨིན་མི་དེ་ དངུལ་ཀྲམ་འབུམ་ ༡ ལུ་ ཡར་སེང་ལ་སོགས་པའི་སྒོ་ལས་ རྒྱལ་ཁབ་ཀྱི་ འོང་འབབ་ཚུ་ ཡར་འཕར་མཛད་ནུག།
སྤྱི་ལོ་ ༡༩༡༠ ལྕགས་ཁྱི་ལོར་ བི་རི་ཊིཤ་གཞུང་གིས་ སྐུ་ཚབ་སཱར་ཅར་ལིཛ་བེལ་ཟེར་མི་ མཆེད་དུ་མངགས་ཏེ་ སྤུངས་ཐང་ཁ་ལུ་ བཏང་ཡོདཔ་བཞིན་དུ། བདུན་ཕྲག་གསུམ་གྱི་རིང་ འབྲུག་ལུ་བཞུགསཔ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དབུ་གཙོས་པའི་ འབྲུག་གཞུང་གི་ ཁ་ཐུག་ལས་ བསུ་བ་དང་ མགྲོན་སྐྱོང་ཚུ་ གང་ལེགས་མཛད་པ་ལུ་བརྟེན་ཏེ། སྤྱི་ལོ་ ༡༩༡༠ སྤྱི་ཟླ་ ༧ པའི་ཚེས་ ༨ ལུ་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཕྱི་རྒྱལ་གཞན་དང་ འབྲེལ་བ་འཐབ་ཚུལ་གྱི་ ཆིངས་ཡིག་ཅིག་ བཟོ་གནང་ནུག།
རྒྱ་གར་ལྡི་ལི་ལུ་ གཞུང་དོན་གཟིགས་སྐོར།
༆ སྤྱི་ལོ་ ༡༩༡༡ ལྕགས་ཕག་ལོར་ ཕྱི་གླིང་གཞུང་གིས་ མགྲོན་བརྡ་ཕུལཝ་བཞིན་དུ་ རྒྱ་གར་ལྡི་ལིར་ ཆིབས་བསྐྱོད་གནང་སྟེ་ སྔར་བ་ལྷག་པའི་ མཐུན་འབྲེལ་དམ་ཟབ་བྱུང་པའི་ཁར། རྒྱལ་ཁབ་གཞན་གྱིས་ དབང་བཙོང་འབད་བའི་ རིམ་པ་རེ་འཐོན་རུང་ བི་རི་ཊིཤ་གཞུང་གིས་ གདོང་ལེན་དང་ རྒྱབ་སྐྱོར་ཚུ་འབད་ནི་ཨིན་པའི་སྐོར་ལས་ དོན་ཚན་ ༡༠ འབད་མི་ ཆིངས་ཡིག་ཅིག་ཡང་ བཟོ་གནང་ཡོདཔ་ད། དེ་བསྒང་ བི་རི་ཊིཤ་གཞུང་གིས་ མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་ འཛམ་གླིང་ནང་ ཡོངས་གྲགས་ཆེ་བའི་ ཆེས་བསྟོད་ཀྱི་རྟགས་མ་ པདྨ་བཱི་པ་ཟེར་མི་ཅིག་ཡང་ཕུལ་ནུག། ལོ་དེ་ནང་ མི་དབང་མཆོག་གིས་ ཧཱ་དྲུང་པ་ ཨོ་རྒྱན་རྡོ་རྗེ་དེ་ ལྷན་རྒྱས་ཀྱི་ གོ་གནས་ཐོག་ལུ་ གོང་སའི་གཟིམ་དཔོན་ལུ་ བསྐོ་བཞག་མཛད་ནུག།
ཤེས་རིག་ལམ་ལུགས།
༆ རྒྱལ་ཁབ་ཡར་རྒྱས་ཀྱི་རྩ་བ་ ཤེས་རིག་ཨིན་པའི་ ཐུགས་བཞེད་གནང་སྟེ། སྤྱི་ལོ་ ༡༩༡༢ ཆུ་བྱི་ལོར་ བུམ་ཐང་ལུ་ དེང་སང་གི་ ཤེས་རིག་ལམ་ལུགས་ འགོ་དང་པ་ བཙུགས་གནངམ་དང་འབྲེལ། མི་དབང་འབྲུག་རྒྱལ་གཉིས་པ་ དཔལ་འཇིགས་མེད་དབང་ཕྱུག་མཆོག་གི་ ཕྱག་ཞུ་སྟེ་ འབྲུག་ཤར་ནུབ་ལས་ ཨ་ལོ་བློ་རིག་ཅན་ ༡༤ དེ་ཅིག་ གདམས་འཐུ་མཛད་དེ་ བུམ་ཐང་ལུ་ བཙུགས་གནང་པའི་ཁར། ཧཱ་ལུ་ཡང་ སློབ་ཕྲུག་ ༤༦ འབད་མི་ ཤེས་རིག་སློབ་གྲྭ་ཅིག་ བཙུགས་གནང་ནུག།
མ་དངུལ་གྲོགས་རམ་ཞལ་འདེབས།
༆ སྤྱི་ལོ་ ༡༩༡༤ ཤིང་སྟག་ལོར་ འཛམ་གླིང་དམག་ཆེན་དང་པ་ ཐོན་པའི་སྐབས་ལུ་ འབྲུག་གཞུང་གི་ ཁ་ཐུག་ལས་ བི་རི་ཊིཤ་གི་འོག་ལུ་ཡོད་མི་ རྒྱ་གར་ལུ་ དམག་གི་རོགས་རམ་འབད་ དངུལ་ཀྲམ་འབུམ་ ༢ དང་། སྤྱི་ལོ་ ༡༩༡༦ མེ་འབྲུག་ལོར་ རྒྱ་གར་རྒྱལ་ཁབ་ནང་ ཕྱད་མདའི་སྐབས་ལུ་ ཉམས་རྒུད་བྱུང་མི་ཚུ་གི་དོན་ལས་ འབྲུག་གཞུང་གིས་ ཨིམ་པེ་རེལ་ རི་ལིཕ་ཕཱན་ཟེར་མི་ མ་དངུལ་ལུ་ དངུལ་ཀྲམ་འབུམ་ ༡ ཞལ་འདེབས་གནང་ནུག།
བསྟན་སྲིད་ཡར་རྒྱས།
༆ མི་དབང་ཨོ་རྒྱན་དབང་ཕྱུག་མཆོག་གིས་ བསྟན་སྲིད་བསྐྱངས་ཏེ་ བཞུགས་པའི་སྐབས་ལུ། རྒྱལ་ཁབ་ནང་གི་ ལྷ་ཁང་དགོན་སྡེ་དང་ གྲྭ་ཚང་ རྫོང་གཞི་ཡོད་ཚད་ག་ར་ ཉམས་གསོ་དང་། བུམ་ཐང་སྐུ་རྗེས་ལུ་ གུ་རུ་རིན་པོ་ཆེའི་ སྐུ་ཐོག་ཚད་གསུམ་འབད་མི་གིས་གཙོས་པའི་ སྐུ་གསུང་ཐུགས་རྟེན་ མང་རབས་ཅིག་ གསར་བཞེངས་གནང་པའི་ཁར། དགེ་འདུན་འདུས་སྡེ་ཡང་ཡར་འཕར་དང་ གྲྭ་ཚང་ཁག་ལས་ དགེ་སློང་ཤེས་རབ་ཅན་ཚུ་ བོད་ལུ་ དགེ་བཤེས་སྦྱངས་པར་ བཏང་གནངམ་ལ་སོགས་པའི་ བཤད་སྒྲུབ་ཀྱི་ བསྟན་པ་རིན་པོ་ཆེ་ འཛིན་སྐྱོང་སྤེལ་གསུམ་རྒྱས་པར་མཛད་ནུག།
མི་དབང་མཆོག་ འབྲུག་རྒྱལ་པོའི་ གསེར་ཁྲིར་ཕེབས་ཏེ་ མི་ལོ་ ༡༩ གི་རིང་ལུ་ རྒྱལ་ཁབ་ནང་ ནད་མུག་འཁྲུག་རྩོད་ཟེར་མི་ མིང་ཙམ་ཡང་མེད་པར། མི་སེར་ཚུ་ དགའ་སྐྱིད་ཀྱི་ངང་ལུ་ དཔལ་ལྡན་འབྲུག་པའི་ ཆབ་སྲིད་མངའ་ཐང་ བདེ་བར་བསྐྱངས་གནང་པའི་མཐར། དགུང་ལོ་ ༦༥ རབ་བྱུང་ ༡༥ པའི་ལོ་མཇུག་ མེ་སྟག་ཟླཝ་ ༧ པའི་ཚེས་ ༡༣ སྤྱི་ལོ་ ༡༩༢༦ སྤྱི་ཟླ་ ༨ པའི་ཚེས་ ༢༡ ལུ་ སྐུ་ཞི་བར་གཤེགས་ནུག།
འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་གཉིས་པ།
༆ མི་དབང་འཇིགས་མེད་དབང་ཕྱུག་མཆོག་ ཡབ་ཆོས་རྒྱལ་ཆེན་པོ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་དང་ ཡུམ་ཨ་ཞེ་བརྩོན་འགྲུས་ལྷ་མོའི་སྲས་ལུ། སྤྱི་ལོ་ ༡༩༠༥ རབ་བྱུང་ ༡༥ པའི་ ཤིང་སྦྲུལ་ལོར་ མཁས་ཤིང་གྲུབ་པ་བརྙེས་པའི་ དགེ་བཤེས་སྨིན་དྲུག་གི་ སྤྲུལ་སྐུ་འཁྲུལ་མེད་ལུ་ མཚན་ལྟས་བཟང་པོ་དང་བཅས་པའི་སྒོ་ལས་ སྐུ་འཁྲུངས་པའི་ འཁྲུངས་སྟོན་ཚུ་ཡང་ རྒྱས་པར་མཛད་ནུག།
སྐུ་ཡོན་གསན་སྦྱངས།
༆ རྒྱལ་སྲས་མཆོག་ སྐུ་ན་ཆུང་ཀུ་ལས་ ནང་པའི་ཤེས་ཡོན་ལུ་ སྦྱངས་གསན་མཛད་བཞིན་དུ། དགུང་ལོ་ ༩ སྤྱི་ལོ་ ༡༩༡༤ ལོར་ ཡབ་རྗེ་དམ་པ་མཆོག་གིས་ སྐུ་ཚབ་ནོར་བུ་དང་ འབྲས་ལྗོངས་པ་ ཕན་ཏོག་གཉིས་ ཆེད་མངགས་ཀྱིས་ འབོ་གནང་སྟེ་ བུམ་ཐང་ལུ་ འབྲུག་ཤར་ཕྱོགས་ལས་ བློ་རིག་ཅན་གྱི་ བུཚ་ ༡༤ དང་བཅས་པ་ རྒྱལ་སྤྱིའི་ཤེས་རིག་ལམ་ལུགས་ གསར་བཙུགས་གནངམ་ལས་ ཧིན་དྷིའི་སྐད་ཡིག་ལུ་ གསན་སྦྱངས་ཛད་པའི་ཁར། སྐྱེས་ཆེན་དམ་པ་ བླ་སྤྲུལ་མང་རབས་ཅིག་ལས་ ཆོ་གའི་ཕྱག་ལེན་དང་ རིག་གཞུང་ སྨིན་གྲོལ་གྱི་ གདམས་ངག་ཚུ་ཡང་ གསན་བཞེས་མཛད་ནུག།
ཀྲོང་གསར་མགྲོན་གཉེར།
༆ དགུང་ལོ་ ༡༤ སྤྱི་ལོ་ ༡༩༡༨ ས་རྟ་ལོར་ ཀྲོང་གསར་མགྲོན་གཉེར་གྱི་ གོ་གནས་བཞེས་ཏེ། ཡབ་རྗེ་དམ་པ་དང་ འབྲལ་བ་མེད་པར་ སྒྲིག་རྒྱུགས་ཐོག་ལས་ དཔལ་ལྡན་འབྲུག་པའི་ སྒྲིག་ལམ་རྣམ་གཞག་ལུ་ སྦྱངས་གསན་མཐར་ཕྱིན་མཛད་པའི་ཤུལ་ལུ། དགུང་ལོ་ ༡༨ སྤྱི་ལོ་ ༡༩༢༢ ཆུ་ཁྱི་ལོར་ ཆོས་རྩེའི་སྤྱི་བླར་ མངའ་གསོལ་མཛད་དེ། ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ མངའ་བདག་མཛད་བཞིན་དུ། ལྷ་རིགས་སྨྱོས་ཀྱི་ གདུང་བརྒྱུད་ལས་ ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་ ལྷ་ལྕམ་ལུ་བཞེས་པའི་ བཀྲ་ཤིས་མངའ་གསོལ་གྱི་ དགའ་སྟོན་རྒྱས་པར་མཛད་ནུག།
དགུང་ལོ་ ༢༢ སྤྱི་ལོ་ ༡༩༢༦ སྤྱི་ཟླ་ ༨ པའི་ཚེས་ ༢༡ རབ་བྱུང་ ༡༥ པའི་ མེ་སྟག་ཟླཝ་ ༧ པའི་ཚེས་ ༡༣ ལུ་ ཡབ་རྗེ་ཆོས་རྒྱལ་ཆེན་པོ་ དགོངས་པ་རྫོགསཔ་ལས། རྒྱལ་ཁབ་ནང་འཁོད་ཀྱི་ དགོན་སྡེ་ཁག་དང་ བོད་ཀྱི་གནས་ཆེན་དང་ དགོན་སྡེ་ཁག་ལུ་ དཀར་མེ་སྟོང་མཆོད་དང་ བསྔོ་ཞུ་བསྔོ་རྟེན་ཚུ་ ཕུལ་གནང་པའི་ཁར། ལོ་ངོ་ ༡ གི་རིང་ལུ་ སྤུར་སྦྱངས་མ་མཛད་པར་ གྲྭ་ཚང་ཁག་དང་ དགོན་སྡེ་ཁག་གི་ བླ་སློབ་ཚུ་གིས་ ཉིན་མཚན་མེད་པར་ དགོངས་རྫོགས་སྒྲུབ་གནངམ་བཞིན་དུ་ འབྲུག་རྒྱལ་པོའི་ གསེར་ཁྲིར་ཕེབས་ནུག།
འབྲུག་རྒྱལ་གཉིས་པའི་ གསེར་ཁྲིར་མངའ་གསོལ།
༆ དགུང་ལོ་ ༢༣ རབ་བྱུང་ ༡༦ པའི་ མེ་ཡོས་ཟླཝ་ ༡ པའི་ཚེས་ ༡༡ སྤྱི་ལོ་ ༡༩༢༧ སྤྱི་ཟླ་ ༣ པའི་ཚེས་ ༡༤ ལུ་ རྒྱལ་ཁབ་ཀྱི་ ལྷ་མི་སྲིད་སྡེ་ཡོངས་ཀྱིས་ སྤུངས་ཁང་བདེ་བ་ཆེན་པོའི་ཕོ་བྲང་ནང་ བཞུགས་གྲལ་རྟེན་འབྲེལ་ཕུན་སུམ་ཚོགས་པའི་སྒོ་ལས་ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་གཉིས་པའི་ གསེར་ཁྲིར་མངའ་གསོལ་ཞུ་ཡོདཔ་ད། དེ་བསྒང་ ཕྱི་གླིང་གཞུང་གི་སྐུ་ཚབ་ ཨེཕ་ཨེམ་བེལ་མཆོག་གིས་ གཟེངས་བསྟོད་རྟགས་མ་ སི་ཨའི་ཨི་ (པདྨ་བི་པ) གིས་གཙོས་པའི་ འབུལ་ཚན་དང་ ངོ་སྦྱོར་ཡི་གུ་ཚུ་ཡང་ཕུལ་ནུག།
སྤྱི་ལོ་ ༡༩༢༧ མེ་ཡོས་ཟླཝ་ ༧ པའི་ཚེས་ ༡༥ ལུ་ འདུས་སྡེའི་མཁན་སློབ་ཀྱིས་ དབུ་གཙོས་པའི་ རབ་སྡེ་དང།་ དགོན་སྡེ་ཁག་གི་ བླ་སྤྲུལ་མང་རབས་ཅིག་ གདན་འདྲེན་ཐོག་ལས་ བུམ་ཐང་སྐུ་རྗེ་ཐང་ནང་ སྤུར་ཁང་གི་ཕྱོགས་བཞི་ལས་ གསུང་ཆོག་གནང་ཐོག་ལུ་ ཡབ་རྗེ་ཞིང་གཤེགས་དམ་པ་མཆོག་གི་ སྤུར་སྦྱངས་རྒྱས་པར་མཛད་ནུག།
རྒྱལ་བསྟན་འཕེལ་རྒྱས།
༆ མི་དབང་མཆོག་ བརྒྱུད་འཛིན་གྱི་ རྒྱལ་ཁྲིར་ཕེབས་པའི་ ལོ་དེ་ནང་རང་ ཡབ་རྗེ་དམ་པའི་ དགོངས་རྫོགས་ལུ་དམིགས་ཏེ་ སྤུངས་བདེ་བ་ཆེན་པོའི་ཕོ་བྲང་ནང་ བཀའ་འགྱུར་དང་ བསྟན་འགྱུར་གསར་བསྒྲུབས་དང་། དགེ་སློང་ ༡༨༠ དེ་ཅིག་ གསར་བཙུགས་མཛད་གནང་པའི་ཁར། སྤུངས་ཐང་རྫོང་གི་ དབུ་རྩེ་གུ་ གསེར་ཏོག་དང་ དགོན་སྡེ་གྲྭ་ཚང་ཁག་གི་ སྐུ་རྟེན་ཚུ་ལུ་ཡང་ ཞལ་གསེར་ཕུལ་གནང་ནུག།
དུས་རབས་ ༨ པའི་ནང་ རྒྱལཔོ་སིནྡྷུ་ར་ཛཱའི་སྲསམོ་ མོན་མོ་བཀྲ་ཤིས་ཁྱིའུ་སྒྲོན་གྱིས་ སྒྲུབ་པ་གནང་སའི་ སྒྲུབ་ཁང་དེ་ ཆུང་ཀུ་ཅིག་ལས་མེད་རུང་། ཆོས་རྩེ་དཔོན་སློབ་ གཏམ་ཞིང་ཆོས་རྗེ་ ཨོ་རྒྱན་ཕུན་ཚོགས་མཆོག་གིས་ བསྐྱར་བཞེངས་མཛད་ཡོདཔ་ད། དེ་ལས་ གནམ་ལོ་ལྕགས་རྟ་ སྤྱི་ལོ་ ༡༩༣༠ དེ་ཅིག་ཁར་ མི་དབང་ཞབས་དང་ མི་དབང་རྒྱལ་བཙུན་ ལྷ་ལྕམ་ཕུན་ཚོགས་ཆོས་སྒྲོན་མཆོག་གིས་ རྒྱ་བསྐྱེད་མཛད་དེ། ནང་རྟེན་ལུ་ བྱ་དཀར་ལྷ་ཁང་ནང་་ལས་ གུ་རུ་མཚན་བརྒྱད་ གདན་འདྲེན་ཞུ་སྟེ་ བཙུགས་གནང་པའི་ཁར། ལྡེབས་རིས་ཚུ་ཡང་ འབུར་སྐུ་རང་བྱོན་གྱི་ཚུལ་ལུ་ བཞེངས་གནང་མི་དེ་ ད་རེས་ནངས་པར་ མཇལ་ཡུལ་ལུ་ཡོདཔ་ཨིན། སྤྱི་ལོ་ ༡༩༣༣ རབ་བྱུང་ ༡༦ པའི་ ཆུ་བྱ་ལོར་ རྒྱལ་ཁབ་ཀྱི་ བསྟན་སྤྱིའི་སྐུ་རིམ་དང་འབྲེལ་ ཀྲོང་གསར་རྫོང་ནང་ འཇིགས་བྱེད་ལྷ་ཁང་ ནང་རྟེན་དང་བཅས་པ་ གསར་བཞེངས་མཛད་ནུག།
དེ་ལས་ གཞན་ཡང་ ཀྲོང་གསར་རྫོང་དང་བཀྲ་ཤིས་སྒང་རྫོང་ དབང་འདུས་ཕོ་བྲང་རྫོང་གིས་གཙོས་པའི་ རྫོང་གཞིས་ཚུ་དང་། ལྷ་ཁང་དགོན་སྡེ་ མང་རབས་ཅིག་ ནང་རྟེན་དང་བཅས་པ་ ཉམས་གསོ་དང་ གསར་བཞེངས་མཛད་དེ་ནང་པ་སངས་རྒྱས་པའི་ བསྟན་པ་རིན་པོ་ཆེ་དར་རྒྱས་མཛད་གནང་ནུག།
མི་དབང་སྲས་སྲོས་འཁྲུངས་ཚུལ།
རབ་བྱུང་ ༡༦ པའི་ ས་འབྲུག་ཟླཝ་ ༣ པའི་ཚེས་ ༡༣ སྤྱི་ལོ་ ༡༩༢༨ སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ ཀྲོང་གསར་རྫོང་གི་ སྦོ་ལོགས་ཁར་ ཁྲུས་སྤང་གི་ ཕོ་བྲང་ནང་ མི་དབང་རྒྱལ་སྲས་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་འཁྲུངས་ཡོདཔ་ད། སྤྱི་ལོ་ ༡༩༢༩ ས་སྦྲུལ་ལོར་ དགུན་གྱི་བཞུགས་གནས་ ཀུན་དགའ་རབ་བརྟན་གྱི་ཕོ་བྲང་ གསར་བཞེངས་དང་། སྤྱི་ལོ་ ༡༩༣༢ ཆུ་སྤྲེལ་ལོར་ རྒྱལ་ལྕམ་གཉིས་པ་ ཨ་ཞེ་པདྨ་བདེ་ཆེན་མཆོག་ ཁབ་ཏུ་བཞེས་ནུག།
སྤྱི་ལོ་ ༡༩༣༧ ལུ་ མེ་གླང་ལོར་ དོམ་མཁར་བཀྲ་ཤིས་ཆོས་གླིང་ཕོ་བྲང་ གསར་བཞེངས་གནང་ཡོདཔ་ད། ལོ་དེ་ནང་ རྒྱལ་བཙུན་གཉིས་པ་ ལྷ་ལྕམ་པདྨ་བདེ་ཆེན་མཆོག་ལས་ མི་དབང་རྒྱལ་སྲསམོ་ ཨ་ཞེ་ཆོས་སྐྱིད་དབང་མོ་དང་། སྤྱི་ལོ་ ༡༩༤༣ ལུ་ མི་དབང་རྒྱལ་སྲས་རྣམ་རྒྱལ་དབང་ཕྱུག། སྤྱི་ལོ་ ༡༩༤༤ ལུ་ མི་དབང་རྒྱལ་སྲསམོ་ ཨ་ཞེ་བདེ་སྐྱིད་དབྱངས་འཛོམས། སྤྱི་ལོ་ ༡༩༤༩ ལུ་ མི་དབང་རྒྱལ་སྲསམོ་ ཨ་ཞེ་པདྨ་ཆོས་སྒྲོན་ཚུ་ རིམ་པ་བཞིན་དུ་ སྐུ་འཁྲུངས་ཏེ་ ཕྱི་ནང་གི་ ཤེས་ཡོན་ཚུ་ལུ་ སྦྱངས་བརྩོན་མཛད་ནུག།
ཕྱི་རྒྱལ་ལུ་ གཞུང་དོན་གཟིགས་སྐོར།
༆ སྤྱི་ལོ་ ༡༩༣༤ ཤིང་ཁྱི་ལོར་ བི་རི་ཊིཤ་གཞུང་གིས་ གདན་འདྲེན་ཞུ་ཐོག་ལས། མི་དབང་འཇིགས་མེད་དབང་ཕྱུག་མཆོག་དང་ ལྷ་ལྕམ་ཕུན་ཚོགས་ཆོས་སྒྲོན་ རྒྱལ་སྲས་འཇིགས་མེད་རྡོ་རྗེ་དབང་ཕྱུག་ སྐུ་འཁོར་ལྷན་རྒྱས་ཚུ་ སྐུ་སྲུང་དང་ འཆར་སྒརཔ་ ༢༠༠ དེ་ཅིག་གིས་ ཕྱག་ཞུ་སྟེ་ རྒྱ་གར་ཀ་ལི་ཀ་ཏ་ལུ་ གཞུང་དོན་གཟིགས་སྐོར་གནང་པར་ བྱོན་ཡོདཔ་བཞིན་དུ། བི་རི་ཊིཤ་གཞུང་གི་སྐུ་ཚབ་ མུ་ཆུ་ལ་ཟེར་མི་དང་ མཇལ་ཕྲད་གནང་སྟེ་ རྒྱལ་ཁབ་ཕན་ཚུན་གཉིས་ལུ་ཕན་པའི་ གསུང་གྲོས་གནངམ་ལས་ སྔར་བ་ལྷག་པའི་ མཐུན་འབྲེལ་དམ་ཟབ་བྱུང་ནུག།
རྒྱ་གར་ཀ་ལི་ཀ་ཏ་ལས་ ལོག་བྱོན་པའི་ཞོར་ཁར་ རྡོ་རྗེ་གླིང་དང་ ཀ་ལུ་ཕུ་ལུ་ཡང་ གཟིགས་སྐོར་གནང་སྟེ་ འབྲས་ལྗོངས་ལུ་ཕེབས་པའི་སྐབས་ལུ་ བི་རི་ཊིཤ་གཞུང་གི་སྐུ་ཚབ་ ལེབ་ཊི་ནེན་ ཀོ་ལོ་ནཱལ་ ཝེར་ཟེར་མི་དང་ རྒྱལ་པོའི་སྐུ་ཚབ་ཚུ་གིས་ ཕེབས་བསུ་གང་དྲག་ཞུ་ཡོདཔ་ད། དེ་ལས་ གནག་མཐོང་ལ་དང་ ཤར་རི་ཐང་བརྒྱུད་དེ་ ཧཱ་ལས་ སྤ་རོ་དང་ ཐིམ་ཕུ་ དབང་འདུས་ཕོ་བྲང་ཚུ་ལུ་ སྐུ་ཞག་དག་པ་རེ་བཞུགས་ཏེ་ མི་སེར་གྱི་ སྐྱིད་སྡུག་ཚུ་ དབྱེ་ཞིབ་མཛད་གནང་ནུག།
རྒྱ་གར་དང་མཐུན་འབྲེལ།
༆ སྤྱི་ལོ་ ༡༩༣༩ ས་ཡོས་ལོར་ འཛམ་གླིང་དམག་ཆེན་གཉིས་པ་ ལངས་པའི་སྐབས་ལུ། མི་དབང་འཇིགས་མེད་དབང་ཕྱུག་མཆོག་གིས་ བི་རི་ཊིཤ་གིས་དབང་མི་ རྒྱ་གར་རྒྱལ་ཁབ་ལུ་ དངུལ་ཀྲམ་འབུམ་ ༡ རོགས་རམ་གནང་སྟེ་ མཐུན་ལམ་དམ་ཟབ་མཛད་གནང་ནུག།
དེ་ལས་ རྒྱ་གར་གྱི་ རྒྱལ་ཁབ་དེ་ བི་རི་ཊིཤ་གི་འོག་ལས་ རང་དབང་ཐོབ་པའི་ཤུལ་ལུ་ སྤྱི་ལོ་ ༡༩༤༨ ལོར་ རྒྱ་གར་གྱི་ སྲིད་བློན་དང་པ་ ཇོ་ཝ་ཧར་ལཱལ་ ནེ་རུ་དང་ཡང་ མཐུན་ལམ་དམ་ཟབ་ བཟོ་གནང་ཐོག་ལས། ཧེ་མར་ བི་རི་ཊིཤ་གི་སྐབས་ལུ་ ལྷོ་མཚམས་རྒྱ་གཞིའི་ས་ཁྲལ་ ལོ་རེར་དངུལ་ཀྲམ་འབུམ་རེ་ཨིན་མི་དེ་ ལོ་རེར་འབུམ་ལྔ་རེར་ ཡར་སེང་གནང་སྟེ་ དཔལ་འབྱོར་ལུ་ ཕན་ཐབས་མཛད་གནང་ནུག།
འབྲུག་དངུལ་གསར་གཏོད།
༆ ཧེ་མར་ སྡེ་སྲིད་རིམ་བྱོན་ཚུ་གིས་ རྒྱལ་ཁབ་བསྐྱངས་གནང་པའི་སྐབས་ལུ་ མ་ཊམ་དང་ ཟངས་ཊམ་ཟེར་མི་ ཨ་ཙི་རེ་ལས་མེད་རུང་། སྤྱི་ལོ་ ༡༩༥༠ ལོར་ རྒྱལ་ཁབ་རང་དབང་ཨིན་པའི་ ངོ་རྟགས་ལུ་དང་། དཔལ་འབྱོར་ཡར་འཕར་གྱི་དོན་ལས་ ཏིག་ཅུང་ཟེར་ ཚད་གཞི་ཕྱེད་ཀྲམ་ ༥༠ འབད་མི་ འབྲུག་དངུལ་གྱི་ ལམ་སྲོལ་བཙུགས་གནང་ནུག།
འབྲུག་གི་དམག་སྡེ།
༆ རྒྱལ་ཁབ་སྲུང་སྐྱོབ་ཀྱི་དོན་ལས་ འབྲུག་ལུ་ དམག་སྡེ་ཅིག་ མེད་ཐབས་མེདཔ་ཅིག་ཨིན་པའི་ ཐུགས་བཞེད་གནང་སྟེ། སྤྱི་ལོ་ ༡༩༤༧ ལོར་ མཁན་རིགས་རྣམ་གསུམ་ལས་ ན་གཞོན་ ༢༣༢ དེ་ཅིག་ འཐུ་ཞིནམ་ལས། བུམ་ཐང་དབང་འདུས་ཆོས་གླིང་ཐང་ནང་ དམག་སྦྱོང་འགོ་བཙུགས་མིའི་གྲས་ལས་ དམག་མི་ ༡༥ བཙགས་འཐུ་འབད་དེ། རྒྱ་གར་གྱི་ས་གནས་ ཤི་ལོང་ལུ་ ཟླ་ངོ་ ༡༠ གི་རིང་ དམག་སྦྱོང་འབད་བར་བཏང་གནང་མི་ཚུ་ ལོག་ལྷོད་ཞིནམ་ལས་དམག་མིའི་སློབ་དཔོན་འབད་ བསྐོས་གནང་ནུག།
རྒྱ་གར་གཞུང་དང་ ཆིངས་ཡིག་བསྐྱར་གསོ།
༆ འབྲུག་རྒྱལ་ཁབ་འདི་ འཕྲལ་ཕུགས་གཉིས་ཀར་ རང་དབང་བཙན་ཐབས་ལུ་ ཧེ་མར་ བི་རི་ཊིཤ་གི་སྐབས་ལུ་ བཟོ་གནང་མི་ དོན་ཚན་ ༡༠ འབད་མི་ ཆིངས་ཡིག་དེ་ཡང་ རྒྱ་གར་གཞུང་དང་ གསུང་གྲོས་གནང་སྟེ། སྤྱི་ལོ་ ༡༨༤༩ ལོར་ བསྐྱར་གསོ་དང་ ཆ་འཇོག་གི་དོན་ལུ་ རྒྱལ་ཁབ་གཉིས་ཀྱི་ སྐུ་ཚབ་ཚུ་གི་བར་ན་ མཚན་རྟགས་བཀོད་གནང་ནུག།
ཤེས་རིག་དང་ གསོ་རིག།
༆ རྒྱལ་ཁབ་ཡར་རྒྱས་ཀྱི་རྩ་བ་ ཤེས་རིག་ཨིན་པའི་ ཐུགས་བཞེད་གནང་སྟེ་ བུམ་ཐང་དང་ ཧཱ་གི་སློབ་གྲྭ་གཉིས་ རྒྱ་བསྐྱེད་དང་། སྤ་རོ་དང་ དབང་འདུས་ཕོ་བྲང་ བཀྲ་ཤིས་སྒང་ཚུ་ལུ་ ཤེས་རིག་སློབ་གྲྭ་རེ་ གསར་བཙུགས་གནང་པའི་ཁར། གསོ་བའི་ལམ་ལུགས་ གཞི་བཙུགས་དང་། འཁོར་ལམ་བསལ་ནི་ཚུ་ཡང་ དེ་བསྒང་ལས་རང་ འགོ་བཙུགས་ཡོད་པའི་ ལོ་རྒྱུས་ཡོད་རུང་ ཤེས་བྱ་ཆུང་པའི་སྟབས་ཀྱིས་ ཡིག་ཆ་དང་ རྒྱལ་རབས་ཚུ་ནང་ མཇལ་མ་ཚུགསཔ་ལས་ ཁ་གསལ་འབད་ བཀོད་ཐབས་བྲལ་ཡོད་མི་ལུ་ བཟོད་གསོལ་བཞེས་གནང་ཟེར་ ཞུ་ནི་ཨིན།
མི་དབང་དགོངས་པ་རྫོགས་ཚུལ།
༆ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་གཉིས་པ་ མི་དབང་འཇིགས་མེད་དབང་ཕྱུག་མཆོག་གིས་ མི་ལོ་ ༢༥ གི་རིང་ལུ་ རྒྱལ་ཁབ་ཆོས་བཞིན་དུ་ བསྐྱངས་གནང་སྟེ་ བཞུགས་པའི་བསྐབས་ལུ་རྫོང་གཞིས་ཚུ་དང་ ལྷ་ཁང་དགོན་སྡེ་ མང་རབས་ཅིག་ ནང་རྟེན་དང་བཅས་པ་ ཉམས་གསོ་དང་ གསར་བཞེངས་མཛད་གནང་པའི་ཁར། སྤྱིར་ནང་པ་སངས་རྒྱས་པའི་ བསྟན་པ་རིན་པོ་ཆེ་དང་ ལྷག་པར་དུ་ དཔལ་ལྡན་འབྲུག་པའི་ བསྟན་པ་རིན་པོ་ཆེ་ འཛིན་སྐྱོང་སྤེལ་གསུམ་གྱི་དོན་ལུ་ བླམ་དང་ དགེ་བཤེས་ཚུ་ ལེ་ཤ་ཅིག་ གདན་དྲངས་གནང་སྟེ་ བཤད་སྒྲུབ་དར་རྒྱས་ མཛད་གནང་པའི་མཐར། མི་དབང་མཆོག་ དགུང་ལོ ༤༨ སྤྱི་ལོ་ ༡༩༥༢ རབ་བྱུང་ ༡༦ པའི་ ཆུ་འབྲུག་ཟླཝ་ ༡ པའི་ཚེས་ ༣༠ ལུ་ ཀུན་དགའ་རབ་བརྟན་ཕོ་བྲང་ནང་ གློ་བུར་དུ་ སྐུ་ཞི་བར་གཤེགས་ནུག།
འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་གསུམ་པ།
༆ རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ ཡབ་འབྲུག་རྒྱལ་གཉིས་པ་ འཇིགས་མེད་དབང་ཕྱུག་མཆོག་དང་ རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་མཆོག་གི་སྲས་ལུ་ རབ་བྱུང་ ༡༦ པའི་ ས་འབྲུག་ཟླཝ་ ༣ པའི་ཚེས་ ༡༣ སྤྱི་ལོ་ ༡༩༢༨ སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ ཀྲོང་གསར་ཁྲུས་སྤང་གི་ཕོ་བྲང་ནང་ མཚན་ལྟས་བཟང་པོ་དང་བཅས་པའི་སྒོ་ལས་ སྐུ་འཁྲུངས་ཏེ་བདུན་ཕྲག་ ༡ གི་རིང་ལུ་ འཁྲུངས་སྟོན་ཚུ་ཡང་ རྒྱས་པར་མཛད་ནུག།
དེ་སྦེ་ རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ རྣམ་སྤྲུལ་འཁྲུལ་མེད་ཨིན་པའི་ རྒྱུ་མཚན་དེ་ རྒྱལ་རབས་ཚུ་ནང་ ག་ཏེ་ཡང་ བཀོད་དེ་མེད་རུང་། མི་རྒན་ཤོས་ཚུ་གིས་ ཁ་རྒྱུན་ལས་ བཤད་དོ་བཟུམ་འབད་བ་ཅིན་ མི་དབང་རྒྱལ་སྲས་མཆོག་ འགོ་དང་པ་ ཡར་བཞེངས་པའི་སྐབས་ལུ་ རང་བཞིན་ལྷུན་གྱིས་གྲུབ་པའི་ ཕྱག་གྲི་ཅིག་ ཕྱག་མཁར་བཙུགས་ཏེ་ བཞེངས་ཡི་ཟེར་ཨིནམ་ད། ཕྱག་གྲི་དེ་ རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ རལ་གྲི་ལུ་ ངོས་འཛིན་ཐོག་ལས་ ད་རེས་ནངས་པར་ ཀྲོང་གསར་རྫོང་གི་ མགོན་ཁང་ནང་ མི་མང་ག་ར་གིས་ མཇལ་ཡུལ་ལུ་ཡོདཔ་མ་ཚད། མི་དབང་རྒྱལ་སྲས་མཆོག་ སྐུ་ན་ཆུང་ཀུའི་བསྒང་ལས་རང་ གཞན་དང་མ་འདྲ་བའི་ ཐུགས་རིག་མཁས་དྲགས་ཨིན་པའི་ ལོ་རྒྱུས་ཚུ་ཡང་ ཡོངས་གྲགས་བྱུང་ནུག།
དེ་ཡང་ ག་དེ་སྦེ་ཨིན་ན་ཟེར་བ་ཅིན་ ཕྱི་ནང་གི་ སྐུ་ཡོན་བཞེས་པའི་སྐབས་ལུ་ བརྡ་སྟོན་པ་ཙམ་ཅིག་གིས་ མཁྱེན་རྒྱ་ཆེ་བའི་ཁར། དེ་བསྒང་ རྩིས་ཁྲའི་རིགས་ག་ར་ མགྲོན་གཉེར་གྱིས་ སྙན་འབུལ་ཞུ་དགོཔ་ལས། མི་དབང་རྒྱལ་སྲས་མཆོག་ ཀྲོང་གསར་མགྲོན་གཉེར་གྱི་ གོ་གནས་བཞེས་ཏེ་ བཞུགས་པའི་སྐབས་ལུ། ཡབ་རྗེ་ཆོས་རྒྱལ་དམ་པར་ རྩིས་ཁྲ་ཚུ་ཞུཝ་ད་ ཟིན་བྲིས་ཙམ་ཡང་མེད་པར་ ཐུགས་འཆར་ལས་ གོ་རིམ་བཞིན་དུ་ ཞུ་ཚུགས་ཟེར་ ཧེ་མར་ ཕྱག་ཞུ་སྡོད་མི་ཚུ་གི་ ཁ་རྒྱུན་ལས་ བཤད་སྲོལ་ཡོདཔ་ཨིན།
སྐུ་ཡོན་གསན་སྦྱངས།
༆ མི་དབང་རྒྱལ་སྲས་མཆོག་གིས་ སྐུ་ན་ཆུང་ཀུ་ལས་རང་ དག་ཡིག་དང་ རྒྱལ་སྲས་ལག་ལེན་ བཤེས་སྤྲིངས་ རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ཚུ་གིས་གཙོས་པའི་ ཨིང་ལིཤ་དང་ ཧིན་དྷིའི་སྐད་ཡིག་ཚུ་ལུ་ གསན་སྦྱངས་མཛད་པའི་ཁར། རྒྱ་གར་ཀ་ལི་ཕུ་དང་ ཕྱི་གླིང་པའི་རྒྱལ་ཁབ་ ཨིང་ལེན་ཚུ་ལུ་ཡང་ ཕྱག་དཔེ་གཟིགས་པར་བྱོན་ཏེ་ ཕྱི་གླིང་པའི་སྐད་ཡིག་ ཨིང་ལིཤ་གསན་སྦྱངས་མཛད་ནུག།
དེ་ལས་ དགུང་ལོ་ ༡༤ ལས་ ཡབ་རྗེ་དམ་པའི་སྒོ་ཁར་ སྒར་ལྟོ་དམངས་དང་ དབྱེ་བ་མེད་པར་ སྒྲིག་རྒྱུག་གནང་ཡོདཔ་ད། དགུང་ལོ་ ༡༥ ལས་ མི་དབང་ཡབ་རྗེ་དམ་པའི་ སྐུ་མདུན་ལུ་ འཆང་སྒར་པའི་ སྒྲིག་རྒྱུག་གནང་ཐོག་ལས་ དཔལ་ལྡན་འབྲུག་པའི་ སྒྲིག་ལམ་རྣམ་གཞག་དང་ རྒྱལ་སྲིད་འཛིན་སྐྱོང་སྤེལ་གསུམ་ཚུ་ལུ་ གསན་གོམས་མཐར་ཕྱིན་མཛད་ནུག།
ཀྲོང་གསར་མགྲོན་གཉེར།
༆ དགུང་ལོ་ ༡༨ སྤྱི་ལོ་ ༡༩༤༥ རབ་བྱུང་ ༡༦ པའི་ ཤིང་བྱ་ལོར་ གཟའ་སྐར་དགེ་བའི་ཉིན་མར་ ཡབ་རྗེ་དམ་པ་ མི་དབང་འཇིགས་མེད་དབང་ཕྱུག་ཞབས་ལས་ གཞུང་འབྲེལ་གྱི་ ཆེས་མཐོའི་གོ་གནས་དང་པ་ ཀྲོང་གསར་མགྲོན་གཉེར་གྱི་ གོ་གནས་ཐོག་ལུ་ དཔོན་གཉིས་སྐལ་མའི་ ན་བཟའ་དམརཔོ་གནང་ཡོདཔ་ད། དེ་བསྒང་ རྟེན་འབྲེལ་ཆེ་བར་དགོངས་ཏེ་ ཀྲོང་གསར་རྫོང་ནང་ལས་ ཁྲུས་སྤང་ཕོ་བྲང་ནང་ ཆིབས་གྲལ་བཙར་ཏེ་ བྱོན་ཞིནམ་ལས་ བཞུགས་གྲལ་རྟེན་འབྲེལ་ཚུ་ རྒྱས་པར་མཛད་ནུག།
ཨིན་རུང་ སྐུ་ཡོན་འཕྲོ་མཐུད་གཟིགས་ནི་གི་ ཐུགས་བཞེད་གནང་སྟེ་ རྒྱ་གར་ཀ་ལི་ཕུ་ སློབ་གྲྭའི་ནང་ བྱོན་ཞིནམ་ལས་ ཨིང་ལིཤ་འཕྲོ་མཐུད་ གཟིགས་གནང་ཡོདཔ་མ་ཚད། ཕྱི་གླིང་པའི་རྒྱལ་ཁབ་ ཨིང་ལེན་ལུ་ཡང་ སྐུ་ཡོན་ཧེང་བཀལ་གཟིགས་པར་ བྱོན་ཞིནམ་ལས་ དཀའ་སྤྱད་ཀྱི་ངང་ལུ་ ཕྱི་གླིང་པའི་སྐད་ཡིག་ ཨིང་ལིཤ་མཐར་ཕྱིན་མཛད་པའི་ཁར། སློབ་གྲྭ་ངལ་གསོའི་སྐབས་ལུ་ མགྲོན་གཉེར་གྱི་ ཕྱག་ལཱ་མཛད་ནི་དང་ ཕྱག་དཔེ་གཟིགས་དགོཔ་ལ་སོགས་པའི་ གནད་ལུ་བརྟེན་ཏེ་ ཡུདཔ་ཐེངས་ཅིག་ཡང་ ཐུགས་སྤྲོའི་ངང་ལུ་ བཞུགས་ནི་མེདཔ་ཨིན་ཟེར་ མི་དབང་འབྲུག་རྒྱལ་གཉིས་པའི་ འབོད་སྒརཔ་ཚུ་གི་ ཁ་རྒྱུན་ལས་ བཤདཔ་ཨིན་པས།
སྤ་རོ་དཔོན་སློབ།
༆ དགུང་ལོ་ ༢༣ སྤྱི་ལོ་ ༡༩༥༠ ལྕགས་སྟག་ལོར་ མི་དབང་བརྒྱུད་འཛིན་གྱི་ རྒྱལ་སྲས་མཆོག་ རིན་སྤུངས་དཔོན་སློབ་ཀྱི་ གོ་གནས་ལུ་ མངའ་གསོལ་མཛད་ཡོད་རུང་། དེ་བསྒང་ དགའ་སྟོན་རྟེན་འབྲེལ་ རྒྱ་ཆེར་མཛད་པའི་སྐོར་ལས་ རྒྱལ་རབས་ཚུ་དང་ ཡིག་ཆ་ཚུ་ནང་ མཐོང་རྒྱ་ཆུང་བས་ བཀོད་ཐབས་བྲལ།
ཨིན་རུང་ དཔལ་འབྲུག་ཞིབ་འཇུག་ལྟེ་བ་གིས་ བརྩམས་སྒྲིག་འབད་མི་ རྟོགས་བརྗོད་ནང་ བཀོད་དོ་བཟུམ་འབད་བ་ཅིན། སྤ་རོ་ལུ་ རིན་སྤུངས་རབ་སྡེའི་ བླ་སློབ་དང་ དཔོན་ཁག་ མི་སེར་གཙོ་ཅན་ཚུ་གིས་ སྔར་སྲོལ་མ་ཉམས་ཙམ་ཅིག་གི་ རྟེན་འབྲེལ་མདོར་བསྡུས་ཅིག་ བརྩི་སྲུང་མཛད་པའི་ ལོ་རྒྱུས་འདུག་ཟེར་ཨིན་པས།
རྒྱལ་བཙུན་བཀྲ་ཤིས་མངའ་གསོལ།
༆ དགུང་ལོ་ ༢༤ སྤྱི་ལོ་ ༡༩༥༡ ལུ་ ཆོས་བློན་བརྒྱུད་འཛིན་ གོང་གཟིམ་ཀ་ཇི་ཨོ་རྒྱན་རྡོ་རྗེའི་སྲས་ གོང་གཟིམ་བསོད་ནམས་སྟོབས་དང་ རཱ་ནི་ཆོས་དབྱིངས་དབང་མོའི་སྲསམོ་ཆུང་ཤོས་ ཨ་ཞེ་སྐལ་བཟང་ཆོས་སྒྲོན་མཆོག་ བཙུན་མོར་ཁབ་ཏུ་བཞེས་པའི་ བཀྲ་ཤིས་མངའ་གསོལ་ ཕུན་སུམ་ཚོགས་པར་མཛད།
དེ་ཡང་ མི་དབང་རྒྱལ་བཙུན་ ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་མཆོག་གིས་ ཆེད་མངགས་མཛད་དེ་ བུམ་ཐང་ཐར་པ་གླིང་ལས་ ཆོས་བྲག་བླམ་ རིན་ཆེན་རྡོ་རྗེ་གིས་གཙོས་པའི་ དགེ་སློང་ཞལ་གྲངས་ ༡༠ དེ་ཅིག་དང་། རིན་སྤུངས་རབ་སྡེའི་ བླ་སློབ་དང་ དགེ་སློང་ཚུ་གིས་ སྤ་རོ་ཨོ་རྒྱན་དཔལ་རི་ཕོ་བྲང་ནང་ ག་ནི་བ་ ཕུན་སུམ་ཚོགས་པའི་ བཅའ་སྒྲིག་རྒྱས་པར་རྐྱབ་སྟེ་ མི་དབང་རྒྱལ་སྲས་ སྤ་རོ་དཔོན་སློབ་མཆོག་དང་ ལྷ་ལྕམ་མཆོག་ ཕོ་བྲང་གི་སྒོ་ཁར་ བགེགས་བསྐྲད་དང་བཅས་པའི་སྒོ་ལས་ ཕོ་བྲང་ནང་ དབུ་འཕངས་མཐོ་བའི་ གསེར་ཁྲི་གུ་ གདན་འདྲེན་ཞུ་བའི་ཤུལ་ལུ། བཀྲ་ཤིས་རྫས་བརྒྱད་དང་ བཀྲ་ཤིས་རྟགས་བརྒྱད་ལ་སོགས་པའི་ སྐུ་གསུང་ཐུགས་རྟེན་ཚུ་ ཕུལ་ཐོག་ལས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་རིམ་པར་མཛད་ནུག།
དེ་ལས་ གླུ་གར་དང་ རྩེད་རིགས་ལ་སོགས་པའི་ དགའ་སྟོན་སྣ་ཚོགས་དང་། བཟའ་འཐུང་ལོངས་སྤྱོད་ཚུ་ གང་ལ་གང་འདོད་གནང་སྟེ། རྒྱལ་ཁབ་ཕྱི་ནང་གི་ སྐུ་མགྲོན་ཚུ་དང་ མི་སེར་ག་ར་ ཉིན་ཞག་ལེ་ཤ་ཅིག་གི་རིང་ལུ་ ཚིམས་པར་མཛད་ཡོདཔ་ད། དེ་བསྒང་ མི་དབང་ཡབ་རྗེ་མཆོག་གིས་ བུམ་ཐང་ལུ་ཡང་ དགའ་སྟོན་བརྩི་སྲུང་ མཛད་གནང་ཡི་ཟེར་ཨིན་པས།
མི་དབང་ཡབ་རྗེ་དམ་པའི་དགོངས་རྫོགས།
༆ སྤྱི་ལོ་ ༡༩༥༢ རབ་བྱུང་ ༡༦ པའི་ ཆུ་འབྲུག་ཟླཝ་ ༡ པའི་ཚེས་ ༣༠ ལུ་ ཀུན་དགའ་རབ་བརྟན་ཕོ་བྲང་ནང་ མི་དབང་འཇིགས་མེད་དབང་ཕྱུག་མཆོག་ གློ་བུར་དུ་ དགོངས་པ་རྫོགས་ཡོདཔ་ད། དེ་བསྒང་ མི་དབང་བརྒྱུད་འཛིན་གྱི་རྒྱལ་སྲས་ སྤ་རོ་དཔོན་སློབ་མཆོག་ ད་རུང་ཡང་ ཕྱི་རྒྱལ་ལུ་ ཕྱག་དཔེ་ཧེང་བཀལ་གཟིགས་པར་ བྱོན་པའི་གུ། ལྷ་ལྕམ་ཨ་ཞེ་སྐལ་བཟང་ཆོས་སྒྲོན་མཆོག་ལུ་ སྐུ་འཁྲུངས་ནི་ཡོདཔ་ལས་ མི་དབང་རྒྱལ་བཙུན་ ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་མཆོག་ཡང་ ཀ་ལི་ཕུ་ལུ་ ལྷ་ལྕམ་གྱི་ མཐའ་སྐྱོང་མཛད་པར་བྱོན་ཏེ་ རྒྱལ་ཁབ་ནང་ མ་བཞུགསཔ་ཨིན་པས།
དེ་སྦེ་ ཡབ་རྗེ་དམ་པ་ དགོངས་པ་རྫོགས་པའི་ གནས་ཚུལ་སྙན་མ་ཐག་ཏུ་ མི་དབང་རྒྱལ་སྲས་མཆོག་ ཉི་ནུབ་སྦྱེལ་ཏེ་ རྒྱལ་ཁབ་ནང་ བྱོན་ཞིནམ་ལས་ དགོངས་རྫོགས་རྒྱ་ཆེར་ བསྒྲུབས་གནང་པའི་ཁར། བོད་འབྲུག་གི་ ལྷ་ཁང་རྩ་ཅན་ཡོད་ཚད་ལུ་ དཀར་མེ་སྟོང་མཆོད་དང་ བླ་སྤྲུལ་ཚུ་ལུ་ བསྔོ་རྟེན་ཚུ་ཡང་ ཕུལ་གནང་ཡོདཔ་མ་ཚད། སྤུངས་ཐིམ་གྲྭ་ཚང་ནང་ གསེར་ལྗང་བརྡུངས་ཀྱི་ མཎྜལ་དང་། མཆོད་རྟིང་། གོས་ཆེན་གྱི་འཆམ་བགོ། སྒོམ་ཞྭ། བེར་ལ་སོགས་པ་དང་། རྒྱ་ཚམ་རུ་ཁག་ཚུ་ཡང་ ཕུལ་གནང་ནུག།
དེ་ལས་ མི་དབང་ཞིང་གཤེགས་མཆོག་གི་སྐུ་སྤུར་ བུམ་ཐང་སྐུ་རྗེས་ལུ་ གདན་འདྲེན་ཞུ་སྟེ། རང་ཟླ་ ༥ པའི་ཚེས་ ༢༥ ལུ་ ལྷ་ལུང་གསུང་སྤྲུལ་ ངག་དབང་ཆོས་ཀྱི་རྒྱལ་མཚན་དང་། གཞུང་དགེ་འདུན་གྲྭ་ཚང་གི་ རྗེ་མཁན་ཁྲི་རབས་ ༦༡ པ་ བསམ་གཏན་རྒྱ་མཚོ་མཆོག་གིས་ དབུ་གཙོས་པའི་ བླ་སྤྲུལ་དང་། གྲྭ་ཚང་དང་ དགོན་སྡེ་ཁག་གི་ བླམ་དང་ སློབ་དཔོན་ དགེ་འདུན་འདུས་པ་ཚུ་གིས་ སྤུར་ཁང་གི་ཕྱོགས་བཞི་ལས་ གསུང་ཆོག་གནང་ཐོག་ལུ་ སྤུར་སྦྱངས་རྒྱས་པར་མཛད་ནུག།
རྒྱལ་རབས་གསུམ་པའི་ གསེར་ཁྲིར་མངའ་གསོལ།
༆ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ དགུང་ལོ་ ༢༥ སྤྱི་ལོ་ ༡༩༥༢ རབ་བྱུང་ ༡༦ པའི་ ཆུ་འབྲུག་ཟླཝ་ ༨ པའི་ཚེས་ ༡༩ ལུ་ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་མར། སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ བཞུགས་གྲལ་ཕུན་སུམ་ཚོགས་པ་དང་བཅས་པའི་སྒོ་ལས་ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་གསུམ་པའི་གསེར་ཁྲིར་ མངའ་གསོལ་ཞུ་བའི་ རྟེན་འབྲེལ་མདོར་བསྡུས་ཅིག་ མཛད་གནང་སྟེ། དེ་ཚེ་རང་ སྤ་རོ་ཁ་ཐུག་ལུ་ ཆིབས་བསྐྱོད་གནང་པའི་ཞོར་ཁར་ ཐིམ་ཕུ་ལུ་ ཕོ་བྲང་རྐྱབ་གནང་ནིའི་དོན་ལས་ ས་གཞི་གཟིགས་པར་ བྱོན་ཡོདཔ་བཞིད་དུ་ དེ་བསྒང་ དཀར་ཞིང་ནང་ཟེར་ སླབ་སྲོལ་ཡོད་མི་ བདེ་ཆེན་ཆོས་གླིང་ལུ་ ཕོ་བྲང་རྐྱབ་གནང་ནི་འབད་ ཐུགས་ཐག་བཅད་ནུག།
སྤྱི་ལོ་ ༡༩༥༢ ཆུ་འབྲུག་ཟླཝ་ ༩ པའི་ཚེས་ ༩ ལུ་ གཟའ་སྐར་དགེ་བའི་ཉིན་མར་ སྤ་རོ་ལུ་ རྟེན་འབྲེལ་རྒྱས་པ་ མཛད་གནང་པའི་སྐབས་ལུ། སྤུངས་ཐིམ་དགེ་འདུན་གྲྭ་ཚང་ལས་ རྗེ་མཁན་མཆོག་གིས་ དབུ་གཙོས་པའི་ སློབ་དཔོན་བཞི་དང་། ཆོས་སྡེ་ཁག་གི་བླ་སློབ། སྤྱི་བླ་དང་ རྫོང་གཞི་ཁག་གི་རྫོང་དཔོན། དེ་ལས་ གཞན་ཡང་ རྒྱ་གར་གཞུང་གི་སྐུ་ཚབ་ བི་ཀེ་ཀ་པུར་མཆོག་དང་ འབྲས་ལྗོངས་ཀྱི་རྒྱལ་སྲས་ དཔལ་ལྡན་དོན་གྲུབ་རྣམ་རྒྱལ་ལ་སོགས་པ་ ཕྱི་རྒྱལ་གྱི་ སྐུ་མགྲོན་ལེ་ཤ་ཅིག་ བཟའ་བཏུང་ལོངས་སྤྱོད་དང་ ཟློས་གར་ལ་སོགས་པའི་ སྤྲོ་སྟོན་ལས་རིམ་སྣ་ཚོགས་ཀྱིས་ ཚིམས་པར་མཛད་ནུག།
དེ་བཟུམ་མའི་ དགའ་སྟོན་རྟེན་འབྲེལ་ཚུ་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ མཛད་གནང་པའི་ཤུལ་ལུ། ལྷ་ལྕམ་སྐལ་བཟང་ཆོས་སྒྲོན་མཆོག་དང་ རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་མཆོག་ སྨན་བཅོས་ཐུན་རྐྱེན་གྱི་དོན་ལས་ ཀ་ལི་ཕུ་ལུ་ ཆིབས་བསྐྱོད་གནང་སྟེ་ ཧཱ་ལུ་ཕེབས་ད། སྐུ་མངལ་ནང་ ཟླ་ངོ་ ༨ ལངས་མི་ ལྷ་སྲས་མཆོག་ སྐྱེ་འགྲོའི་བསོད་ནམས་ཀྱིས་ མ་ཐེག་པར་ སྤང་གི་མེ་ཏོག་ ཡལ་དོ་བཟུམ་མའི་ མངལ་ཤོར་བྱུངམ་ལས་ ལྷ་སྲས་དམ་པའི་ སྐུ་ཕུང་དེ་ སྤ་ལོ་ལུ་ གདན་འདྲེན་ཞུ་ཡོད་རུང་། ལྷ་ལྕམ་མཆོག་ སྙུང་གཞི་མ་དྭངས་ནི་དེ་གིས་ རྒྱལ་ཡུམ་དང་བཅས་པ་ ཧཱ་ལས་འཕྲང་སྟེ་ ཀ་ལི་ཕུ་ལུ་བྱོན་པའི་ ལོ་རྒྱུས་ཨིན་པས།
མི་དབང་སྲས་སྲོས་འཁྲུངས་ཚུལ།
༆ སྤྱི་ལོ་ ༡༩༥༣ ཆུ་སྦྲུལ་ལོར་ མི་དབང་རྒྱལ་སྲསམོ་ ཨ་ཞེ་བསོད་ནམས་ཆོས་སྒྲོན་དབང་ཕྱུག་དང་། སྤྱི་ལོ་ ༡༩༥༤ ཤིང་རྟ་ལོར་ ཨ་ཞེ་བདེ་ཆེན་དབང་མི་དབང་ཕྱུག། སྤྱི་ལོ་ ༡༩༥༥ ཤིང་ལུག་ལོར་ བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ མི་དབང་འཇིགས་མེད་སེངྒེ་དབང་ཕྱུག། སྤྱི་ལོ་ ༡༩༥༩ ས་ཕག་ལོར་ ཨ་ཞེ་པདྨ་ལྷ་སྒྲོད་དབང་ཕྱུག། སྤྱི་ལོ་ ༡༩༦༡ ལུ་ ཨ་ཞེ་སྐལ་བཟང་དབང་མོ་དབང་ཕྱུག་ཚུ་ རིམ་པ་བཞིན་དུ་ སྐུ་འཁྲུངས་ནུག།
རྒྱལ་ས་སྤོ་བཤུད།
༆ མི་དབང་ཡབ་མེས་རྣམ་གཉིས་ཀྱིས་ རྒྱལ་ཁབ་ཀྱི་ཆབ་སྲིད་ བུམ་ཐང་དང་ ཀྲོང་གསར་གཉིས་ལུ་ བཞུགས་ཐོག་ལས་ བསྐྱངས་གནང་ཡོད་རུང་། མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ ཧེ་མར་ སྡེ་སྲིད་རིམ་བྱོན་ཚུ་གིས་ དབྱར་གྱི་བཞུགས་གནས་མཛད་དེ། བསྟན་སྲིད་བསྐྱངས་པའི་ འབྲུག་གི་རྒྱལ་ས་གཉིས་པ་དང་ གཞུང་དགེ་འདུན་གྲྭ་ཚང་ལྟེ་བའི་ དབྱར་གྱི་བཞུགས་གནས་ཡང་ཨིནམ་ལས། རྒྱལ་ཁབ་འདི་ ཆོས་སྲིད་ཟུང་འབྲེལ་ཐོག་ལུ་ བསྐྱངས་གནང་ནིའི་དོན་ལས་ བྱ་སྟབས་བདེ་བའི་ གནས་ལུ་གཟིགས་ཏེ་ ཐིམ་ཕུ་བཀྲ་ཤིས་རྫོང་ནང་ ལོག་སྟེ་རང་ སྤོ་བཤུད་ཀྱིས་ སྤྱི་ལོ་ ༡༩༥༣ ཆུ་སྦྲུལ་ལོར་ བདེ་ཆེན་ཆོས་གླིང་གི་ ཕོ་བྲང་གསར་བཞེངས་མཛད་ནུག།
ཆབ་སྲིད་ཀྱི་ལམ་ལུགས་བསྒྱུར་བཅོས།
༆ ཧེ་མར་ རྒྱལ་པོའི་སྒོ་ཁར་ དྲུང་ཡིག་ ༥ དེ་ཅིག་གིས་ བཀའ་ཤོག་བྲིས་ནི་དང་། རྒྱལ་ཁབ་ཀྱི་ འོང་འབབ་དང་ ཟད་རྩིས་བཏོན་ནི་ཚུ་མ་ཚད། མི་སེར་ཚུ་ མ་འགྲིགས་པར་ རྒྱལ་པོའི་ཞབས་སར་ ཐུག་མི་ཚུ་གི་ བདེན་རྫུན་གྱི་ དབྱེ་དཔྱད་ཚུ་ཡང་ དྲུང་ཡིག་ཚུ་གིས་ ལག་ལེན་འཐབ་དོ་ཡོདཔ་ད། དེ་ཡང་ དུས་ཚོད་ཟེརཝ་མེད་པར་ དྲོ་པར་གཟིམ་ཅུང་གི་ སྒོ་བཏང་ཞིནམ་ལས་ ཕྱི་རོ་གཟིམ་ཅུང་གི་ སྒོ་མ་བསྡམས་ཚུན་གྱི་རིང་ལུ་ སྒོ་ཁར་སྡོད་དགོཔ་ཨིན་པས།
ཨིན་རུང་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ གསེར་ཁྲིར་ཕེབས་མ་ཐུག་ཏུ་ རྫོང་ཁག་ཚུ་ལས་ འོང་འབབ་དང་ ཟད་རྩིས་ཚུ་གི་རྩིས་ཁྲ་ རྒྱལ་པོའི་ཡིག་ཚང་ནང་ ཞུ་སྲོལ་ཡོད་མི་དེ་ བསྒྱུར་བཅོས་གནང་སྟེ། རྒྱལ་རྩིས་ཁ་ལོ་བ་ཟེར་མི་ རྩིས་ཁང་ལྟེ་བ་ཅིག་ གཞི་བཙུགས་གནང་མི་ རྩིས་ཁང་དེ་ནང་ གཞུང་ལས་ རྩིས་དཔོན་ཅིག་ བསྐོས་གནང་པའི་གུ་ གཞུང་གྲྭ་ཚང་དང་ མི་སེར་གྱི་ ཁ་ཐུག་ལས་ཡང་ སྐུ་ཚབ་རེ་ བསྐོ་བཞག་གནང་ནུག།
རྒྱལ་པོའི་དྲུང་ཡིག་ཚུ་ཡང་ སྒོ་ཁར་སྡོད་མ་དགོ་པར་ རྒྱལ་པོའི་མགྲོན་གཉེར་གྱི་ འགོ་འདྲེན་ཐོག་ལུ་ རྒྱལ་པོའི་ཡིག་ཚང་ ལོགས་སུ་བཙུགས་གནང་སྟེ། རྒྱལ་པོའི་བཀའ་དང་བསྟུན་པའི་ ལཱ་འབད་ནི་རྐྱངམ་ཅིག་ལས་ རྩོད་བཤེར་ཚུ་ཡང་ ཕྱེ་མ་དགོ་པར། རྫོང་ཁག་རེར་ ཁྲིམས་དཔོན་རེ་ བསྐོ་བཞག་གནང་སྟེ་ རང་སོའི་རྫོང་ཁག་ནང་ རྩོད་བཤེར་ཚུ་ག་ར་ ཁྲིམས་དཔོན་ཚུ་གིས་ ཕྱེ་སྲོལ་ཡོདཔ་ཨིན་རུང་། དྲང་ཁྲིམས་མ་ཐོབ་པར་ ཁེ་རྒུད་མ་བཏུབ་པའི་ རིམ་པ་རེ་ ཤར་བ་ཅིན་ ནམ་རང་འབད་རུང་ མི་དབང་ཞབས་སར་ བཅར་ཆོག་པའི་ བཀའ་དྲིན་བསྐྱངས་གནང་ནུག།
ཧེ་མར་ སྡེ་སྲིད་རིམ་བྱོན་ཚུ་ལས་ འབྲུག་རྒྱལ་གཉིས་པ་ཚུན་གྱི་ སྐུ་རིང་ལུ་ དགུང་ཞག་རྫོང་ནང་རང་ བཞུགས་མི་དེ་ གཙོ་བོ་རང་ ནང་འཁྲུག་ལ་སོགས་པའི་ སྲུང་སྐྱོབ་བཙན་ཐབས་ལུ་ཨིན་པས། དེ་ཡང་ ག་དེ་སྦེ་ཨིན་ན་ཟེར་བ་ཅིན་ དེ་བསྒང་ རྫོང་གི་མ་སྒོ་སྲུང་མིའི་ འགོ་བདག་དེ་ སྒོ་ར་པ་ཟེར་ རང་གིས་ཐུགས་གཏད་ཚུགས་མི་ དཔོན་ཁག་ཅིག་ བསྐོ་བཞག་གནང་སྟེ། སྒོ་ར་པ་དེ་གིས་ ཕྱི་རོ་གཟིམ་ཅུང་སྒོ་བསྡམས་པའི་ དུས་ཚོད་ལུ་ རྫོང་གི་མ་སྒོར་ ལྡེ་མིག་རྐྱབ་སྟེ་ ལྡེ་མིག་བུ་དེ་ རྒྱལ་པོའི་ཕྱག་ལུ་ ཕུལ་ཞིནམ་ལས། དྲོ་པ་གཟིམ་ཅུང་སྒོ་བཏངམ་ད་ རྒྱལ་པོའི་ཕྱག་ལས་ཞུ་སྟེ་ རྫོང་སྒོ་ཕྱེ་ནི་གི་ ལམ་ལུགས་ཡོད་མི་ཚུ་ ཆ་མེད་མཛད་དེ་ རྫོང་གི་ཕྱི་ཁར་ ཕོ་བྲང་ནང་ བཞུགས་ནི་གི་ ལམ་སྲོལ་གསར་གཏོད་མཛད་ནུག།
འབྲུག་རྒྱལ་ཡོངས་ཚོགས་འདུ་ཆེན་མོ།
༆ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ སྤྱི་ལོ་ ༡༩༥༣ ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ གསར་གཏོད་མཛད་དེ། རྒྱལ་ཁབ་ཀྱི་ གནད་དོན་གལ་ཅན་རིགས་ གྲོས་ཐག་བཅད་ནི་གི་ དབང་ཚད་ག་ར་ ཚོགས་འདུ་ཆེན་མོར་ གནང་པ་ལུ་བརྟེན་ཏེ། ཤུལ་ལས་ རྒྱལ་ཁབ་ནང་ ལོ་ལྔའི་གོང་འཕེལ་འཆར་གཞི་ འགོ་བཙུགས་གནང་པའི་སྐབས་ལུ་ བྱ་སྟབས་མ་བདེཝ་ཐོན་ཏེ་ ཐུགས་དོགས་བྱུང་པའི་ ལོ་རྒྱུས་ཚུ་ དཔལ་འབྲུག་ཞིབ་འཇུག་ལྟེ་བ་གིས་ རྩོམ་བྲིས་འབད་མི་ མི་དབང་འབྲུག་རྒྱལ་གསུམ་པའི་ རྟོགས་བརྗོད་ནང་ ཁ་གསལ་སྦེ་ བཀོད་དེ་འདུག།
བློ་གྲོས་ཚོགས་སྡེ།
༆ མི་དབང་ཞབས་ལས་ བསྟན་སྲིད་གལ་ཅན་གྱི་རིགས་ བཀའ་མོལ་གནང་ས་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཡོད་རུང་ ཚོགས་འདུ་དེ་ ལོ་རེར་ལན་ཐེངས་གཉིས་རེ་མ་གཏོགས་ འཚོགས་མ་ཚུགས་པའི་ དཀའ་ངལ་ལུ་བརྟེན་ཏེ། གློ་བུར་དུ་ དགོས་གལ་ཆེ་བའི་ བཀའ་མོལ་གནང་དགོཔ་ བྱུང་པའི་སྐབས་ལུ་ ཕན་ནིའི་དོན་ལས། སྤྱི་ལོ་ ༡༩༦༥ རབ་བྱུང་ ༡༦ པའི་ ཤིང་སྦྲུལ་ལོར་ གཞུང་དགེ་འདུན་གྲྭ་ཚང་གི་འཐུས་མི་དང་། རབ་སྡེའི་འཐུས་མི། དཔོན་ཁག་གི་འཐུས་མི། ཤར་ཕྱོགས་མི་སེར་གྱི་འཐུས་མི། ལྷོ་མཚམས་མི་སེར་གྱི་འཐུས་མི། ནུབ་ཕྱོགས་མི་སེར་གྱི་འཐུས་མི། དབུས་ཕྱོགས་མི་སེར་གྱི་འཐུས་མི་བཅས་པའི་ ཚོགས་འདུའི་སྙིང་བཅུད་ བློ་གྲོས་ཚོགས་སྡེ་ གཞི་བཙུགས་གནང་ནུག།
རྒྱ་གར་དང་མཐུན་འབྲེལ།
༆ རྒྱ་གར་གཞུང་གིས་ མགྲོན་བརྡ་ཕུལཝ་བཞིན་དུ་ མི་དབང་མངའ་བདག་རིན་པོ་དང་ མི་དབང་རྒྱལ་བཙུན་མཆོག་ སྤྱི་ལོ་ ༡༩༥༤ ལོར་ རྒྱལ་གར་གྱི་རྒྱལ་ས་ ལྡི་ལི་ལུ་ གཞུང་དོན་གཟིགས་སྐོར་གནང་པར་ བྱོན་ཡོདཔ་བཞིན་དུ། རྒྱ་གར་གྱི་སྲིད་འཛིན་ རཱ་ཇེན་དྷ་ར་ པར་སཱད་དང་ སྲིད་འཛིན་འོག་མ་ རཱ་དྷ་ཀི་རིཤ་ན་གིས་གཙོས་པའི་ སྲིད་བློན་ནེ་རུ་དང་ གཞུང་གི་ཆེས་མཐོའི་འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་དེ་ རྒྱལ་ཁབ་ ༢ ཀྱི་བར་ན་ མཐུན་ལམ་རྒྱ་བསྐྱེད་དང་ དམ་ཟབ་མཛད་གནང་ནུག།
དེ་ལས་ མི་དབང་མཆོག་གིས་ མགྲོན་བརྡ་གནང་སྟེ་ སྤྱི་ལོ་ ༡༩༥༨ ལོར་ རྒྱ་གར་གྱི་སྲིད་བློན་ ཇོ་ཝ་ཧཱ་ལཱལ་ ནེ་རུ་མཆོག་ སྲསམོ་ཨིན་དྷ་ར་ གཱན་དྷི་དང་བཅས་པ་ འབྲུག་རྒྱལ་ཁབ་ནང་ གཞུང་དོན་གཟིགས་སྐོར་གནང་པར་ བྱོན་པའི་སྐབས་ལུ་ མགྲོན་སྐྱོང་གང་དྲག་མཛད་དེ་ མཐུན་ལམ་གྱི་ གཞི་འགྱམ་སྒྲིང་སྒྲིང་ བཙུགས་གནང་ནུག།
མི་སེར་གྱི་སྐྱིད་སྡུག་དང་ ཁྲལ་འབུལ་བསྒྱུར་བཅོས།
༆ སྤྱི་ལོ་ ༡༩༥༥ ལོར་ རྒྱལ་ཁབ་ནང་ སྔར་སྲོལ་ཁྲལ་དང་ འུར་ལཱ་ལ་སོགས་པ་ཚུ་ མི་སེར་ལུ་ བརྡབ་གསིག་ཆེ་བའི་རིགས་ཚུ་ ག་ནི་ཡང་ རྒྱུག་མ་དགོ་པའི་ སྐྱིད་སྡུག་དགོངས་ཡངས་དང་། རྒྱུ་དངོས་ཀྱི་ཐོག་ལས་ ཁྲལ་འབུལ་གྱི་རིགས་ག་ར་ དངུལ་ཁྲལ་ལུ་ བསྒྱུར་བཅོས་མཛད་གནང་པའི་ཁར། མི་དྲག་ཞན་དང་ རིགས་བརྒྱུད་ཀྱི་ དབྱེ་བ་ཕྱེ་སྲོལ་ཡོད་མི་ཚུ་ཡང་ ཆ་མེད་གནང་ཐོག་ལས་ བཟའ་བྲན་ཚུ་ ཚེ་གཡོག་ལས་གྲོལ་ཏེ་ མི་ཚེ་རང་དབང་འདྲ་མཉམ་ཐོག་ལུ་ འཚོ་སྐྱོང་འཐབ་ཆོག་པའི་ ཁེ་དབང་དང་ ས་ཞིང་གི་ སྐྱིད་སྡུག་ཚུ་གནང་སྟེ་ མི་སེར་བདེ་བར་བཀོད་གནང་ནུག།
སྤྱི་ལོ་ ༡༩༥༧ ལོར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དཔོན་གཡོག་ ༡༥༠ དང་བཅས་པ་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ འགོ་དང་པ་ གཟིགས་སྐོར་གནང་པར་བྱོན་ཡོདཔ་ད། དེ་སྦེ་ གཟིགས་སྐོར་གནང་པར་ བྱོན་དགོ་པའི་ གནད་དོན་གཙོ་བོ་རང་ དང་པར་དུ་ མི་སེར་ཚུ་ལུ་ ཁྲལ་འཐུས་འུར་ལཱ་ལ་སོགས་པ་ཚུ་ རྫོང་ཁག་གཅིག་མཚུངས་ཡོད་མེད་ ཚུལ་བཞིན་དུ་ མཁྱེན་ཐབས་ལུ་དང་། གཉིས་པ་ རྒྱལ་ཁབ་ནང་ སྔར་དང་མ་འདྲ་བའི་ ཡར་རྒྱས་གོང་འཕེལ་གྱི་ འཆར་གཞི་ཚུ་ གཞི་བཙུགས་གནང་ནིའི་དོན་ལས་ ས་རྒྱ་ཆེ་ཆུང་དང་ བྱ་སྟབས་བདེ་མིན་ཚུ་ གཟིགས་ཐབས་ལུ་ཨིན་པས།
ལོ་ལྔའི་གོང་འཕེལ་འཆར་གཞི།
༆ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ ལོ་ངོ་ལེ་ཤ་ཅིག་གི་རིང་ལུ་ ཉིན་མཚན་མེད་པར་ འཆར་གཞི་བརྩམས་གནང་པའི་མཐར། རྒྱ་གར་གཞུང་ལས་ རྒྱུ་སྦུང་གཉིས་ཀྱི་ རོགས་རམ་བཞེས་ཐོག་ལས་ སྤྱི་ལོ་ ༡༩༦༡ ལོར་ ལོ་ལྔའི་གོང་འཕེལ་འཆར་གཞི་དང་པ་ འགོ་བཙུགས་གནང་པའི་སྐབས་ལུ། རྒྱལ་ཁབ་ནང་ ཕྱི་གླིང་པའི་ སྐད་ཡིག་ཤེས་མི་ དག་པ་ཅིག་ལས་ མེད་པའི་ཁར། གོང་འཕེལ་ལས་རིམ་ནང་ ཉམས་མྱོང་ཅན་གྱི་ མི་སྟོབས་ཡང་མེདཔ་ལས་ གོང་འཕེལ་ལས་ཁུངས་ཀྱི་ གཙོ་འཛིན་ལུ་ འབྲས་ལྗོངས་ལས་ བཱ་ན་ཨ་ཐིང་ཟེར་མི་ བསྐོ་བཞག་དང་། ཡིག་ཚང་ནང་ ལཱ་འབད་མི་ཚུ་ཡང་ ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་དང་ འབྲས་ལྗོངས་ཚུ་ལས་ ལས་མི་འཚོལ་ཏེ་ བཙུགས་གནང་ནི་དེ་གིས་ འབྲུག་མི་ཚུ་གིས་ རྒྱལ་ཁབ་འདི་ རྒྱ་གར་གྱི་འོག་ལུ་ བཙུགས་ནི་གི་ དཔའ་བཅམ་མས་ཟེར་བའི་ ཁ་བཏང་མི་རེ་ཡང་ ཐོན་ཡོདཔ་ཨིན་པས།
སྤ་རོ་ལུ་ གཞི་བཙུགས་གནང་མི་ གོང་འཕེལ་ལས་ཁུངས་ཀྱི་འོག་ལུ་ ཤེས་རིག་སྡེ་ཚན་དང་། གསོ་བའི་སྡེ་ཚན། སོ་ནམ་སྡེ་ཚན། སྒོ་ནོར་སྡེ་ཚན། ལམ་སེལ་སྡེ་ཚན། འགྲེམ་དང་ ལྕགས་འཕྲིན་ རླུང་འཕྲིན་སྡེ་ཚན། གློག་མེ་སྡེ་ཚན། ནགས་ཚལ་སྡེ་ཚན་ཚུ་ རིམ་པ་བཞིན་དུ་ གཞི་བཙུགས་གནང་ནུག།
ཤེས་རིག་སྡེ་ཚན།རྒྱལ་ཁབ་གོང་འཕེལ་གྱི་རྩ་བ་ ཤེས་རིག་ཨིན་པའི་ ཐུགས་བཞེད་གནང་སྟེ་ ཤེས་རིག་ཡོན་ཏན་འདི་ རྒྱ་ཆེར་སྤེལ་ཐབས་ལུ་ རྒྱལ་ཁབ་མཐའ་དབུས་གེ་རའི་ནང་ སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ མང་རབས་ཅིག་ རིམ་པ་བཞིན་དུ་ གསར་བཙུགས་གནང་པའི་ཁར། བསམ་རྩེ་ལུ་ སློབ་དཔོན་སློབ་སྦྱོང་སྤེལ་ཁང་ཚུ་ཡང་ གཞི་བཙུགས་གནང་པའི་ བཀའ་དྲིན་ལུ་བརྟེན་ཏེ། ད་རེས་ནངས་པར་ གཞུང་སྒེར་ལས་སྡེ་ག་ར་ འབྲུག་མི་རང་རྐྱང་གིས་ ལག་ལེན་འཐབ་བཞིན་དུ་ཡོདཔ་ཨིན།
དེ་བཟུམ་སྦེ་ ནང་པའི་རིག་གཞུང་ཚུ་ཡང་ མི་ཉམས་གོང་འཕེལ་གྱི་དོན་ལས་ རིག་གཞུང་སློབ་གྲྭ་ཅིག་ དགོས་མཁོ་ཆེ་བའི་ གནད་ལུ་གཟིགས་ཏེ། ཀ་ལི་ཕུ་ལས་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ གདན་འདྲེན་ཐོག་ལས་ སྤྱི་ལོ་ ༡༩༦༡ ལྕགས་གླང་ཟླཝ་ ༢ པའི་ནང་ ན་གཞོན་སློབ་ཕྲུག་ ༡༠༠ དང་བཅས་པའི་ རིག་གཞུང་སློབ་གྲྭ་ཆེན་མོ་ དབང་འདུས་རྩེར་ གསར་བཙུགས་གནང་ཡོད་རུང་། ས་སྒོ་དོགས་པ་ལུ་བརྟེན་ཏེ་ ཟླ་ངོ་ ༦ གི་རྒྱབ་ལས་ རང་ཟླ་ ༨ པར་ གསང་ཟབ་ཆོས་རྫོང་ནང་ སྤོ་བཤུད་མཛད་དེ་ འཆད་ཉན་དར་ཞིང་རྒྱས་བཞིན་དུ། ལམ་སྲོལ་དང་ སྐད་ཡིག་མཐོ་རིམ་སློབ་གྲྭ་ཟེར་ ཕྱི་ནང་ཟུང་འབྲེལ་གྱི་ མཐོ་རིམ་སློབ་གྲྭ་ཅིག་ལུ་ མིང་གནས་བརྗེ་སོར་མཛད་པའི་ཁར། སྤྱི་ལོ་ ༢༠༡༡ ལས་ ཀྲོང་གསར་སྟག་རྩེ་ལུ་ སྤོ་བཤུད་འབད་དེ་ཡོདཔ་ཨིན།
གསོ་བའི་སྡེ་ཚན།རྒྱལ་ཁབ་ནང་ མི་མང་ཡོངས་ཀྱི་ འཕྲོད་བསྟེན་ལེགས་བཅོས་དེ་ མེད་ཐབས་མེད་པའི་ གནད་ལུ་གཟིགས་ཏེ། འཕྲོད་བསྟེན་གོང་འཕེལ་གྱི་དོན་ལུ་ རྒྱལ་ཁམས་མཐའ་དབུས་ག་རའི་ནང་ སྨན་ཁང་ཆེ་འབྲིང་ཆུང་གསུམ་ གསར་བཙུགས་དང་། རྒྱལ་ཁབ་ནང་ སྨན་གཡོགམོ་ཚུ་གི་དོན་ལས་ ལཱ་གཡོག་དང་འབྲེལ་བའི་ སློབ་སྦྱོང་སྤེལ་ཁང་ གཞི་བཙུགས་དང་། དྲུང་འཚོ་ཚུ་ སློབ་སྦྱོང་འབད་བར་ ཕྱི་རྒྱལ་ཁག་ལུ་ བཏང་གནང་ནུག།
དེ་མ་ཚད་ ནང་པའི་སྨན་བཅོས་དེ་ཡང་ གལ་ཆེཝ་ལས་ ནང་པའི་སྨན་ཁང་ དྲུང་འཚོའི་སློབ་སྦྱོང་པ་དང་བཅས་པ་ གསར་བཙུགས་མཛད་གནང་ནུག།
སོ་ནམ་སྡེ་ཚན།སྔོན་དང་ཕུའི་དུས་ལས་རང་ འབྲུག་པ་མི་སེར་མང་ཤོས་ཅིག་ སོ་ནམ་ས་ཞིང་ལུ་བརྟེན་ཏེ་ འཚོ་བ་སྐྱོང་ནི་དེ་གིས་ སོ་ནམ་ས་ཞིང་ལུ་ ཉེ་བར་མཁོ་བའི་ ཆུ་གཡུར་གསར་བཏོན་དང་། ལུད་ལ་སོགས་པ་ཚུ་ ལེགས་བཅོས་དང་ གོང་འཕེལ་གྱི་ཐོག་ལས་ འཐོན་བསྐྱེད་ཡར་རྒྱས་བཏང་གནང་པའི་ཁར། དངུལ་ཐོག་ལྡུམ་ར་ཚུ་ཡང་ སྔར་ཡོད་གོང་འཕེལ་དང་ སྔར་མེད་གསར་བཙུགས་མཛད་དེ་ མི་སེར་ལུ་ འོང་འབབ་ཡར་སེང་ཐོག་ལས་ དཔལ་འབྱོར་གོང་འཕེལ་མཛད་གནང་ནུག།
སྒོ་ནོར་སྡེ་ཚན།རྒྱལ་ཁབ་ནང་ སྤྱིར་མི་སེར་ཡོངས་དང་ ལྷག་པར་དུ་ མི་སེར་གསུམ་ཆ་གཅིག་གི་རྩིས་ འཚོ་བ་སྒོ་ནོར་ལུ་བརྟེན་ཏེ་ མི་ཚེ་སྐྱོང་ནི་དེ་གིས་ སྒོ་ནོར་སེམས་ཅན་ཚུ་ རྒྱུ་སྤུས་དང་ འཐོན་བསྐྱེད་ལེགས་ཤོམ་ བཟོ་ཐབས་ལུ་ ཕ་སོན་བཀྲམ་སྤེལ་དང་། རྩྭ་འབྲོག་ཚུ་ གོང་འཕེལ་བཏང་གནང་སྟེ་ འོང་འབབ་ཡར་སེང་མཛད་གནང་ནུག།
ལམ་སེལ་སྡེ་ཚན། རྒྱ་ཁབ་ཡར་རྒྱས་གོང་འཕེལ་ལུ་ སྐྱེལ་འདྲེན་གྱི་ འཁོར་ལམ་ཚུ་ ག་ནི་བ་ གལ་ཆེ་བའི་ གནད་ལུ་གཟིགས་ཏེ་ སྤྱི་ལོ་ ༡༩༦༠ ལས་ ནུབ་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ ཕུན་ཚོགས་གླིང་ལས་དང་། ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ བསམ་གྲུབ་ལྗོངས་མཁར་ལས། དབུས་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ དགེ་ལེགས་ཕུག་ལས་འབད་ རིམ་པ་བཞིན་དུ་ འཁོར་ལམ་བཏོན་གནང་པའི་ བཀྲིན་ལུ་བརྟེན་ཏེ། ཧེ་མར་ ཟླ་ངོ་འབད་ ལམ་འགྱོ་དགོ་སར་ ད་རེས་ནངས་པར་ ཉིནམ་གཅིག་ལུ་ ལྷོད་པའི་སྐོར་ལས་ མི་མང་ག་ར་གིས་ མཁྱེན་གསལ་ལྟར་དུ་ཨིནམ་ལས་ གསལ་བཤད་ཞུ་དགོཔ་ཅིག་མིན་འདུག།
འགྲེམ་དང་ ལྕགས་འཕྲིན་ རླུང་འཕྲིན་སྡེ་ཚན། རྒྱལ་ཁབ་ཕྱི་ནང་གཉིས་ལུ་ ཡིག་རིགས་ཚུ་ སྐྱེལ་ལེན་གྱི་དོན་ལས་ ག་ནི་བ་ ཉེ་བར་མཁོ་བའི་ འགྲེམ་ཁང་དང་ ལྕགས་འཕྲིན་ རླུང་འཕྲིན་ཁང་ཚུ་ སྔར་མེད་གསར་བཙུགས་གནང་སྟེ། རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་ནང་ ཡིག་འགྲུལ་གྱི་རིགས་ གལ་ཆེ་ཧད་དང་བསྟུན་ཏེ་ ལག་ལེན་འཐབ་ཆོགཔ་མཛད་ནུག།
གློག་མེ་སྡེ་ཚན། གློག་མེ་དེ་ སྡོད་ཁྱིམ་ནང་ ལག་ལེན་འཐབ་ནི་རྐྱངམ་ཅིག་མིན་པར་ བཟོ་གྲྭ་འཕྲུལ་ཁང་ གསར་བཙུགས་དང་ ཡར་རྒྱས་ཚུ་གི་དོན་ལུ་ཡང་ གལ་ཆེ་བའི་ གནད་ལུ་གཟིགས་ཏེ་ གཞི་བཙུགས་གནང་ཡོདཔ་བཞིན་དུ། ད་རེས་ནངས་པར་ རྒྱལ་ཁབ་ནང་ གློག་ཤུགས་འཕྲུལ་ཁང་ ལེ་ཤ་ཅིག་ གཞི་བཙུགས་ཀྱིས་ གཞུང་སྒེར་གྱི་ བཟོ་གྲྭ་འཕྲུལ་ཁང་ མང་རབས་ཅིག་ གཞི་བཙུགས་ཀྱི་སྒོ་ལས་ འོང་འབབ་བཟོ་བའི་ཁར། ཁྱིམ་མཚེས་རྒྱལ་ཁབ་ རྒྱ་གར་ལུ་ཡང་ ཕྱིར་ཚོང་འཐབ་ཐོག་ལས་ རྒྱལ་ཁབ་ཀྱི་ འོང་འབབ་སྦོམ་ཤོས་ཅིག་ལུ་གྱུར་ཏེ་ཡོདཔ་ཨིན།
ནགས་ཚལ་སྡེ་ཚན། འབྲུག་འདི་ དུས་དང་ཕུ་ལས་རང་ ཙན་དན་བཀོད་པའི་ལྗོངས་ཟེར་ སྔོ་ལྗང་དང་ལྡན་པའི་ རྒྱལ་ཁབ་ཅིག་ལུ་ བརྩི་འཇོག་གི་ཐོག་ལས་ འཛམ་གླིང་ནང་ མིང་གཏམ་ཅན་ཅིག་ཨིན་པའི་ཁར། ནགས་ཚལ་གྱི་ ཤིང་ཚུ་ལུ་བརྟེན་ཏེ་ འོང་འབབ་སྦོམ་ བཟོ་ཚུགས་པའི་ ཐུགས་བཞེད་གནང་སྟེ་ རྒྱལ་ཁབ་ནང་ བརྒྱ་ཆ་ ༧༠ ནགས་ཚལ་གྱིས་ རྒྱ་ཁྱབ་རང་འཇགས་ཐོག་ ཤིང་ཐེབས་ཐོན་མི་ཚུ་ ནང་འཁོད་ལག་ལེན་དང་ ཕྱིར་ཚོང་འཐབ་སྟེ་ རྒྱལ་ཁབ་ཀྱི་ འོང་འབབ་ལུ་ ཕན་ཐབས་མཛད་གནང་ནུག།
ལྷན་ཁག་གསར་བཙུགས།
༆ ཧེ་མར་ རྒྱལ་ཁབ་འདི་ནང་ ཞབས་དྲུང་རིན་པོ་ཆེ་གིས་ རྒྱལ་སྲིད་ཀྱི་གཙོ་འཛིན་ སྡེ་སྲིད་བསྐོས་གནང་ཡོད་རུང་། རྒྱལ་ཁབ་གྱི་ གདན་དོན་གལ་ཅན་ཚུ་ གྲོས་ཐག་བཅད་ནིའི་དོན་ལས་ གཞུང་བཀའ་བློན་དང་། གཞུང་མགྲོན་གཉེར། གོང་སའི་གཟིམ་དཔོན། སྤུངས་ཐང་རྫོང་དཔོན། ཐིམ་ཕུ་རྫོང་དཔོན། དབང་འདུས་རྫོང་དཔོན་ཚུ་ ལྷན་རྒྱས་ཀྱི་ གོ་གནས་ལུ་ བསྐོས་གནང་ཡོདཔ་མ་ཚད། ཕྱོགས་ཀྱི་སྤྱི་བླ་གསུམ་ཟེར་ ཀྲོང་གསར་དཔོན་སློབ་དང་། སྤ་རོ་དཔོན་སློབ། དར་དཀར་དཔོན་སློབ་གསུམ་ལུ་ཡང་ ལྷན་རྒྱས་ཀྱི་ གོ་གནས་གནང་ཡོད་རུང་། དེ་བསྒང་ བློན་ཆེན་དང་ བློན་པོ་ཟེར་བའི་ ལམ་ལུགས་མེདཔ་ཨིན་པས།
མི་དབང་མཆོག་གིས་ རྒྱལ་སྤྱིའི་ལམ་ལུགས་དང་འཁྲིལ་ཏེ་ སྤྱི་ལོ་ ༡༩༦༨ ས་སྤྲེལ་ལོར་ ལྷན་ཁག་གི་ལམ་སྲོལ་ འགོ་དང་པ་ གསར་བཙུགས་གནང་པའི་སྐབས་ལུ། བསྟན་རྒྱས་ལྷན་ཁག་ཟེར་ བཟོ་གྲྭ་འཕྲུལ་ཁང་དང་ ཚོང་འབྲེལ་ ནགས་ཚལ་ ས་གཏེར་ལ་སོགས་པའི་ ལས་ཁུངས་ཚུ་གི་ དབུ་ཁྲིད་ལུ་ སྤ་རོ་དཔོན་སློབ་ མི་དབང་རྒྱལ་སྲས་ རྣམ་རྒྱལ་དབང་ཕྱུག་མཆོག་ བསྟན་རྒྱས་བློན་པོའི་ གོ་གནས་ལུ་ བསྐོ་བཞག་གནང་ནུག།
སྐྱིད་སྡུག་ལྷན་ཁག་ཟེར་ མི་སེར་གྱི་ སྐྱིད་སྡུག་དང་། རྫོང་ཁག་བདག་སྐྱོང་། ཁྲིམས་ལུགས་འཛིན་སྐྱོང་། རྒྱལ་གཞུང་འབྲུག་གི་འགག་སྡེ་ཚུ་གི་ དབུ་ཁྲིད་ལུ་ རྒྱལ་མགྲོན་གཏམ་ཞིང་རྒྱ་གར་ སྐྱིད་སྡུག་བློན་པོ་དང་། དངུལ་རྩིས་ལྷན་ཁག་ཟེར་ རྒྱལ་ཁབ་ཀྱི་ འོང་འབབ་དང་ ཟད་འགྲོ་བདག་སྐྱོང་གི་ དབུ་ཁྲིད་ལུ་ རྒྱལ་རྩིས་ཁ་ལོ་བའི་ རྩིས་དཔོན་ཆོས་རྒྱལ་ དངུལ་རྩིས་བློན་པོ། གོང་འཕེལ་ལྷན་ཁག་ཟེར་ གོང་འཕེལ་ལས་ཁུངས་ཚུ་གི་ དབུ་ཁྲིད་ལུ་ གོང་འཕེལ་སྤྱི་ཁྱབ་ ཟླ་བ་ཚེ་རིང་ གོང་འཕེལ་བློན་པོའི་ གོ་གནས་ཐོག་ ལྷན་རྒྱས་ཀྱི་ ན་བཟའ་ལི་ཝང་གནང་ནུག།
སྤྱི་ལོ་ ༡༩༧༠ ལྕགས་ཁྱི་ལོར་ ལྷན་ཁག་རྒྱ་བསྐྱེད་ཐོག་ལས་ ཞབས་ཏོག་ལྷན་ཁག་ གཞི་བཙུགས་གནང་ཡོདཔ་བཞིན་དུ་ འགྲེམ་དང་ ལྕགས་འཕྲིན་ལས་ཁུངས་དང་། རླུང་འཕྲིན་ལས་ཁུངས། མི་མང་སྐྱེལ་འདྲེན་ལས་ཁུངས་ཚུ་གི་ དབུ་ཁྲིད་ལུ་ མགྲོན་ཆུང་སངས་རྒྱས་དཔལ་འབྱོར་ ཞབས་ཏོག་བློན་པོ་འབད་ བསྐོས་གནང་པའི་ཁར། ལྷོ་མཚམས་སྤྱི་ཁྱབ་ པདྨ་དབང་ཕྱུག་ལུ་ཡང་ བློན་པོ་ལྷན་རྒྱས་ཀྱི་ ན་བཟའ་ལི་ཝང་གནང་སྟེ་ རྒྱ་གར་ལུ་ འབྲུག་གི་སྐུ་ཚབ་འབད་ བསྐོ་བཞག་མཛད་ཡོདཔ་ད། དེ་ལས་ སྤྱི་ལོ་ ༡༩༧༢ ལོར་ ཕྱི་འབྲེལ་ལྷན་ཁག་ གསར་བཙུགས་ཀྱིས་ གོང་འཕེལ་བློན་པོ་ ཟླ་བ་ཚེ་རིང་དེ་ ཕྱི་འབྲེལ་བློན་པོ་འབད་ གནས་སོར་གནང་ནུག།
ཁྲིམས་གཞུང་གསར་བརྩམས།
༆ རྒྱལ་པོ་ལུ་མཁོ་བ་འབངས་དང་། འབངས་ལུ་མཁོ་བ་བདེ་སྐྱིད། བདེ་སྐྱིད་ཀྱི་རྩ་བ་ཁྲིམས་ཟེར་ སླབ་དོ་བཟུམ་སྦེ་ འབྲུག་རྒྱལ་ཁབ་འདི་ནང་ སྔོན་བྱོན་གོང་མ་ཚུ་གིས་ བརྩམས་གནང་པའི་ ཁྲིམས་ཡིག་ཆེན་མོ་དང་ བཅའ་ཁྲིམས་ཚུ་གི་ནང་ལས་ སྔར་སྲོལ་བཟང་པོའི་ཁྲིམས་ལུགས་ ཆོས་དང་མཐུན་མི་ཚུ་ སོར་བཞག་དང་། གཞུང་ཁྲིམས་ལ་སོགས་པའི་ ཉེས་ཁྲིམས་རྩུབ་དྲགས་ཚུ་ འཕྲི་བསྣོན་གྱིས་ རྒྱལ་སྤྱིའི་འགྲོ་ལུགས་དང་མཐུན་པའི་ ཁྲིམས་གཞུང་དོན་ཚན་ ༡༧ འབད་མི་ཅིག་ མི་དབང་རང་གིས་ གསར་བརྩམས་མཛད་དེ་ རྒྱལ་ཡོངས་ཚོགས་འདུ་ཆེན་མོར་ གནང་ཡོདཔ་བཞིན་དུ་ ཚོགས་འདུའི་ནང་ལས་ཡང་ ཞུ་དག་དང་ དབྱེ་ཞིབ་མཐིལ་ཕྱིན་ཐོག་ལུ་ དགའ་མགུ་སྤྲོ་གསུམ་གྱི་སྒོ་ལས་ བཀའ་དྲིན་ཆེ་ལུགས་ཞུ་སྟེ་ ཆ་འཇོག་གྲུབ་ནུག།
སྤྱི་ལོ་ ༡༩༦༨ ས་སྤྲེལ་ལོར་ རྒྱལ་ས་ཐིམ་ཕུ་ལུ་ ཁྲིམས་ཁང་གོང་མ་ གཞི་བཙུགས་གནང་ཡོདཔ་བཞིན་དུ། རྫོང་ཁག་ཁྲིམས་ཁང་ཚུ་ལས་ ཆགས་སྡང་ཕྱོགས་རིས་ཀྱི་ དབང་ལུ་ཐལ་ཏེ་ དྲང་ཁྲིམས་མ་ཐོབ་མི་ཚུ་ ཁྲིམས་ཁང་གོང་མའི་ནང་ མཐོ་གཏུགས་འབད་ཆོག་པའི་ཁར། ཁྲིམས་ཁང་གོང་མའི་ནང་ལས་ དྲང་ཁྲིམས་མ་ཐོབ་མི་ཚུ་ཡང་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་སར་ མཐོ་གཏུགས་ཞུ་ཆོག་པའི་ བཀའ་དྲིན་བསྐྱངས་ནུག།
ཧེ་མར་ རྒྱལ་ཁབ་ནང་ ཁྲིམས་གཞུང་དང་ ཁྲིམས་ཁང་ཟེར་མི་ ལོགས་སུ་མེད་པར་ མངའ་བདག་རྒྱལ་པོའི་ བཀའ་རྒྱ་དང་འཁྲིལ་ཏེ་ གྲོས་ཆོད་གནངམ་ཨིན་རུང་། མི་དབང་མཆོག་གིས་ ནམ་ཕུགས་མི་བཙན་ནི་དང་ མི་སེར་ལུ་ དྲང་བདེན་མི་འཐོབ་ནི་ཨིན་པའི་ ཐུགས་ཀྱི་ཚ་གྱང་བཞེས་ཏེ་ རྫོང་ཁག་རེ་ལུ་ ཁྲིམས་ཁང་རེ་ཡང་ གཞི་བཙུགས་གནང་ཡོདཔ་ཨིན་པས།
རྒྱལ་བསྟན་བསྐྱར་གསོ།
༆ མི་དབང་མཆོག་གིས་ སྤྱི་ལོ་ ༡༩༦༢ ཆུ་སྟག་ལོར་ ཧེ་མའི་བཀྲ་ཤིས་ཆོས་རྫོང་དེ་ རྩ་བ་ལས་བཤུབས་ཏེ་ རྫོང་ནང་གི་ བཟོ་བཀོད་ཚུ་ བསྒྱུར་བཅོས་དང་ རྒྱ་བསྐྱེད་ཐོག་ལས་ རྟེན་དང་བརྟེན་པ་ ག་ནི་བ་ གཟི་བརྗིད་ཆེ་ཏོག་ཏོ་ གསར་བཞེངས་ཀྱིས་ སྤྱི་ལོ་ ༡༩༦༩ ས་བྱ་ལོར་ རབ་གནས་མཛད་དེ་ ཆོས་སྲིད་ལུགས་ ༢ ཁ་ལོ་བསྒྱུར་བའི་ རྒྱལ་ས་ལྟེ་བ་ལུ་ མཛད་གནང་པའི་ཁར། དགེ་འདུན་གྲྭ་ཚང་གི་ དབྱར་གྱི་བཞུགས་གནས་ཡང་ཨིན།
ཧེ་མར་ བཀྲ་ཤིས་ཆོས་རྫོང་ལུ་ མེ་འཇིགས་བྱུང་པའི་སྐབས་ བཀའ་འགྱུར་གསེར་བྲིས་མ་ པོ་ཏི་ ༥༨ བཏོན་མ་ཚུགས་པར་ མེ་མཆོད་བཞེས་མི་དེ། སྤྱི་ལོ་ ༡༩༦༦ མེ་རྟ་ལས་ འགོ་བཙུགས་ཏེ་ མི་ངོ་གཉིས་ཀྱི་ ནང་འཁོད་ལུ་ བསྐྱར་བཞེངས་མཛད་པའི་ འཕྲོ་མཐུད་དེ་རང་ བསྟན་འགྱུར་གསེར་བྲིས་མ་ པོ་ཏི་ ༢༠༠ གསར་བཞེངས་མཛད་ནུག།
སྤྱི་ལོ་ ༡༩༦༧ ལོར་ རྟ་མགོ་ལུ་ སྒྲུབ་སྡེ་གསར་བཙུགས་གནང་པའི་ཁར། ཕུན་ཚོགས་གླིང་དགོན་པར་ ལྷ་ཁང་རྟེན་དང་བརྟེན་པ་ གསར་བཞེངས་དང་། སྤྱི་ལོ་ ༡༩༦༨ ལོར་ སྟག་ཚང་གི་རི་འགུ་ལུ་ ཟངས་མདོག་དཔལ་རི་ཞིང་བཀོད་ལྷ་ཁང་གསར་བཞེངས། སྤྱི་ལོ་ ༡༩༦༦ ལོར་ གཞལམ་སྒང་རྫོང་དང་ མོང་སྒར་རྫོང་ནང་ རབ་སྡེ་གསར་བཙུགས་དང་ གཞུང་དགེ་འདུན་གྲྭ་ཚང་ནང་ ཞལ་གྲངས་ ༨༠༠ ལས་ ༡༡༠༠ ལུ་ ཡར་སེང་གནང་ནུག།
དེ་ལས་ གཞན་ཡང་ རྫོང་གཞིས་དང་ ལྷ་ཁང་དགོན་སྡེ་ མང་རབས་ཅིག་ བསྐྱར་གསོ་དང་། ནང་པའི་བཤད་གྲྭ་དང་ སྒྲུབ་གྲྭ་ཚུ་ ལེ་ཤ་ཅིག་ གཞི་བཙུགས་གནང་པའི་ཁར། སངས་རྒྱས་སྟོང་སྐུ་དང་ མཐོང་གྲོལ་གསར་བཞེངས་ལ་སོགས་པ་ བསྟན་འགྲོར་སྨན་པའི་ ཕྱག་རྗེས་མང་རབས་ཅིག་ མཛད་གནང་མི་ཚུ་ བརྗོད་པར་དཀའ་བའི་ གནས་ལུ་གྱུར་ཏེ་ཡོདཔ་ཨིན།
རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་གསར་བཏོད།
༆ ཧེ་མར་ རྒྱལ་ཁབ་ནང་ ཡིག་འགྲུལ་གྱི་རིགས་ག་ར་ ཆོས་སྐད་ཐོག་ལུ་ ལག་ལེན་འཐབ་སྲོལ་ཡོདཔ་ཨིན་རུང་། སྤྱི་ལོ་ ༡༩༧༡ ལོར་ འབྲུག་རྒྱལ་ཁབ་འདི་ འཛམ་གླིང་སྤྱི་ཚོགས་ནང་ འཐུས་མིའི་གྲངས་སུ་ འཛུལ་ཞུགས་མཛད་པའི་སྐབས་ལུ་ འབྲུག་གི་རྒྱལ་ཡོངས་སྐད་ཡིག་འདི་ རྫོང་ཁ་ཨིན་པའི་ ངོས་འཛིན་བྱུངམ་ལས། མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དེ་བསྒང་ ཤེས་རིག་སློབ་གྲྭ་ཁག་གི་ སློབ་དེབ་རྩོམ་སྒྲིག་པ་ བླམ་གནག་མདོག་ ཆེད་མངགས་ཀྱིས་ སྐུ་མདུན་ལུ་ བཙུགས་ཏེ། སློབ་གྲྭ་ཁག་གི་ སློབ་དེབ་ཚུ་ ཆོས་སྐད་མི་ཉམས་སོར་བཞག་ཐོག་ལུ་ རྫོང་ཁའི་ནང་ བྲིས་རྩོམ་འབད་དགོ་པའི་ བཀའ་རྒྱ་གནངམ་བཞིན་དུ།
རྒྱ་གར་ལུ་ སམ་སྐྲི་ཏ་དང་ ཧིན་དྷུའི་སྐད་ཡིག་གཉིས་ ཤེས་བྱ་གོང་འོག་གི་ ལམ་སྲོལ་ཡོད་མི་དང་འཁྲིལ་ཏེ། ཤེས་རིག་སློབ་དེབ་ཚུ་ཡང་ ཆོས་སྐད་ཀྱི་ ཡིག་སྡེབ་དང་ སུམ་རྟགས་ཚུ་ རང་འཇགས་ཐོག་ལུ། རྫོང་ཁའི་བརྗོད་སྒྲ་དང་ རྩ་ལས་རང་ མ་མཐུན་མི་ དཔེར་ན་ སྐྲ་ལུ་ སྐྱ་དང་། དཔྲལ་བ་ལུ་ དཔྱལཝ། སྤྲ་ལུ་ སྤྱ་ལ་སོགས་པའི་ ར་བཏགས་ཡ་བཏགས་ལུ་དང་ ན་རོ་ཞབས་ཀྱུ་ལུ་ ཨ་ཙི་རེ་ བསྒྱུར་བཅོས་ཀྱིས་ རྫོང་ཁ་ཤེས་པ་ཅིན་ ཆོས་སྐད་ཡང་ ཧ་གོ་ཚུགས་པའི་ ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ལས་ མི་ལོ་ ༡ ལྷགཔ་ཅིག་གི་རིང་ལུ་ ཞིབ་འཚོལ་མཛད་དེ། ཤེས་རིག་རྩོམ་སྒྲིག་ཁང་གི་ རྩོམ་སྒྲིག་པ་ བླམ་བསྟན་འཛིན་འོད་ཟེར་རམ་ ཡོངས་གྲགས་ལུ་ གནག་མདོག་དང་། རྩོམ་བྲིས་པ་ བླམ་པདྨ་ཚེ་དབང་རྣམ་གཉིས་ཀྱིས་ རྫོང་ཁའི་གཞི་མ་ རྫོང་ཁའི་འགྲེལ་བཤད་སྐྱ་རེངས་དང་པོ་ཟེར་མི་ཅིག་ གསར་བརྩམས་མཛད་ནུག།
དེ་ལས་ སྤྱི་ལོ་ ༡༩༧༢ ཀྱི་ ལོ་མཇུག་དང་ སྤྱི་ལོ་ ༡༩༧༣ གྱི་ལོ་འགོར་ གནམ་དགུན་གྱི་ སློབ་གྲྭའི་ངལ་གསོ་དང་འཁྲིལ་ཏེ་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཁག་གི་ འབྲུག་པའི་སློབ་དཔོན་ཚུ་ལུ་ རྫོང་ཁ་བྲིས་ཐངས་ཀྱི་ སྦྱོང་བརྡར་བྱིན་ཐོག་ལས་ སློབ་གྲྭ་ཁག་གི་ནང་ སློབ་སྟོན་འབད་ནི་ འགོ་བཙུགས་པའི་ཁར། སློབ་དཔོན་ཚུ་གི་ ཤེས་ཚད་ཀྱི་ ཆོས་རྒྱུགས་ཚུ་ཡང་ འགོ་འདྲེན་འཐབ་སྟེ་ ཤེས་ཚད་དང་བསྟུན་པའི་ དངུལ་ཕོགས་ཀྱི་ ཐོབ་ཐངས་བཟོ་ནུག།
འབྲུག་གི་དམག་སྡེ།
༆ འབྲུག་ལུ་ མི་དབང་འབྲུག་རྒྱལ་དང་པ་མཆོག་གིས་ དམག་སྡེའི་ལམ་སྲོལ་ གཞི་བཙུགས་གནང་མི་དེ་ མི་དབང་འབྲུག་རྒྱལ་གཉིས་པ་མཆོག་གིས་ འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ལུ་ དམག་མི་ཡར་སེང་མཛད་དེ་ རྒྱལ་ཁབ་སྲུང་སྐྱོབ་ཀྱི་དོན་ལས་ ས་མཚམས་ཁག་ལུ་ བགོ་བཀྲམ་གནང་ནུག།
སྤྱི་ལོ་ ༡༩༥༣ ལས་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ དམག་སྡེ་ཡར་རྒྱས་ བཏང་གནངམ་བཞིན་དུ། སྤྱི་ལོ་ ༡༩༥༨ དེ་ཅིག་ལས་ རྒྱ་ནག་གིས་ བོད་ཀྱི་རྒྱལ་ཁབ་ནང་ བཙན་འཛུལ་གྱིས་ དྲག་གནོན་འབདཝ་ལས། འབྲུག་ལུ་ཡང་ ས་སྲུང་གི་ བྱེལཝ་ཐོན་མིའི་ནང་ ཕན་ཐོགས་སྦོམ་ བྱུང་ཡོདཔ་མ་ཚད། སྤྱི་ལོ་ ༡༩༦༢ ལས་ རྒྱ་གར་དང་ རྒྱ་ནག་གཉིས་ཀྱི་བར་ན་ དམག་འཁྲུགས་ལངས་པའི་སྐབས་ལུ་ཡང་ འབྲུག་ཤར་ཕྱོགས་ཁ་ཐུག་ལུ་ ས་སྲུང་གི་དོན་ལས་ བྱེལཝ་ལེ་ཤ་ཅིག་ འཐབ་དགོཔ་བྱུང་ནུག།
སྤྱི་ལོ་ ༡༩༥༨ ལུ་ རྒྱལ་གཞུང་འབྲུག་གི་དམག་སྡེ་ལས་ རྒྱལ་པོའི་སྐུ་སྲུང་དམག་སྡེ་ ལོགས་སུ་འབད་ བཙུགས་གནང་པའི་ཁར། རྒྱལ་གཞུང་འབྲུག་གི་དམག་སྡེ་དེ་ཡང་ ལྕོགས་གྲུབ་ཅན་ བཟོ་ཐབས་ལུ་ སྤྱི་ལོ་ ༡༩༥༩ ལོར་ དབང་འདུས་ཕོ་བྲང་ལུ་ དྲག་པོའི་དམག་སྦྱོང་ལྟེ་བ་ གཞི་བཙུགས་གནང་ཡོདཔ་བཞིན་དུ་ དམག་སྦྱོང་ལྟེ་བའི་མིང་ལུ་ བསྟན་སྐྱོང་གླིང་ཟེར་ བཏགས་གནང་ནུག།
དེ་ལས་ སྤྱི་ལོ་ ༡༩༦༥ ལུ་ རྒྱལ་ཁབ་ནང་ སྤྱི་ཁྲིམས་བདག་འཛིན་འཐབ་ནི་དང་ འགེགས་སྲུང་ཚུ་གི་དོན་ལས་ རྒྱལ་གཞུང་འབྲུག་གི་འགག་སྡེ་ ལོགས་སུ་འབད་ གཞི་བཙུགས་གནང་ནུག།
མི་དབང་དགོངས་པ་རྫོགས་ཚུལ།
༆ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ མ་འོངས་མངོན་པར་གཟིགས་ཏེ། གནམ་ལོ་ཆུ་བྱི་ སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༥ པའི་ཚེས་ ༡༥ ལུ་ འབྲུག་བརྒྱུད་འཛིན་གྱི་ མི་དབང་རྒྱལ་སྲས་མཆོག་ ཕྱི་ལྟར་དུ་ ཀྲོང་གསར་དཔོན་སློབ་དང་ ནང་ལྟར་དུ་ རྒྱལ་ཚབ་ལུ་ བསྐོས་གནང་པའི་ ཁྲི་སྟོན་རྟེན་འབྲེལ་དེ་ཡང་ ཐིམ་ཕུ་དང་ ཀྲོང་གསར་གཉིས་ཆ་རའི་ནང་ ཕུན་སུམ་ཚོགས་ཏོག་ཏོ་འབད་མཛད་གནང་ནུག།
མི་དབང་མཆོག་ ཀྲོང་གསར་ལས་ ཐིམ་ཕུར་ཕེབས་ཏེ་ སྐུ་རིམ་སྒྲུབ་ནི་གི་ ཞལ་བཀོད་གནང་སྟེ་ དགུང་ཞག་ ༡༠ བཞུགས་པའི་ཤུལ་ལུ། མི་དབང་རྒྱལ་ཡུམ་ ཨ་ཞེ་ཕུན་ཚོགས་ཆོས་སྒྲོན་དང་། མི་དབང་རྒྱལ་སྲས་ ཀྲོང་གསར་དཔོན་སློབ། ཞབས་ཏོག་བློན་པོ་ སངས་རྒྱས་དཔལ་འབྱོར། ཕྱི་འབྲེལ་བློན་པོ་ ཟླ་བ་ཚེ་རིང་། རྒྱལ་པོའི་གཟིམས་དཔོན་ སངས་རྒྱས་བསྟན་འཛིན་ཚུ་གིས་ ཕྱག་ཞུ་སྟེ་ ཨཕ་རི་ཀའི་ས་གནས་ ནེ་ཡེ་རོ་བི་ཟེར་སར་ སྨན་བཅོས་གནང་པར་བྱོན་ཡོད་རུང་ཕན་ཐོགས་ག་ནི་ཡང་མེད་པར་ ཆུ་ཁྱི་ཟླཝ་ ༦ པའི་ཚེས་ ༡༠ སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ དགོངས་པ་ཆོས་དབྱིངས་ལུ་བསྡུ་བའི་ཚུལ་མཛད་ནུག།
དེ་གི་ཧེ་མར་ ན་ཡེ་རོ་བིའི་ བཟའ་ཁང་ནང་ ཞལ་ཆེམས་ལེ་ཤ་ཅིག་ གསུངས་གནང་པའི་ནང་ལས་ འབྲུག་གསལ་བའི་སྒྲོན་མེ་ནང་ བཀོད་དོ་བཟུམ་འབད་བ་ཅིན། ལམ་འཛོལ་བ་ ཉི་མའི་སྔ་ཕྱི་དང་ བྱུས་འཛོལ་བ་ བསྐལ་པའི་འགོ་མཇུག་ཟེར་དོ་བཟུམ་སྦེ་ ངེད་ཀྱི་སྐུ་ཚེ་འདི་ཁར་ དབྱངས་སྐྱིད་དང་ མཉམ་ཅིག་བཞུགས་ནི་འདི་ འཛོལ་བ་སྦོམ་ཡོདཔ་ལས་ སྐལ་བཟང་རང་བདེན། ག་དེ་སྦེ་ཨིན་རུང་ དབྱངས་སྐྱིད་ཀྱི་ བུ་གཞི་ཚུ་ལུ་ གཞུག་གཡོག་དང་ གོ་ས་བྱིན་པ་ཅིན་ འཇིགས་མེད་ཁྱོད་རང་ལུ་ བྱ་སྟབས་མ་བདེཝ་ འཐོན་ནི་ཨིནམ་ལས་ རྩ་ལས་རང་ སྤྲོད་དགོཔ་མེད། རྒྱུ་དངོས་ཀྱི་ཐད་ལུ་ཡང་ ལེ་ཤ་ཅིག་ གནང་སྟེ་ཡོདཔ་ལས་ སྐྱིད་སྡུག་མི་ཕོགཔ་འོང་། ག་དེམ་ཅིག་སྦེ་ སྐྱིད་སྡུག་རེ་ ཕོག་པ་ཅིན་ ཁྱོད་ཀྱིས་ བལྟ་སྟེ་བྱིན་ཟེརཝ་ལ་སོགས་པ་ཚུ་ གསུངས་གནང་ནུག་ཟེར་ཨིན་པས།
འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ མི་ལོ་ ༢༠ གི་རིང་ རྒྱལ་སྲིད་བསྐྱངས་ཏེ་ བཞུགས་པའི་སྐབས་ལུ། རྒྱལ་ཁབ་དང་ མི་སེར་ སངས་རྒྱས་ཀྱི་ བསྟན་པ་ཚུ་ལུ་ བསམ་བརྗོད་ལས་འདས་པའི་ ཕྱག་རྗེས་བཟང་པོ་ རྒྱ་མཚོ་ལྟ་བུ་ལས་ ཆུ་ཐིག་ཙམ་ཅིག་ བཀོད་མི་འདི་གིས་ བློ་གསར་ན་གཞོན་ཚུ་ལུ་ ཕན་ཐོགས་འབྱུང་པའི་ རེ་བ་ཡོད།
མི་དབང་འབྲུག་རྒྱལ་བཞི་པ།
༆ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་བཞི་པ་ དཔལ་མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ རབ་བྱུང་ ༡༦ པའི་ ཤིང་ལུག་ཟླཝ་ ༩ པའི་ཚེས་ ༢༨ སྤྱི་ལོ་ ༡༩༥༥ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ གི་ ཉི་ཤར་ལུ་ ཐིམ་ཕུ་བདེ་ཆེན་ཆོས་གླིང་ཕོ་བྲང་ནང་ ངོ་མཚར་བའི་ རྟགས་མཚན་བཟང་པོ་དང་བཅས་པའི་སྒོ་ལས་ འབྲུག་རྒྱལ་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་ཡུམ་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གི་སྲས་ལུ་ སྐུ་འཁྲུངས་ནུག།
དེ་ཡང་ ཨོ་རྒྱན་རིན་པོ་ཆེ་གིས། བུ་སྙིང་ཁམས་མ་ཆུང་ད་རུང་ཉོནཿ ལྷོ་སྦས་ཡུལ་རོང་གསུམ་རྒྱུ་བའི་ནགསཿ ཉམས་ཆགས་འཛིན་འོ་གྲོང་མིང་འཛིན་ནངཿ གནས་དེ་རུ་སྐྱེས་པའི་ཤིང་ལུག་པཿ བཞིན་དམུལ་བའི་འཛུམ་དཀར་སོ་ལེགས་པཿ ཁྲི་འཕང་དུ་བརྟན་ན་ལོ་བཅུ་གཉིསཿ བགེགས་མེད་ཀྱི་བསྟན་པ་ཆེར་རྒྱས་ཤིངཿ ལར་སེམས་ཅན་བདེ་སྐྱིད་ལན་གཅིག་གདའཿ ཟེར་བའི་ མ་འོངས་ལུང་བསྟན་དང་འཁྲིལ་ཏེ་ སྐུ་འཁྲུངས་ཡོདཔ་ད།
དཔལ་ལྡན་འབྲུག་པའི་ ཆོས་ཀྱི་དབུ་ཁྲིད་ རྗེ་མཁན་ཁྲི་རབས་བདུན་ཅུ་པ་ སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ འབྲུག་བརྒྱུད་འཛིན་གྱི་ རྒྱལ་ཁྲིར་ཕེབས་ཏེ་ མི་ལོ་ ༢༥ འཁོར་བའི་ དུས་སྟོན་བརྩི་སྲུང་ ཞུ་བའི་སྐབས་ལུ།
ཤམྦྷ་ལ་རུ་རིགས་ལྡན་པད་དཀར་འཛིན། །ཁ་བ་ཅན་དུ་སྲོང་བཙན་སྒམ་པོའི་ཞབས། །ཞིང་འདིར་དཔལ་ལྡན་འབྲུག་པ་བདུད་འཇོམས་རྗེ། །སྙིང་ནས་དྲན་ནོ་བྱང་ཆུབ་བར་དུ་སྐྱོང་། །གང་གི་གསང་གསུམ་སྒྱུ་འཕྲུལ་མཐའ་ཡས་ཀྱང་། །ལྗོངས་འདིའི་འགྲོ་ལ་རྗེས་སུ་ཆགས་པའི་དཔྱིད། །སླར་ཡང་འོ་མའི་གྲོང་གི་ཤར་རི་རྩེར། །གཟུགས་སྐུའི་ཉིན་འབྱེད་འཆར་འདི་ཨེ་མ་ཧོ། །དེས་ན་འཇིགས་མེད་བརྟུལ་ཞུགས་རབ་འཆང་ཞིང་། །མི་ཡི་སེངྒེའི་རྣམ་རོལ་ས་ཡི་ལྷ། །དབང་ཕྱུག་ཆེན་པོའི་དཔལ་གྱིས་མཛེས་བཞིན་དུ། །རྡོ་རྗེའི་ཁྲི་ལ་བསྐལ་བརྒྱར་ཞབས་བརྟན་ཤོག །ཅེས་པའི་ཞབས་བརྟན་བརྩམས་གནང་ཚུལ་དང་།
དེ་ལས་ གཞན་ཡང་ རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཡང་སྲིད་ སྤྲུལ་སྐུ་འཇིགས་མེད་བསྟན་འཛིན་དབང་པོ་མཆོག་གིས་ ངོས་འཛིན་ཞུཝ་ལ་སོགས་པ་ཚུ་གིས་མ་ཚད་པར་ མི་དབང་མངའ་བདག་རིན་པོ་ཆེའི་ སྐུ་གསུང་ཐུགས་ཀྱི་ མཛད་པ་འཕྲིན་ལས་ཚུ་ ག་ཅི་རང་ མཇལ་ཏེ་འབད་རུང་ ཞབས་དྲུང་སྤྲུལ་སྐུ་ འཁྲུལ་མེད་ཨིན་པའི་ ངེས་ཤེས་འདྲོངས་ཚུགསཔ་ཨིན།
ག་དེ་སྦེ་ཨིན་རུང་ རྒྱལ་ཁབ་ནང་ བརྒྱུད་འཛིན་གྱི་ རྒྱལ་སྲས་འཁྲུངས་ནི་མེད་པར་ དཀོན་མཆོག་གསུམ་ལུ་ གསོལཝ་བཏབ་པའི་ ཐུགས་རྗེ་བྱིན་རླབས་ལུ་བརྟེན་ཏེ། མི་དབང་འཇིགས་མེད་སེངྒེ་འབད་ཕྱུག་མཆོག་ སྐུ་འཁྲུངས་ཡོདཔ་བཞིན་དུ་ རྒྱལ་བློན་འབངས་གསུམ་ག་ར་ དགའ་སྤྲོ་དང་བཅས་པའི་སྒོ་ལས་ གླུ་གར་དང་ མདའ་རྩེད་ལ་སོགས་པ་གིས་ འཁྲུངས་སྟོན་རྒྱས་ཤིང་རྒྱསཔ་སྦེ་ བརྩི་སྲུང་ཞུ་ཡོདཔ་མ་ཚད་ ལེགས་དར་གྱི་ འབུལ་བ་ཚུ་ཡང་ ལེ་ཤ་ཅིག་ ཕུལ་ཡི་ཟེར་ཨིན་པས།
མི་དབང་རྒྱལ་སྲས་མཆོག་ དགུང་ལོ་བཞི་བཞེས་པའི་ སྤྱི་ལོ་ ༡༩༥༩ ལོར་ ཆིབས་གྲལ་བཙར་ཐོག་ལས་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་ གདན་འདྲེན་ཞུ་སྟེ། འབྲུག་བརྒྱུད་འཛིན་གྱི་ མི་དབང་རྒྱལ་སྲས་ལུ་ གསེར་ཁྲིར་མངའ་གསོལ་ཞུ་བའི་བསྒང་ གནམ་མཁར་མཇའ་འོད་འཁྱིལཝ་ལ་སོགས་པའི་ རྟགས་མཚན་བཟང་པོ་དང་ རྟེན་འབྲེལ་ཚུ་ཡང་ ག་ནི་བ་ ཕུན་སུམ་ཚོགས་པ་བྱུང་ནུག།
སྐུ་ཡོན་གསན་སྦྱངས།
༆ མི་དབང་རྒྱལ་སྲས་མཆོག་ སྐུ་ན་ཆུང་ཀུའི་བསྒང་ལས་ ཐུགས་རིག་རྣམ་པར་བཀྲ་བ་ལུ་བརྟེན་ཏེ་ རྒྱལ་ཁབ་ནང་ ཕྱི་ནང་གཉིས་ཀྱི་ སྐུ་ཡོན་ཚུ་ གསན་སྦྱངས་མཛད་པའི་སྐབས་ལུ་ བརྡ་སྟོན་པ་ཙམ་གྱིས་ མཁྱེན་ཡོདཔ་བཞིན་དུ་ རྒྱ་གར་རྡོ་རྗེ་གླིང་ སེན་ཇོ་སེཕ་ སློབ་གྲྭའི་ནང་ ལོ་ངོ་དག་པ་ཅིག་ ཕྱི་གླིང་པའི་སྐད་ཡིག་ ཨིང་ལིཤ་ལུ་ གསན་སྦྱངས་མཛད་གནང་ནུག།
དེ་ལས་ མི་དབང་ཡབ་རྗེ་དམ་པ་དང་ མི་དབང་རྒྱལ་ཡུམ་མཆོག་གིས་ སྐད་ཡིག་གི་ སྐུ་ཡོན་རྐྱངམ་ཅིག་གིས་མ་ཚད་པར་ འཛམ་གླིང་རྒྱལ་སྤྱིའི་ ལམ་ལུགས་ཚུ་ཡང་ གལ་ཆེ་བར་གཟིགས་ཏེ། མི་དབང་རྒྱལ་སྲས་མཆོག་ དགུང་ལོ་ ༡༠ བཞེས་པའི་ སྤྱི་ལོ་ ༡༩༦༥ ལོར་ ཕྱི་གླིང་པའི་རྒྱལ་ས་ ལཱོན་ཌཱོན་ལུ་ བཏང་གནང་ཡོདཔ་བཞིན་དུ། ཧིད་ཌོ་ཝེན་ བི་རི་ཊིཤ་ བི་ཌིང་ཟེར་མི་ སློབ་གྲྭའི་ནང་ ལོ་ངོ་ ༤ གི་རིང་ བཞུགས་ཞིནམ་ལས། ཕྱི་རྒྱལ་ལུ་ ཕྱག་དཔེ་གཟིགས་ནི་བཤོལ་ཏེ་ དགུང་ལོ་ ༡༤ སྤྱི་ལོ་ ༡༩༦༩ སྤྱི་ཟླ་ ༧ པའི་ཚེས་ ༢༥ ལུ་ རྒྱལ་ཁབ་ནང་ ལོག་བྱོན་ནུག།
མི་དབང་ཡབ་རྗེ་དམ་པ་མཆོག་གིས་ ཆབ་སྲིད་འཛིན་སྐྱོང་སྤེལ་གསུམ་དང་ ཆོས་རྗེ་འབྲུག་པའི་ སྒྲིག་ལམ་རྣམ་གཞག་ཚུ་ཡང་ ག་ནི་བ་ གལ་ཆེ་བའི་ གནད་ལུ་གཟིགས་ཏེ། སྤྱི་ལོ་ ༡༩༦༩ སྤྱི་ཟླ་ ༩ པའི་ཚེས་ ༡༧ ལས་ བཀྲ་ཤིས་ཆོས་རྫོང་ནང་ མི་དབང་རྒྱལ་སྲས་མཆོག་གི་ ཕྱག་ཞུ་སྟེ་ འབྲུག་པའི་སློབ་ཕྲུག་ ༡༢ དང་བཅསཔ་སྦེ་ འགོ་བཙུགས་གནང་པའི་ཤུལ་ལུ་ ཐིམ་ཕུ་རྣམ་སྲས་གླིང་ཕོ་བྲང་ནང་ སྤོ་བཤུད་མཛད་ཡོདཔ་ད། དེ་བསྒང་ སློབ་དཔོན་པདྨ་ལ་དང་ དྲུང་ཡིག་དངོས་གྲུབ་གཉིས་ཀྱིས་ རྫོང་ཁའི་ཆོས་ཚན་དང་། སི་ཊཱུད་ཕིལ་བི་ཟེར་མི་གིས་ ཨིང་ལིཤ་དང་ འཛམ་གླིང་རྒྱས་བཤད། དེ་ལས་ གངྒ་རམ་ཏ་མང་ཟེར་མི་གིས་ ཚན་རིག་དང་ རྩིས་ཀྱི་ཆོས་མཚན་ཚུ་ ཕུལ་ཡོདཔ་ཨིན་པས།
སྤྱི་ལོ་ ༡༩༧༠ ལོར་ སྤ་རོ་ས་མཚམས་མཆོད་རྟེན་ལུ་ ཨོ་རྒྱན་དབང་ཕྱུག་ སྲིད་སྐྱོང་ཤེས་ཡོན་སྤེལ་ཁང་ཟེར་ མི་དབང་ཞབས་ཀྱི་དོན་ལས་ དམིགས་བསལ་སློབ་གྲྭ་ཅིག་ གཞི་བཙུགས་གནང་སྟེ་ གནམ་བྱཱར་སྤ་རོ་ལུ་དང་ གནམ་དགུན་ཀྲོང་གསར་ལུ་འབད་ ཕྱི་ནང་གཉིས་ཀྱི་ ཤེས་བྱ་རིག་པའི་གནས་དེ་ཚུ་ལུ་ གསན་སྦྱངས་མཐར་ཕྱིན་མཛད་གནང་ནུག།
རྒྱལ་ཁབ་ཀྱི་ ཆབ་སྲིད་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ལུ་ ཡབ་རྗེ་དམ་པ་མཆོག་དང་ ཉིན་མཚན་འབྲལ་མེད་བཞུགས་ཐོག་ལུ་ གསན་སྦྱངས་མཛད་ཡོདཔ་ད། དཔལ་ལྡན་འབྲུག་པའི་ སྒྲིག་ལམ་ཆོས་གསུམ་གྱི་སྐོར་ལས་ མི་དབང་འབྲུག་རྒྱལ་གཉིས་པའི་ འཆང་སྒརཔ་ལས་བཙར་ཏེ་ ཤུལ་ལས་ མགྲོན་གཉེར་འབད་ ཕྱག་ཞུ་མི་ བྱང་སྤྲུགས་ལས་ཡང་ གསན་སྦྱངས་ཡོངས་རྫོགས་ མཛད་གནང་ནུག།
དེ་བསྒང་ མི་དབང་ཡབ་རྗེ་དམ་པ་དང་ མི་དབང་རྒྱལ་ཡུམ་རྣམ་གཉིས་ཀྱི་བར་ན་ མི་དབང་མཆོག་གི་ སྐུ་ཡོན་གྱི་སྐོར་ལས་ ཐུགས་དགོངས་མ་མཐུནམ་རེ་ཡང་ བྱུང་ནུག་ཟེར་ཨིནམ་ད། དེ་ཡང་ མི་དབང་ཡབ་རྗེ་དམ་པ་མཆོག་གིས་ སྐུ་ཚེ་ལུ་ རྟག་བརྟན་མེད་པའི་ མངོན་པར་མཁྱེན་ཏེ་ རང་ལུགས་ཐུན་མོང་མ་ཡིན་པའི་ ཁྱད་ཆོས་བཟང་པོ་ཚུ་ མ་མཁྱེན་པའི་བར་ན་ རྒྱལ་ཁབ་བསྐྱང་དགོཔ་ འབྱུང་པ་ཅིན་ ཐབས་ཆག་ནི་ཨིན་པའི་ ཐུགས་བཞེད་དང་། མི་དབང་རྒྱལ་ཡུམ་མཆོག་གིས་ འཛམ་གླིང་རྒྱལ་སྤྱིའི་ རིག་གསར་སྐུ་ཡོན་ཚུ་ལུ་ ཐོགས་མེད་གསན་སྦྱངས་མཛད་དགོཔ་དེ་ གལ་ཆེ་བའི་གནད་ལུ་ གཟིགས་ནི་དེ་གིས་ཨིན་པས་ཟེར་ དཔལ་འབྲུག་ཞིབ་འཇུག་ལྟེ་བ་གིས་ རྩོམ་སྒྲིག་འབད་མི་ རྟོགས་བརྗོད་དེབ་ཐེར་ནང་ བཀོད་དེ་འདུག།
གཞུང་འབྲེལ་གྱི་ གོ་གནས་དང་པ།
༆ མི་དབང་རྒྱལ་སྲས་མཆོག་གིས་ གཞུང་འབྲེལ་གྱི་ ཕྱག་འགན་དང་པ་ སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༤ པའི་ཚེས་ ༣ ལུ་ འཆར་གཞི་ལྷན་ཚོགས་ཀྱི་ ཁྲི་འཛིན་མཛད་ཡོདཔ་ད། རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་ ཆབ་སྲིད་མཛད་འཕྲིན་ནང་ མཁྱེན་རླབས་རྒྱས་ཐབས་ལུ་ མི་དབང་ཡབ་རྗེ་དམ་པ་མཆོག་དང་ ཉིན་མཚན་འབྲལ་མེད་བཞུགས་ཏེ་ ལྷན་རྒྱས་གཞུང་ཚོགས་དང་ འབྲུག་རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ཚུ་ནང་ བཅའ་མར་གཏོགས་གནང་པའི་ཁར། ཤར་ཕྱོགས་རྫོང་ཁག་ཚུ་གི་ནང་ཡང་ འགོ་དང་པ་ ཡབ་རྗེ་དམ་པའི་ ཕྱག་ཞུ་སྟེ་ གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་ ༡༩༧༡ ལོར་ མི་དབང་ཡབ་རྗེ་དམ་པ་མཆོག་ ཡུན་རིང་མི་བཞུགས་ནི་ཨིན་པའི་ མངོན་མཁྱེན་ཐོག་ལུ་ ངོ་སྤྲོད་བཟུམ་ཅིག་སྦེ་ རྒྱ་གར་རྒྱལ་ཁབ་ནང་ གཞུང་འབྲེལ་གཟིགས་སྐོར་ལུ་ ཆིབས་བསྐྱོད་གནང་ཡོདཔ་བཞིན་དུ། རྒྱ་གར་གྱི་སྲིད་འཛིན་ བི་བི་གི་རི་དང་ སྲིད་བློན་ཨིན་དྷ་ར་ གཱན་དྷི་གིས་གཙོས་པའི་ རྒྱ་གར་གཞུང་གི་ ཆེས་མཐོའི་འགོ་དཔོན་ཚུ་དང་ མཇལ་ཕྲད་མཛད་དེ་ རྒྱལ་ཁབ་ཟུང་ཕྱོགས་དང་ རྒྱལ་སྤྱི་ལུ་ཕན་པའི་ གསུང་གྲོས་ཚུ་གནང་ནུག།
ཀྲོང་གསར་དཔོན་སློབ།
༆ འབྲུག་རྒྱལ་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ མི་དབང་རྒྱལ་སྲས་མཆོག་ དགུང་ལོ་ ༡༧ གནམ་ལོ་ཆུ་བྱི་ སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༥ པའི་ཚེས་ ༡༥ ལུ་ ཕྱི་ལྟར་དུ་ ཀྲོང་གསར་དཔོན་སློབ་དང་། ནང་ལྟར་དུ་ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་བཞི་པའི་ གསེར་ཁྲིར་མངའ་གསོལ་ མཛད་གནང་པའི་ ཕྱི་ནང་གསང་གསུམ་གྱི་ མཛད་སྒོའི་རྟེན་འབྲེལ་ཚུ་ ཐིམ་ཕུ་དང་ ཀྲོང་གསར་གཉིས་ཆ་རའི་ནང་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ མཛད་གནང་ནུག།
དེ་ཡང་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་གིས་ བདེ་ཆེན་ཆོས་གླིང་ཕོ་བྲང་ནང་ གསང་བའི་རྟེན་འབྲེལ་ བརྩི་སྲུང་མཛད་པའི་སྐབས་ལུ་ མི་དབང་ཡབ་ཡུམ་རྣམ་གཉིས་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ གྲལ་གཏོགས་མཛད་གནང་ཡོདཔ་ད། བཀྲ་ཤིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་ མངོན་པར་མཐོ་བའི་ རྒྱལཔོ་རང་གི་གསེར་ཁྲིར་མངའ་གསོལ་དང་ ཀུན་རྭའི་ནང་ རྗེ་མཁན་ཁྲི་རབས་ ༦༧ པ་ སྐྱབས་རྗེ་ཉི་སྤྲུལ་འཕྲིན་ལས་ལྷུན་གྲུབ་མཆོག་ དབུ་བཞུགས་ཀྱིས་ གཡས་ཁ་ཐུག་ལུ་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་ གཡོན་ཁ་ཐུག་ལུ་ ཞྭ་དམར་རིན་པོ་ཆེ་བཞུགས་ཏེ་ འཕགས་པའི་དགེ་འདུནམ་ཚུ་གིས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་གྱི་ མཛད་སྒོ་ཚུ་ ག་ནི་བ་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ མཛད་གནང་ནུག།
དེ་བསྒང་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ མཛད་སྒོའི་ལས་རིམ་ནང་ འབྲུག་གཞུང་གི་ བློན་པོ་ལྷན་རྒྱས་ཚུ་དང་ ཕྱི་རྒྱལ་ཁག་གི་ ཆེས་མཐོའི་སྐུ་མགྲོན་ཚུ་གིས་གཙོས་པའི་ ཞི་དྲག་ལས་ཁུངས་ཁག་གི་ དཔོན་ཁག་ཚུ་གིས་ བཅའ་མར་གཏོགས་ཏེ་ རྟེན་འབྲེལ་བརྩི་སྲུང་ཞུ་བའི་ཤུལ་ལུ། མི་མང་གི་དོན་ལས་ ཅང་གླིང་མའི་ཐང་ནང་ གླུ་གར་དང་ འཁྲབ་སྟོན་ རྩེད་རིགས་ལ་སོགས་པའི་སྒོ་ལས་ ཉིན་བཞག་ ༧ གྱི་རིང་ལུ་ དགའ་སྟོན་ཕུན་སུམ་ཚོགས་པ་ མཛད་གནང་མི་དེ་ ཧེ་མ་ལས་ ད་ཚུན་གྱི་བར་ན་ རྩ་ལས་རང་ མཐོང་མ་མྱོང་པའི་ དགའ་སྟོན་སྦོམ་ཤོས་ཅིག་ཨིན་ཟེར་ རྒན་ཤོས་ཚུ་གིས་ བཤདཔ་ཨིན་པས།
སྤྱི་ཟླ་ ༦ པའི་ཚེས་ ༡༦ ལུ་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལས་ ཆོས་རྩེ་རྫོང་ནང་ ཀྲོང་གསར་དཔོན་སློབ་ ཁྲི་རབས་བཅོ་ལྔ་པའི་ གསེར་ཁྲིར་ཕེབས་པའི་ རྟེན་འབྲེལ་ལུ་ བཞུགས་གྲལ་ཕུན་སུམ་ཚོགས་པ་དང་། བཀྲ་ཤིས་རྟགས་བརྒྱད་དང་ བཀྲ་ཤིས་རྫས་བརྒྱད་ཚུ་གིས་གཙོས་པའི་ སྐུ་གསུང་ཐུགས་རྟེན་གྱི་ མཎྜལ་ཚུ་ རིམ་པ་བཞིན་དུ་ ཕུལ་བའི་ཤུ་ལུ་ གླུ་གར་དང་ རྩེད་རིགས་ལ་སོགས་པའི་ ལས་རིམ་དང་ བཟའ་འཐུང་ལོངས་སྤྱོད་ཀྱིས་ མི་སེར་ཚུ་ ཚིམས་པར་མཛད་ནུག།
མི་དབང་ཡབ་རྗེ་དམ་པའི་དགོངས་རྫོགས།
༆ འབྲུག་རྒྱལ་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ ཀྲོང་གསར་དཔོན་སློབ་ཀྱི་ ཁྲི་སྟོན་མཇུག་བསྡུ་བའི་ཉིན་མ་ལས་ བསྙུང་གཞི་བཞེས་ཏེ་ ཀྲོང་གསར་ལུ་རང་ དགོངས་པ་རྫོགས་ནི་གི་ ཐུགས་ཐགས་བཅད་ཡོད་རུང་། མི་དབང་རྒྱལ་སྲས་ ཀྲོང་གསར་དཔོན་སློབ་མཆོག་དང་ མི་དབང་རྒྱལ་ཡུམ་ ཕུན་ཚོགས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དབུ་གཙོས་པའི་ བློན་འབངས་ཡོངས་ཀྱིས་ གསོལཝ་བཏབ་བཞིན་དུ་ ཐིམ་ཕུར་ཕེབས་ཞིནམ་ལས་ སྐུ་རིམ་ཞབས་བརྟན་ཚུ་བསྒྲུབས་ཏེ་ དགུང་ཞག་དག་པ་ཅིག་ བཞུགས་པའི་ཤུལ་ལུ་ སྨན་བཅོས་ཀྱི་དོན་ལས་ ཨཕ་རི་ཀའི་ས་གནས་ ནེ་རོ་བི་ཟེར་སར་ ཆིབས་བསྐྱོད་གནང་ནུག།
ཨིན་རུང་ སྨན་བཅོས་ཀྱིས་ ཕན་ཐོགས་མེད་པར་ མི་དབང་རྒྱལ་སྲས་ ཀྲོང་གསར་དཔོན་སློབ་མཆོག་ལུ་ ཐུགས་བརྩེ་ཆེ་བའི་སྒོ་ལས་ ཞལ་བཀོད་དང་ བཀའ་སློབ་ཚུ་ རིམ་པ་བཞིན་དུ་གནང་སྟེ། སྨན་ལྗོངས་ཙན་དན་བཀོད་པའི་ མི་མང་ཡོངས་ཀྱི་གཙུག་ནོར་ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ ཆུ་བྱི་ཟླཝ་ ༦ པའི་ཚེས་ ༡༠ སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༧ པའི་ཚེས་ ༢༡ ལུ་ དགོངས་པ་རྫོགས་སོངཔ་ལས་ འབྲུག་གི་བློན་འབངས་ག་ར་ མྱ་ངན་གྱི་གནས་ལུ་ གྱུར་སོང་ནུག།
ཆུ་བྱི་ཟླཝ་ ༦ པའི་ཚེས་ ༡༢ ལུ་ མི་དབང་ཡབ་རྗེ་དམ་པ་མཆོག་གི་ སྐུ་གདུང་རིན་པོ་ཆེ་ རྒྱ་མཚམས་ཀྱི་ས་གནས་ ཧང་ཤི་མ་ར་ཚུན་ གནམ་གྲུའི་ནང་འབད་ གདན་འདྲེན་ཞུ་བའི་སྐབས་ལུ་ མི་དབང་རྒྱལ་བཙུན་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་དང་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ དབུ་གཙོས་པའི་ བླ་སློབ་དང་ དགེ་སློང་ གཞུང་གི་དཔོན་ཁག་ཚུ་ ཕེབས་བསུ་ཞུ་བར་བཅར་ཏེ་ དེ་ཚེ་ ཕུན་ཚོགས་གླིང་ ལྷ་ཁང་ནང་དང་། རང་ཟླ་ ༦ པའི་ཚེས་ ༡༣ ལུ་ ཐིམ་ཕུ་གླིང་གའི་ཕོ་བྲང་ནང་ གདན་འདྲེན་ཞུ་ནུག།
དེ་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ ཉི་སྤྲུལ་འཕྲིན་ལས་ལྷུན་གྲུབ་མཆོག་གིས་ དབུ་གཙོས་པའི་ བླ་སློབ་དང་ གཞུང་དགེ་འདུན་གྲྭ་ཚང་དམངས། ཕྱོགས་ཀྱི་བླ་སྤྲུལ་དང་ གྲྭ་ཚང་ཁག་གི་ བླ་སློབ་དང་ དགེ་སློང་ཚུ་ རིམ་པ་བཞིན་དུ་ གདན་འདྲེན་ཐོག་ལས་ ཟླ་ངོ་ ༣ གྱི་རིང་ལུ་ དགོངས་རྫོགས་བསྒྲུབས་གནང་ཡོདཔ་མ་ཚད། རྒྱ་གར་དང་ ནེ་པཱལ་ཚུ་ལུ་བཞུགས་མི་ བླ་སྤྲུལ་ཚུ་ལུ་ཡང་ བསྔོ་སྨོན་གྱི་ འབུལ་ཚན་དང་ ལྷ་ཁང་དགོན་སྡེ་ཁག་དང་ གནས་རྩ་ཅན་ཚུ་ལུ་ སྟོང་མཆོད་ལ་སོགས་པ་ཚུ་ རྒྱ་ཆེར་ཕུལ་གནང་ནུག།
ཆུ་བྱི་ཟླཝ་ ༩ པའི་ཚེས་ ༡༣ སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༡༠ པའི་ཚེས་ ༢༠ ལུ་ སྤུར་སྦྱང་གི་དོན་ལས་ མི་དབང་ཡབ་རྗེ་དམ་པ་མཆོག་གི་ སྐུ་གདུང་རིན་པོ་ཆེ་ ཐིམ་ཕུ་ལས་ བུམ་ཐང་ལུ་ གདན་འདྲེན་ཞུ་སྟེ། རང་ཟླ་ ༩ པའི་ཚེས་ ༢༢ སྤྱི་ཟླ་ ༡༠ པའི་ཚེས་ ༢༨ ལུ་ ལྷ་བབས་དུས་ཆེན་གྱི་ཉིན་མར་ བུམ་ཐང་སྐུ་རྗེས་ཐང་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་གིས་ དབུ་གཙོས་པའི་ བླ་སློབ་དང་ གཞུང་དགེ་འདུན་གྲྭ་ཚང་དམངས། རྒྱལ་དབང་ཀརྨ་པ་དང་ དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་གིས་ དབུ་གཙོས་པའི་ ཕྱོགས་ཀྱི་བླ་སྤྲུལ་དང་། གྲྭ་ཚང་དགོན་སྡེ་ཁག་གི་ བླ་སློབ་དང་ དགེ་སློང་ཚུ་གིས་ སྤུར་ཁང་གི་ཕྱོགས་བཞི་ལས་ གསུང་ཆོག་གནང་སྟེ་ མེ་མཆོད་ཕུལ་བའི་སྐབས་ལུ། རྒྱ་གར་གྱི་སྲིད་བློན་ ཨིན་དྷ་ར་ གཱན་དྷི་དང་ མཛའ་བརྩེའི་མཐུན་ལམ་ཅན་གྱི་ རྒྱལ་ཁབ་ཁག་ལས་ཡང་ སྐུ་ཚབ་ལེ་ཤ་ཅིག་བྱོན་ནུག།
རྒྱལ་རབས་བཞི་པའི་ གསེར་ཁྲིར་མངའ་གསོལ།
༆ འབྲུག་རྒྱལ་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ སྤྱི་ལོ་ ༡༩༧༠ ལོར་ འབྲུག་རྒྱལ་ཡོངས་ཚོགས་ཐེངས་ ༣༢ པའི་ནང་ གྲོས་གཞི་བཙུགས་གནངམ་བཞིན་དུ། ཚོགས་འདུ་ཆེན་མོའི་གྲོས་ཆོད་ དོན་ཚན་ ༧ པར་ མི་དབང་རྒྱལ་སྲས་མཆོག་ དགུང་ལོ་ ༢༡ མ་བཞེས་པའི་ཧེ་མར་ མི་དབང་ཡབ་རྗེ་དམ་པ་མཆོག་ལུ་ སྐུ་ཚེ་མ་བརྟན་པའི་ གནད་རེ་འབྱུང་པ་ཅིན། འོས་འབབ་ཅན་གྱི་ རྒྱལ་ཚབ་ཅིག་ བསྐོས་དགོ་པའི་སྐོར་ལས་ གྲོས་ཆོད་བྱུང་ཡོད་རུང་། མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ མཁྱེན་རླབས་དང་ ལྕོགས་གྲུབ་ལུ་ ཡིད་ཆེས་སྦོམ་ཡོདཔ་ལས། འབྲུག་རྒྱལ་ཡོངས་ཚོགས་ཐེངས་ ༣༧ པའི་ནང་ ཚོགས་འདུའི་འཐུས་མི་ག་ར་ མགྲིན་གཅིག་གི་ཐོག་ལས་ རྒྱལ་ཚབ་བསྐོས་མ་དགོ་པའི་ གྲོས་ཆོད་གྲུབ་ནུག།
གནད་དོན་དེ་ལུ་བརྟེན་ཏེ་ རབ་བྱུང་ ༡༦ པའི་ ཆུ་བྱི་ཟླཝ་ ༦ པའི་ཚེས་ ༡༤ སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༧ པའི་ཚེས་ ༢༦ ལུ་ བསྟན་རྒྱས་བློན་པོ་ མི་དབང་རྒྱལ་སྲས་ རྣམ་རྒྱལ་དབང་ཕྱུག་མཆོག་གི་ འགོ་འདྲེན་ཐོག་ལུ་ བློན་འབངས་ཚུ་གིས་ བཀྲ་ཤིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་ རྟེན་འབྲེལ་ཚུལ་ཙམ་གྱི་སྒོ་ལས་ རྒྱལ་པོའི་ཕྱག་དམ་ཕུལ། ཆུ་བྱི་ཟླཝ་ ༡༠ པའི་ཚེས་ ༥ ལུ་ སྤུངས་ཐང་བདེ་ཆེན་ཕོ་བྲང་ནང་ ཞབས་དྲུང་མ་ཆེན་རིན་པོ་ཆེའི་ སྐུ་མདུན་ལས་ ཆོས་སྲིད་འཁོར་ལོར་བསྒྱུར་བའི་ བཀྲ་ཤིས་ལེགས་དར་སྣེ་ལྔ་བཞེས་ཏེ་ གསེར་ཁྲིར་མངའ་གསོལ་གྱི་ རྟེན་འབྲེལ་མདོར་བསྡུས་ཅིག་ བརྩི་སྲུང་ཞུ་ཡོདཔ་ད་ དེ་ཡང་ གླང་ལོ་དེ་ མི་དབང་ཞབས་ཀྱི་ བདུན་ཟུར་ཕོག་ནི་དེ་གིས་ཨིན་པས།
འབྲུག་གི་ལྷ་མི་སྲིད་སྡེ་ཡོངས་ཀྱིས་ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་བཞི་པའི་ ཁྲི་སྟོན་དངོས་གཞི་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་ ༡༩ རབ་བྱུང་ ༡༦ པའི་ མེ་སྟག་ཟླཝ་ ༤ པའི་ཚེས་ ༡༥ སྤྱི་ལོ་ ༡༩༧༤ སྤྱི་ཟླ་ ༦ པའི་ཚེས་ ༢ ལུ་ གཟའ་སྐར་དགེ་བའི་ཉིན་མར་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་ནང་སྦེ་ མངའ་གསོལ་ཞུ་ནུག།
དེ་ཡང་ བདེ་ཆེན་ཆོས་གླིང་ཕོ་བྲང་ནང་ སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་གིས་ སྐུ་ཚེ་མཐར་ཕྱིན་ཐབས་ལུ་ ཚེ་དབང་དང་བཅས་པའི་སྒོ་ལས་ མཛད་སྒོའི་རྟེན་འབྲེལ་ཚུ་ མཛད་པའི་ཤུལ་ལུ། དཔལ་ལྡན་འབྲུག་པའི་ ཆིབས་གྲལ་བཙར་ཏེ་ བཀྲ་ཤིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་ གདན་འདྲེན་ཞུ་ཞིནམ་ལས་ རྗེ་མཁན་ཁྲི་རབས་ ༦༧ པ་ སྐྱབས་རྗེ་ཉི་སྤྲུལ་འཕྲིན་ལས་ལྷུན་གྲུབ་མཆོག་གིས་ བཀྲ་ཤིས་རྫས་བརྒྱད་དང་ བཀྲ་ཤིས་རྟགས་བརྒྱད་ རྒྱལ་སྲིད་སྣ་བདུན་ལ་སོགས་པའི་ སྐུ་གསུང་ཐུགས་རྟེན་གྱི་ མཎྜལ་ཚུ་ཕུལ་ཏེ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་རྒྱ་ཆེ་ཏོག་ཏོ་སྦེ་ བརྩི་སྲུང་ཞུ་ནུག།
དེ་བསྒང་ རྒྱལ་དབང་ཀརྨ་པ་ སྐུ་འཕྲེང་ ༡༦ པ་ རང་བྱུང་རིག་པའི་རྡོ་རྗེ་མཆོག་གིས་ དབུ་གཙོས་པའི་ བོད་ཀྱི་བླ་ཆེན་ཚུ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་ སྐུ་མགྲོན་ཚུ་ཡང་ རྒྱ་གར་གྱི་ སྲིད་འཛིན་དང་ཨམ། བང་ལ་དེཤ་གི་ སྲིད་འཛིན་དང་ཨམ། ནེ་པཱལ་རྒྱལ་པོའི་ སྲས་དང་སྲསམོ། འབྲས་ལྗོངས་རྒྱལཔོ། དེ་ལས་ གཞན་ཡང་ ཨཱོཛ་ཊི་ཡ་དང་ ཀེ་ན་ཌ་ རྒྱ་ནག་ ཕ་རཱནཛ་ རྒྱ་པཱན་ ནིའུ་ཛར་ལེན་ སིངྒ་པོར་ སུ་ཡེ་ཛར་ལེན་ ཡུ་ཀེ་ ཨ་མི་རི་ཀ་ ར་ཤི་ཡ་ལ་སོགས་པའི་ རྒྱལ་ཁབ་ཁག་ལས་ སྐུ་ཚབ་ཚུ་དང་། འཛམ་གླིང་རྒྱལ་སྤྱིའི་ ལས་སྡེ་ཁག་གི་ སྐུ་ཚབ་མང་རབས་ཅིག་ཡང་ ཁྲི་དར་ཕུལ་བར་བཅར་ནུག།
སྤྱི་ཟླ་ ༦ པའི་ཚེས་ ༣ ལས་ ཅང་གླིང་མའི་ཐང་ནང་ ཉིན་གྲངས་ ༣ གྱི་རིང་ལུ་ གླུ་གར་དང་ རྩེད་རིགས་ལ་སོགས་པ་ ཐུགས་སྤྲོའི་ལས་རིམ་སྣ་ཚོགས་དང་ བཟའ་འཐུང་ལོངས་སྤྱོད་ཚུ་གིས་ ཚིམས་པར་མཛད་པའི་ཁར་ རྒྱལ་པོའི་མགྲོན་ཁང་གི་ཐང་ནང་ མི་སེར་ཡོངསལུ་ འབྲུག་གི་དངུལ་ལོར་གསར་པའི་ གསོལ་རས་ཚུ་ཡང་གནང་ནུག།
མི་དབང་རྒྱལ་བཙུན་ལྷན་རྒྱས་ བཀྲ་ཤིས་མངའ་གསོལ།
༆ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་ ༢༢ སྤྱི་ལོ་ ༡༩༧༩ ལོར་ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་མར་ མི་དབང་སྐུ་འཁོར་ ལྷན་འཛོམས་ཐོག་ལུ་ གསང་བའི་སྒོ་ལས་ མི་དབང་རྒྱལ་བཙུན་ སྐུ་མཆེད་བཞི་ཁབ་ཏུ་བཞེས་པའི་ བཀྲ་ཤིས་མངའ་གསོལ་གྱི་ སྔོན་འགྲོའི་རྟེན་འབྲེལ་ མདོར་བསྡུས་ཅིག་དང་། དགུང་ལོ་ ༣༣ རབ་བྱུང་ ༡༧ པའི་ ས་འབྲུག་ཟླཝ་ ༩ པའི་ཚེས་ ༢༢ སྤྱི་ལོ་ ༡༩༨༨ སྤྱི་ཟླ་ ༡༠ པའི་ཚེས་ ༣༠ ལུ་ རྒྱལ་བ་ལྷ་ལས་བབས་པའི་ དུས་ཆེན་དང་བསྟུན་ཏེ་ མི་དབང་རྒྱལ་བཙུན་ལྷན་རྒྱས་ བཀྲ་ཤིས་མངའ་གསོལ་གྱི་ རྟེན་འབྲེལ་དངོས་གཞི་ སྤུངས་ཐང་བདེ་བ་ཆེན་པོའི་ནང་ མཛད་གནང་ནུག།
དེ་ཡང་ མི་དབང་རྒྱལ་བཙུན་ རྡོ་རྗེ་དབང་མོ་དབང་ཕྱུག་དང་ ཚེ་རིང་དབྱངས་སྒྲོན་དབང་ཕྱུག་ ཚེ་རིང་པདྨོ་དབང་ཕྱུག་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་ སྐུ་མཆེད་བཞི་གིས་ དབུ་གཙོས་པའི་ མི་དབང་སྲས་སྲོས་ལྷན་རྒྱས་ཚུ་ རང་ལུགས་ཆིབས་གྲལ་བཙར་ཏེ་ སྤུངས་ཐང་བདེ་བ་ཆེན་པོར་ ཞབས་དྲུང་མ་ཆེན་གྱི་ གཟིམ་ཅུང་སྒོ་ཁའི་ ལྷ་ཁང་ནང་ གདན་འདྲེན་ཞུ་བའི་ཤུལ་ལུ། རྗེ་མཁན་ཁྲི་རབས་ ༦༨ པ་ སྐྱབས་རྗེ་བསྟན་འཛིན་དོན་གྲུབ་མཆོག་གིས་ མི་དབང་རྒྱལ་བཙུན་ལྷན་རྒྱས་དང་ མི་དབང་སྲས་སྲོས་ལྷན་རྒྱས་བརྒྱད་ལུ་ མགུལ་དར་སྣེ་ལྔ་རེ་ ཕུལ་གནང་སྟེ་ བཞུགས་གྲལ་རྟེན་འབྲེལ་ མཛད་གནང་ནུག།
དེ་ལས་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་ལྷན་རྒྱས་ཚུ་ ཆིབས་གྲལ་བཙར་ཐོག་ལས་ སྤུངས་ཐང་བདེ་མཆོག་ལྷ་ཁང་ནང་ གདན་འདྲེན་ཞུ་སྟེ། བཞུགས་གྲལ་ཕུན་སུམ་ཚོགས་པའི་སྒོ་ལས་ བཀྲ་ཤིས་མངའ་གསོལ་གྱི་ རྟེན་འབྲེལ་ཕུན་སུམ་ཚོགས་པར་ མཛད་གནང་པའི་ཤུལ་ལུ། ཐིམ་ཕུ་བདེ་ཆེན་ཆོས་གླིང་ཕོ་བྲང་ནང་ ཉིན་གྲངས་ ༣ གྱི་རིང་ གླུ་གར་དང་ རྩེད་རིགས་ བཟའ་འཐུང་ལོངས་སྤྱོད་ལ་སོགས་པ་ཚུ་གིས་ མི་མང་ག་ར་ ཚིམས་པར་མཛད་པའི་ཁར། རྒྱལ་ཁབ་ཀྱི་ རྫོང་ཁག་ཚུ་གི་ནང་ཡང་ གླུ་གར་དང་ རྩེད་རིགས་ལ་སོགས་པའི་ དགའ་སྟོན་ཕུན་སུམ་ཚོགས་པ་ཚུ་ བརྩི་སྲུང་ཞུ་ནུག།
མི་དབང་སྲས་སྲོས་འཁྲུངས་ཚུལ།
༆ མི་དབང་རྒྱལ་བཙུན་ལྷན་རྒྱས་ལས་ མི་དབང་སྲས་སྲོས་ཚུ་ རིམ་པ་བཞིན་དུ་ འཁྲུངས་ཡོད་མི་དེ་ཡང་ སྤྱི་ལོ་ ༡༩༨༠ ལོར་ མི་དབང་རྒྱལ་བཙུན་ ཚེ་རིང་དབྱངས་སྒྲོན་དབང་ཕྱུག་མཆོག་ལས་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་། མི་དབང་རྒྱལ་བཙུན་ ཚེ་རིང་པདྨོ་དབང་ཕྱུག་མཆོག་ལས་ མི་དབང་རྒྱལ་སྲསམོ་ འཆི་མེད་དབྱངས་འཛོམས་དབང་ཕྱུག་འཁྲུངས་ནུག།
སྤྱི་ལོ་ ༡༩༨༡ ལོར་ མི་དབང་རྒྱལ་བཙུན་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ལས་ མི་དབང་རྒྱལ་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་དང་། མི་དབང་རྒྱལ་བཙུན་ ཚེ་རིང་དབྱངས་སྒྲོན་དབང་ཕྱུག་མཆོག་ལས་ མི་དབང་རྒྱལ་སྲསམོ་ བདེ་ཆེན་དབྱངས་འཛོམས་དབང་ཕྱུག། སྤྱི་ལོ་ ༡༩༨༢ ལོར་ མི་དབང་རྒྱལ་བཙུན་ ཚེ་རིང་པདྨོ་དབང་ཕྱུག་མཆོག་ལས་ མི་དབང་རྒྱལ་སྲསམོ་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་འཁྲུངས།
སྤྱི་ལོ་ ༡༩༨༤ ལོར་ མི་དབང་རྒྱལ་བཙུན་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ལས་ མི་དབང་རྒྱལ་སྲས་ འཇིགས་རྒྱལ་ཨོ་རྒྱན་དབང་ཕྱུག་དང་། མི་དབང་རྒྱལ་བཙུན་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་ལས་ མི་དབང་རྒྱལ་སྲས་ ཁམས་གསུམ་སེངྒེ་དབང་ཕྱུག། སྤྱི་ལོ་ ༡༩༨༦ ལོར་ མི་དབང་རྒྱལ་བཙུན་ ཚེ་རིང་དབྱངས་སྒྲོན་དབང་ཕྱུག་མཆོག་ལས་ མི་དབང་རྒྱལ་སྲས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་འཁྲུངས།
སྤྱི་ལོ་ ༡༩༩༣ ལོར་ མི་དབང་རྒྱལ་བཙུན་ སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་ལས་ མི་དབང་རྒྱལ་སྲསམོ་ ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་དང་། མི་དབང་རྒྱལ་བཙུན་ ཚེ་རིང་པདྨོ་དབང་ཕྱུག་མཆོག་ལས་ མི་དབང་རྒྱལ་སྲས་ འཇིགས་མེད་དབང་ཕྱུག་ཚུ་ རིམ་པ་བཞིན་དུ་འཁྲུངས་ནུག།
རྒྱལ་བསྟན་བསྐྱར་གསོ།
༆ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ ནང་པ་སངས་རྒྱས་པའི་ བསྟན་པ་རིན་པོ་ཆེ་ ཉམས་པ་སོར་ཆུད་དང་ མི་ཉམས་གོང་འཕེལ་ལ་སོགས་པའི་ བསྟན་པ་ལུ་ཕན་པའི་ ཕྱག་རྗེས་བཟང་པོ་ མང་རབས་ཅིག་ མཛད་གནང་མི་ཚུ་ དུས་ནམ་ཡང་ བརྗོད་པར་དཀའ་བའི་ གནས་ཅིག་ཨིན་རུང་ བཀའ་དྲིན་རྗེས་དྲན་གྱི་དོན་ལུ་ ཆུ་ཐིགས་ཙམ་ཅིག་ ཞུ་ནི་ཨིན།
མི་དབང་ཞབས་ལས་ རྒྱལ་བསྟན་རིན་པོ་ཆེ་ ཉམས་པ་སོར་ཆུད་དང་ མི་ཉམས་རྒྱུན་སྐྱོང་གི་དོན་ལུ་ གཞུང་གི་ཡིག་ཚང་ཅིག་ དགོས་མཁོ་ཆེ་བའི་ གནད་ལུ་གཟིགས་ཏེ་ སྤྱི་ལོ་ ༡༩༧༥ ལོར་ ཆོས་སྡེ་ཁག་གི་ འཐུས་མི་དང་བཅས་པའི་ གྲྭ་ཚང་ལྷན་ཚོགས་ གསར་བཙུགས་གནང་ཡོདཔ་བཞིན་དུ། གྲྭ་ཚང་ལྷན་ཚོགས་འདི་གིས་ སྤུངས་ཐིམ་དགེ་འདུན་གྲྭ་ཚང་གིས་གཙོས་པའི་ རྫོང་གཞིའི་རབ་སྡེ་ཁག་དང་ བཤད་གྲྭ་ སྒྲུབ་གྲྭ་ ཆོས་སྡེ་ཚུ་ག་ར་ བདག་སྐྱོང་འཐབ་བཞིན་དུ་ཡོདཔ་ཨིན།
དེ་ཡང་ ཧེ་མར་ རྫོང་ཁག་ ༡༠ དེ་ཅིག་ལུ་མ་གཏོགས་ དགེ་འདུན་གྲྭ་ཚང་མེད་མི་དེ་ ད་རེས་ནངས་པར་ རྫོང་ཁག་ ༢༠ གིས་མ་ཚད་པར། དྲུང་ཁག་དང་ དགོན་སྡེ་ཁག་ལུ་ཡང་ དགེ་འདུན་གྲྭ་ཚང་དང་ བཤད་གྲྭ་ སྒྲུབ་གྲྭ་ ཨ་ནེ་མོའི་གྲྭ་ཚང་ སྒོམ་སྡེ་ལ་སོགས་པ་ཚུ་ གསར་བཙུགས་གནང་སྟེ་ རྒྱལ་ཁབ་མཐའ་དབུས་ག་རའི་ནང་ ཁྱབ་སྟེ་ཡོད་མི་ཚུ་ མི་མང་ག་ར་གིས་ མཁྱེན་གསལ་ལྟར་དུ་ཨིནམ་ལས་ རྒྱས་བཤད་ཞུ་དགོ་པའི་ དགོས་པ་ཅིག་ མ་མཐོང་པར་ མིང་གནས་ཙམ་ཅིག་ལས་ མ་བཀོད་པར་བཞག་ཡོད།
རྫོང་གཞི་དང་ སྐུ་གསུང་ཐུགས་རྟེན།
༆ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ རྒྱལ་ཁབ་ཀྱི་ རྫོང་གཞི་རྙིངམ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་དང་ གསང་སྔགས་ཟབ་དོན་ཕོ་བྲང་ རྟ་མགོ་ཆོས་དབྱིངས་རྫོང་ ཀྲོང་གསར་རྫོང་ བཀྲ་ཤིས་སྒང་རྫོང་ དབང་འདུས་ཕོ་བྲང་རྫོང་ མགར་ས་རྫོང་ ལྷུན་རྩེ་རྫོང་ལ་སོགས་པ་ཚུ་ གསར་བཞེངས་དང་ དབྱེ་བ་མེད་པར་ རྟེན་དང་བརྟེན་པ་བཅས་པ་ ཉམས་གསོ་དང་། པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་ བསམ་རྩེ་ རྩི་རང་ ཆུ་ཁ་ཚུ་ལུ་ སྔར་མེད་རྫོང་གཞི་གསར་བཞེངས་དང་། བཀྲ་ཤིས་གཡང་རྩེ་དང་ གཞལམ་སྒང་ ཧཱ་ཚུ་ལུ་ རྫོང་ཁག་བདག་སྐྱོང་གི་དོན་ལས་ རྫོང་གཞི་གསར་བཞེངས་ཚུ་ མཛད་གནང་ནུག།
སྤྱི་ལོ་ ༡༩༧༤ ལོར་ མི་དབང་ཞིང་གཤེགས་དམ་པའི་ དགོངས་རྫོགས་ལུ་དམིགས་ཏེ་ ཐིམ་ཕུ་ལུ་ བཀའ་དགོངས་ཕུར་གསུམ་ ནང་རྟེན་དང་བཅས་པའི་ དགོངས་རྫོགས་མཆོད་རྟེན་དང་། སྤུངས་ཐང་ཉི་ཟེར་སྒང་ལུ་ ཁམས་གསུམ་གཡུལ་ལས་རྣམ་རྒྱལ་མཆོད་རྟེན་ ཐོག་ཚད་གསུམ་ རྟེན་དང་བརྟེན་པ་བཅས་པ། ཀྲོང་གསར་བཀྲ་ཤིས་ཆོས་གླིང་ལྷ་ཁང་། དེ་ལས་ བུམ་ཐང་སྐུ་རྗེས་ལུ་ བཀའ་དགོངས་ཕུར་གསུམ་གྱི་ ལྷ་ཁང་དང་ ཟངས་མདོག་དཔལ་རིའི་ ཞིང་བཀོད་ལ་སོགས་པའི་ ལྷ་ཁང་མང་རབས་ཅིག་ གསར་བཞེངས་གནངམ་ལས་ མི་མང་ག་ར་གིས་ མཇལ་ཡུལ་ལུ་ཡོདཔ་ཨིན།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་བའི་སྐུ་གསུང་ཐུགས་རྟེན་ མང་རབས་ཅིག་ བཞེངས་གནང་པའི་ནང་གསེས་ལས། ཡབ་རྗེ་དམ་པ་ མི་དབང་ཞིང་གཤེགས་མཆོག་གི་ དགོངས་རྫོགས་ལུ་དམིགས་ཏེ་ བཀྲ་ཤིས་ཆོས་རྫོང་ནང་ སྟོན་པ་ཐོག་ཚད་མ་དང་ ཡི་དམ་བདེ་མཆོག་གི་ དཀྱིལ་འཁོར་བློས་བླངས། སྤུངས་ཐང་བདེ་ཆེན་ཕོ་བྲང་ནང་ བདེ་མཆོག་འཁོར་ལོ་སྡོམ་པའི་སྐུ་འདྲ། ཀྲོང་གསར་རྫོང་ནང་ ཕུར་པའི་སྐུ་འདྲ་ལ་སོགས་པའི་ སྐུ་རྟེན་སྣ་ཚོགས་དང་།
སྤྱི་ལོ་ ༢༠༠༥ ལུ་ རྡོ་སྐྱོང་ལར་ འབྲུག་དབང་རྒྱལ་མཆོད་རྟེན་ ༡༠༨ ཀྱིས་གཙོས་པའི་ ཐིམ་ཕུ་སྤང་རི་ཟམ་པ་དང་ བཀྲ་ཤིས་སྒང་ ཡོན་ཕུ་ལ་ལུ་ བདུད་འདུལ་མཆོད་རྟེན་ཚུ་དང་ རྒྱལ་ཁབ་ནང་ ཐུགས་རྟེན་མང་རབས་ཅིག་ གསར་བཞེངས་གནང་སྟེ་ ཕྱག་མཆོད་ཀྱི་ཡུལ་ལུ་ མཛད་གནངམ་ལ་སོགས་པའི་ བསྟན་པ་འཕེལ་རྒྱས་མཛད་ནུག།
ལོ་ལྔའི་གོང་འཕེལ་འཆར་གཞི།
༆ འབྲུག་གི་ལོ་ལྔའི་འཆར་གཞི་དང་པ་ སྤྱི་ལོ་ ༡༩༦༡ ལོར་ འབྲུག་རྒྱལ་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རྒྱ་གར་གཞུང་ལས་ རྒྱུ་སྦུང་གཉིས་ཀྱི་ རོགས་རམ་དང་བཅས་པའི་སྒོ་ལས་ འགོ་བཙུགས་གནང་པའི་ཤུལ་ལུ་ སྐུ་ཚེས་མ་ཟིན་པར་ དགོངས་པ་རྫོགས་སོང་པ་ལུ་བརྟེན་ཏེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་ན་ཆུང་རུང་ མཁྱེན་རླབས་ཆེ་བའི་སྟབས་ཀྱིས་ སྔར་བ་ལྷག་པའི་ གོང་འཕེལ་རྒྱ་ཆེར་ མཛད་གནང་མི་ཚུ་ བཅུད་དོན་གཤམ་འཁོད་ལྟར་དུ་ཨིན།
ཤེས་རིག། རྒྱལ་ཁབ་གོང་འཕེལ་གྱི་དོན་ལུ་ ཤེས་རིག་ཡོན་ཏན་འདི་ ག་ནི་བ་ གལ་ཆེ་བའི་ གནད་ལུ་གཟིགས་ཏེ་ རྒྱལ་ཁབ་མཐའ་དབུས་ཀྱི་ སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ག་ར་ རྒྱ་བསྐྱེད་དང་ ཧེང་བཀལ་མང་རབས་ཅིག་ གསར་བཙུགས་གནང་པའི་ཁར། རྒྱལ་ཡོངས་ཤེས་རིག་སྤེལ་ཁང་དང་ མཐོ་རིམ་སློབ་གྲྭ་ ལེ་ཤ་ཅིག་གིས་གཙོས་པའི་ ལོ་ན་ཆུང་ཀུའི་སྐབས་ལུ་ ཤེས་ཡོན་ལྷབ་ནི་གི་ གོ་སྐབས་མ་ཐོབ་མི་ཚུ་གི་དོན་ལས་ གཡུས་ཚན་ཁག་སོ་སོར་ གཞི་རྟེན་ཤེས་ཡོན་ལྟེ་བ་ཚུ་ཡང་ གཞི་བཙུགས་ཀྱིས་ བྲི་ལྷག་གི་ ཤེས་ཡོན་ཚུ་ དར་ཁྱབ་མཛད།
གསོ་བ། འགྲོ་བ་མི་མང་ཡོངས་ལུ་ གཟུགས་ཁམས་འཕྲོད་བསྟེན་དེ་ གལ་ཆེཝ་ལས་ སྔར་གྱི་སྨན་ཁང་ཆེ་འབྲིང་ཆུང་གསུམ་ག་ར་ རྒྱ་བསྐྱེད་དང་ སྔར་མེད་གསར་བཙུགས་གནང་པའི་ནང་ལས་ཡང་། མ་བུའི་འཕྲོད་བསྟེན་དང་ ཨ་ལོའི་འཕྲོད་བསྟེན་ཚུ་ གལ་ཆེ་བར་གཟིགས་ཏེ་ དམིགས་བསལ་གྱིས་ གཞི་བཙུགས་གནང་པའི་ཁར། མི་སེར་གྱི་ གཟུགས་ཁམས་འཕྲོན་བསྟེན་ སྒྲིང་སྒྲིང་བཞག་ནི་དེ་ཡང་ གལ་ཆེཝ་ལས་ ཁྱིམ་གུང་རེ་རེ་བཞིན་དུ་ འཐུང་ཆུ་གཙང་མ་གིས་ ཁྱབ་པར་མཛད་ནུག།
སོ་ནམ། འབྲུག་པའི་མི་སེར་ཚུ་ འཚོ་བ་སོ་ནམ་ལུ་བརྟེན་ཏེ་ སྡོད་ནི་དེ་གིས་ སོ་ནམ་ས་ཞིང་ལུ་མཁོ་བའི་ ཆུ་གཡུར་ཚུ་ གཡུས་ཚན་ག་རའི་ནང་ བཟོ་བསྐྲུན་གནང་པའི་ཁར། སོན་དང་ ལུད་ལ་སོགས་པ་ཚུ་ཡང་ རིན་མེད་སྟོང་མར་ ཁྱབ་སྤེལ་གནང་སྟེ་ སོ་ནམ་གྱི་ ཐོན་བསྐྱེད་ཡར་རྒྱས་དང་། དངུལ་ཐོག་ལྡུམ་ར་ཚུ་ གོང་འཕེལ་གྱི་ཐོག་ལས་ རྒྱལ་ཁབ་ཕྱི་ནང་མེད་པར་ ཚོང་ལམ་ཚུ་ཡང་ སྒོ་ཕྱེ་གནང་སྟེ་ འོང་འབབ་ཡར་སེང་ མཛད་གནངམ་ལས་ མི་སེར་ཚུ་གིས་ ལོངས་སྤྱོད་བཞིན་དུ་ཡོདཔ་ཨིན།
སྒོ་ནོར། རྒྱལ་ཁབ་ནང་ མི་སེར་ཚུ་ སྒོ་ནོར་ལུ་མ་བརྟེན་མི་ ཕུད་རྡོག་ཅིག་ཡང་མེདཔ་ལས་ སྒོ་ནོར་སེམས་ཅན་གྱི་ རྒྱུ་སྤུས་དང་ འཐོན་སྐྱེད་ཚུ་ ལེགས་ཤོམ་བཟོ་ཐབས་ལུ་ ཕ་སོན་ཚུ་ བཀྲམ་སྤེལ་གནང་པའི་ཁར། རྩྭ་སོན་ཚུ་ཡང་ བཀྲམ་སྤེལ་གྱིས་ རྩྭ་འབྲོག་གོང་འཕེལ་དང་ ཚོང་ལམ་ཚུ་ གསར་གཏོད་གནང་སྟེ་ མི་སེར་ལུ་ དཔལ་འབྱོར་ཡར་འཕར་ མཛད་གནང་ནུག།
འཁོར་ལམ། རྒྱ་ཁབ་ནང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལས་ འཁོར་ལམ་ཚུ་ ག་ནི་བ་ གལ་ཆེ་བའི་ གནད་ལུ་གཟིགས་ཏེ་ གཞུང་ལམ་ཚུ་གིས་མ་ཚད་པར། ཟུར་ལམ་དང་ སོ་ནམ་ཞིང་ལམ་ཚུ་གིས་ གཡུས་ཚན་ག་རའི་ནང་ འབྲེལ་མཐུད་ཀྱིས་ ཁྱབ་པར་མཛད་དེ་ མི་སེར་མང་རབས་ཅིག་ སྣུམ་འཁོར་ཚུ་ནང་ འགྲོ་འགྲུལ་འབད་བཞིན་དུ་ཡོདཔ་ཨིན།
ཞབས་ཏོག། རྒྱལ་ཁབ་ནང་ རྒྱུན་འབྲེལ་འཐབ་ནི་འདི་ ག་ནི་བ་ གལ་ཆེ་བར་གཟིགས་ཏེ བརྒྱུད་འཕྲིན་དང་ འགྲུལ་འཕྲིན་ གློག་འཕྲིན་ཚུ་ རིམ་པ་བཞིན་དུ་ གཞི་བཙུགས་གནངམ་ལས། ད་རེས་ནངས་པར་ རྒྱལ་ཁབ་ནང་ འགྲུལ་འཕྲིན་ལག་ལེན་མ་འཐབ་མི་ ཨ་ལོ་བུ་ཆུང་ཅིག་ཡང་མེདཔ་ཨིན།དེ་བཟུམ་སྦེ་ མི་མང་སྐྱེལ་འདྲེན་གྱི་དོན་ལུ་ ས་གནས་མཐའ་ཟུར་གེ་རའི་ནང་ འགྲུལ་འཁོར་བཱཛ་ མང་རབས་ཅིག་ གཞི་བཙུགས་གནང་སྟེ་ མི་སེར་ཚུ་ ས་གནས་ག་ཏེ་འགྱོ་རུང་ འགྲོ་འགྲུལ་འབད་ནི་ལུ་ ག་ནི་བ་ བྱ་སྟབས་བདེ་ཏོག་ཏོ་ བཟོ་གནང་པའི་ཁར། འཛམ་གླིང་རྒྱལ་སྤྱིའི་ནང་ཡང་ འགྲུལ་བསྐྱོད་ཀྱི་དོན་ལུ་ གནམ་གྲུའི་མཐུད་འབྲེལ་ གཞི་བཙུགས་གནང་སྟེ་ཡོད་མི་ཚུ་ མི་མང་ག་ར་གིས་ མཁྱེན་གསལ་ལྟར་དུ་ཨིན།
དཔལ་འབྱོར་གོང་འཕེལ།
༆ འབྲུག་རྒྱལ་ཁབ་འདི་ རང་མགོ་རང་འདྲོངས་ བཟོ་ཐབས་ལུ་ ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ལས་ དཔལ་འབྱོར་ཡར་རྒྱས་ བཏང་གནང་པའི་ནང་ལས་ གློག་མེ་འཕྲུལ་ཁང་ ལེ་ཤ་ཅིག་ གཞི་བཙུགས་གནང་པ་ལུ་བརྟེན་ཏེ། ད་རེས་ནངས་པར་ རྒྱལ་ཁབ་ནང་ གཞུང་སྒེར་གྱི་ བཟོ་གྲྭ་འཕྲུལ་ཁང་ མང་རབས་ཅིག་ གསར་བཙུགས་དང་། རྒྱ་གར་རྒྱལ་ཁབ་ནང་ ཕྱིར་ཚོང་ཐོག་ལས་ ལོ་བསྟར་བཞིན་དུ་ འོང་འབབ་སྦོམ་ ཐོབ་བཞིན་དུ་ཡོད་པའི་ཁར། རྒྱལ་ཁབ་ཀྱི་ གྲོང་གཡུས་ཚུ་གི་ནང་ཡང་ གློག་མེ་བཀྲམ་སྤེལ་གྱི་ཐོག་ལས་ མི་སེར་ཚུ་གིས་ འོང་འབབ་ཚུ་ བཟོ་བཞིན་དུ་ཡོདཔ་ཨིན།
དེ་ལས་ ཕྱི་རྒྱལ་ལྟ་བཤལ་པའི་ ལམ་ལུགས་གསར་བཙུགས་གནངམ་ལས་ རྒྱལ་ཁབ་ནང་ འོང་འབབ་སྦོམ་ཤོས་ཅིག་གི་ ལས་སྡེ་ཅིག་ལུ་ གྱུར་ཏེ་ཡོདཔ་མ་ཚད། ས་གཏེར་དང་ ནགས་ཚལ་ སོ་ནམ་འཕྲུལ་ཁང་ལ་སོགས་པ་ཚུ་ཡང་ མང་རབས་ཅིག་ གཞི་བཙུགས་དང་། ཕྱི་རྒྱལ་ལུ་ ཕྱིར་ཚོང་འཐབ་ཆོག་པའི་ ཚོང་ལམ་ཚུ་ཡང་ སྒོ་ཕྱེ་གནང་སྟེ་ དཔལ་འབྱོར་གོང་འཕེལ་ རྒྱ་ཆེར་མཛད་གནང་ནུག།
ཆབ་སྲིད་ལེགས་བཅོས།
༆ ཧེ་མར་ སྐྱིད་སྡུག་ལྷན་ཁག་དང་ དངུལ་རྩིས་ལྷན་ཁག་ བསྟན་རྒྱས་ལྷན་ཁག་ ཞབས་ཏོག་ལྷན་ཁག་ གོང་འཕེལ་ལྷན་ཁག་ ཕྱི་འབྲེལ་ལྷན་ཁག་ཟེར་ ལྷན་ཁག་ ༦ ལས་མེད་རུང་། རྒྱལ་ཁབ་ཡར་རྒྱས་དང་ མི་སེར་ལུ་ ཕན་ཐོགས་ཆེ་བའི་ ལས་ཁུངས་ཚུ་ ལྷན་ཁག་ལུ་ ཡར་སེང་ཐོག་ལས་ གོང་འཕེལ་ལྷན་ཁག་ ཆ་མེད་བཏང་གནང་སྟེ། ལྷན་ཁག་དེ་གི་འོག་ལུ་ཡོད་མི་ ཤེས་རིག་ལས་ཁུངས་དང་ གསོ་བའི་ལས་ཁུངས་ སོ་ནམ་ལས་ཁུངས་ ༣ ལྷན་ཁག་ལུ་ ཡར་སེར་དང་། ཞབས་ཏོག་ལྷན་ཁག་གི་འོག་ལས་ བརྒྱུད་འབྲེལ་ལྷན་ཁག་དེ་ ལོགས་སུ་བཏོན་གནང་པའི་ཁར། ལོ་རིམ་བཞིན་དུ་ ན་གཞོན་ཚུ་ལུ་ ལཱ་གཡོག་གི་ དཀའ་ངལ་ཐོན་མི་དེ་ སེལ་ཐབས་ལུ་ ལས་གཡོག་ལྷན་ཁག་ གསར་བཙུགས་དང་། ནགས་ཚལ་ལས་ཁུངས་དེ་ སོ་ནམ་དང་ འབྲེལ་བ་ཡོད་པ་ལུ་བརྟེན་ཏེ་ བསྟན་རྒྱས་ལྷན་ཁག་གི་འོག་ལས་བཏོན་ཏེ་ སོ་ནམ་དང་ ནགས་ཚལ་ལྷན་ཁག་ལུ་ བསྒྱུར་བཅོས་མཛད། དེ་བཟུམ་སྦེ་ འཆར་གཞིའི་གྲུབ་འབྲས་ཚུ་ མཐར་འཁྱོལ་ཅན་སྦེ་ བཟོ་ཐབས་ལུ་ འབྲེལ་ཡོད་ལས་ཁུངས་ མང་རབས་ཅིག་ཡང་ གསར་བཏོད་གནང་ནུག།
ཧེ་མར་ འབྲེལ་ཡོད་ལྷན་ཁག་དང་ ལས་ཁུངས་ཚུ་གིས་ ཞི་གཡོགཔ་ཚུ་ གསར་བཙུགས་དང་ གོ་གནས་ཡར་སེང་ སྦྱོང་བརྡར་ལ་སོགས་པ་ཚུ་ ལག་ལེན་འཐབ་པའི་སྐབས་ལུ་ ཆགས་སྡང་ཕྱོགས་རིས་རེ་ཡང་ ཐོན་པའི་གནད་ལུ་བརྟེན་ཏེ། ཞི་གཡོགཔ་སྤྱི་མཚུངས་ལུ་ གོ་སྐབས་འདྲ་མཉམ་ འཐོབ་ཐབས་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་། གཞུང་གི་འཆར་དངུལ་ཚུ་ ལག་ལེན་ཞིབ་དཔྱད་ཀྱི་དོན་ལུ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན། རྒྱལ་ཁབ་ནང་ ངན་ལྷད་བཀག་ཐབས་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས། དེ་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་། རྒྱལ་གཞུང་དངུལ་དབང་འཛིན་ལ་སོགས་པ་ཚུ་ གཞི་བཙུགས་གནང་པའི་ཁར། གཞུང་གི་ལས་ཁུངས་ལ་ལོ་ཅིག་ རང་སྐྱོང་ལས་འཛིན་ལུ་ཡང་ བསྒྱུར་བཅོས་མཛད་གནང་ནུག།
དབང་ཚད་ཕྱིར་སྤེལ།
༆ སྤྱི་ལོ་ ༡༩༥༣ ལས་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ རྒྱལ་པོའི་ཆབ་དབང་ཚུ་ འབྲུག་རྒྱལ་ཡོངས་ཚོགས་འདུ་ལུ་ གནང་པའི་ཁར། མི་དབང་འབྲུག་རྒྱལ་བཞི་པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ གོང་འཕེལ་འཆར་གཞིའི་ ལས་སྣ་ཚུ་ མགྱོགས་དྲགས་འབད་ ལག་ལེན་འཐབ་ཐབས་ལུ་ བདག་སྐྱོང་གི་ དབང་ཚད་ཚུ་ རིམ་པ་བཞིན་དུ་ མི་སེར་ལུ་ ཕྱིར་སྤེལ་གནང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་ ༡༩༨༡ འཆར་གཞི་ལྔ་པའི་ནང་ལས་ རྫོང་ཁག་ཡར་རྒྱས་ཚོགས་འདུ་ གཞི་བཙུགས་ཀྱིས་ དབུས་གཞུང་ལས་ ལག་ལེན་འཐབ་མི་ བདག་སྐྱོང་གི་ དབང་ཆ་ཚུ་ རྫོང་ཁག་ཡར་རྒྱས་ཚོགས་འདུ་ལུ་ གནང་ཡོདཔ་ད། སྤྱི་ལོ་ ༡༩༩༡ འཆར་གཞི་བདུན་པའི་ནང་ལས་ མི་སེར་གྱི་ འཚོ་བའི་གནས་ཚད་ ཡར་རྒྱས་གཏང་ཐབས་ལུ་ རྒེད་འོག་ཡར་རྒྱས་ཚོགས་ཆུང་ གཞི་བཙུགས་ཀྱིས་ རྒེད་འོག་ལུ་ དབང་ཚད་ཕྱིར་སྤེལ་མཛད་ནུག།
འབྲུག་གཞུང་གི་ བློན་པོ་ལྷན་རྒྱས་ཚུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ གྲོས་གཞི་བཙུགས་གནང་མི་ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ལས་ གྲོས་ཆོད་གྲུབ་སྟེ་ བསྐོ་བཞག་གནང་སྲོལ་ཡོདཔ་ཨིན་རུང་། སྤྱི་ལོ་ ༡༩༩༨ ལས་ ཚོགས་འདུའི་འཐུས་མི་ཚུ་གིས་ གསང་བའི་ཚོགས་རྒྱན་བཙུགས་ཐོག་ལས་ བཙགས་འཐུའི་ལམ་ལུགས་ གསར་བཏོད་གནང་པའི་ཁར། དེ་སྦེ་ བཙགས་འཐུ་ལས་གྲུབ་མི་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ ཚོགས་རྒྱན་མཐོ་དམའ་དང་འཁྲིལ་ཏེ་ ལོ་རེར་སྐོར་རྒྱབ་འབད་ གཞུང་སྐྱོང་དབུ་ཁྲིད་ བློན་ཆེན་གྱི་ ལམ་ལུགས་ཚུ་ཡང་ གསར་བཏོད་མཛད་གནང་ནུག།
དམངས་གཙོའི་རིང་ལུགས།
༆ སྤྱི་ལོ་ ༢༠༠༨ ལས་ རྒྱལ་བརྒྱུད་དམངས་གཙོའི་རིང་ལུགས་ གཞི་བཙུགས་གནང་ཡོདཔ་བཞིན་དུ་ མི་སེར་ཚུ་གིས་ འབྲུག་རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་འཐུས་མི་ ༤༧ དང་། འབྲུག་རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ ༢༠ གསང་བའི་ཚོགས་རྒྱན་བཙུགས་ཐོག་ལས་ བཙགས་འཐུ་འབད་ནི་གི་ ལམ་ལུགས་ཐོག་ལུ་ དབང་ཚད་ག་ར་ མི་སེར་ལུ་ ཕྱིར་སྤེལ་གནང་སྟེ་ དམངས་གཙོའི་རིང་ལུགས་ གཞི་བཙུགས་མཛད་གནང་ནུག།
མ་གཞི་ དམངས་གཙོའི་རིང་ལུགས་ཟེར་རུང་ རྒྱལཔོ་དང་ དབུས་གཞུང་གི་ དབང་ཚད་ཚུ་ མི་སེར་རེ་རེ་བཞིན་དུ་ལུ་ ཁྱབ་སྤེལ་གྱིས་ གཞུང་དང་ མི་སེར་ མཉམ་འབྲེལ་ཐོག་ལས་ རྒྱལ་ཁབ་ཀྱི་ རང་བཙན་སྲུང་སྐྱོབ་དང་ གོང་འཕེལ་འཆར་གཞི་ཚུ་ ལག་ལེན་ཚུལ་བཞིན་དུ་ འཐབ་ནི་འདི་ཨིན་པས།
ཨིན་རུང་ ལམ་ལུགས་འདི་ འབྲུག་རྒྱལ་ཁབ་ནང་ སྔར་མེད་གསརཔ་ཅིག་འབདཝ་ལས་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གིས་ སྤྱི་ལོ་ ༡༩༥༣ ལུ་ འབྲུག་རྒྱལ་ཡོངས་ཚོགས་འདུ་ཆེན་མོ་དང་ སྤྱི་ལོ་ ༡༩༦༥ ལུ་ བློ་གྲོས་ཚོགས་སྡེ་ཚུ་ གཞི་བཙུགས་གནང་ནུག།
དེ་ལས་ མི་དབང་འབྲུག་རྒྱལ་བཞི་པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ སྤྱི་ལོ་ ༡༩༨༡ ལུ་ རྫོང་ཁག་ཡར་རྒྱས་ཚོགས་འདུ་དང་ སྤྱི་ལོ་ ༡༩༩༡ ལུ་ རྒེད་འོག་ཡར་རྒྱས་ཚོགས་ཆུང་ཚུ་ རིམ་པ་བཞིན་དུ་ གཞི་བཙུགས་གནང་པའི་ཁར། སྤྱི་ལོ་ ༡༩༩༨ ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་ཡང་ འབྲུག་རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ འཐུས་མི་ཚུ་གིས་ གསང་བའི་ཚོགས་རྒྱན་ བཙུགས་ཐོག་ལས་ བཙགས་འཐུ་འབད་ནི་གི་ ལམ་ལུགས་ཚུ་ གསར་བཏོད་གནང་ནུག།
དེ་བཟུམ་མའི་ ལས་རིམ་ཚུ་ རིམ་པ་བཞིན་དུ་ གསར་བཏོད་དང་ གཞི་བཙུགས་གནང་མི་དེ་ ད་རེས་ནངས་པར་ ང་བཅས་ཆ་ཁྱབ་ཀྱིས་ ལེགས་ཤོམ་སྦེ་ སེམས་ཁར་དྲན་ཏེ་ བལྟ་བ་ཅིན་ མི་སེར་ཚུ་ལུ་ དམངས་གཙོའི་རིང་ལུགས་ཀྱི་ སྦྱང་བ་བཟུམ་ཅིག་ཨིན་པའི་ ངེས་ཤེས་མངོན་སུམ་དུ་བྱུང་ཡི།
རྒྱལ་ཁབ་ཞི་བདེ།
༆ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་རྒྱལ་ཁབ་དང་ མི་སེར་ཚུ་ འཕྲལ་ཕུགས་གཉིས་ཀར་ དགའ་སྐྱིད་དང་ ཞི་བདེར་གནས་ཐབས་ལུ་ སྐུ་སྲོག་ལུ་ཡང་ ཉེན་ཁ་ཅན་གྱི་ ཕྱག་ལཱ་མང་རབས་ཅིག་ མཛད་གནང་མི་ཚུ་ དུས་ནམ་ཡང་ བརྗོད་པར་དཀའ་བའི་ གནད་དོན་སྦོམ་ཅིག་ཨིན་པས།
དེ་ཡང་ དཔྱེ་འབད་བ་ཅིན་ མི་ལོ་ལེ་ཤ་ཅིག་གི་རིང་ལུ་ འབྲུག་གི་ས་གནས་ཚུ་ནང་སྡོད་དེ་ རྒྱ་གར་གཞུང་ལུ་ ངོ་རྒོལ་འབད་མི་ ཨཱལ་ཕ་དང་ ཨེན་ཌི་ཨེལ་ ཀེ་ཨེལ་ཨོ་ཟེར་མི་ གཡིབས་དམག་ཚུ་ ཞི་བའི་གསུང་གྲོས་གནང་སྟེ་ རྒྱལ་ཁབ་ནང་ལས་ ཐོན་འགྱོ་དགོ་པའི་སྐོར་ལས་ ག་དེམ་ཅིག་ བཤད་དེ་འབད་རུང་ ཉན་མ་བཏུབ་པ་ལུ་བརྟེན་ཏེ། སྤྱི་ལོ་ ༢༠༠༢ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་ལུ་ སྐུ་སྲོག་མ་ཚད་ བློས་བཏང་གནང་སྟེ་ དྲག་ཁག་གསུམ་གྱི་ དམག་དཔོན་འབད་ བྱོན་གནང་ཞིནམ་ལས་ དུས་ཡུན་ཆུ་ཚོད་དག་པ་ཅིག་གི་ ནང་འཁོད་ལུ་རང་ གཡིབ་དམག་ཚུ་ རྒྱལ་ཁབ་ནང་ལས་ བཏོན་བཏང་གནང་སྟེ་ མི་སེར་ཚུ་ ཞི་བདེར་བཀོད་གནང་ཡོདཔ་ཨིན།
འཛམ་གླིང་རྒྱལ་སྤྱི་དང་མཐུན་འབྲེལ།
༆ རྒྱ་འབྲུག་རྒྱལ་ཁབ་ ༢ ཀྱི་བར་ན་ ཧེ་མ་ལས་ཡོད་མི་ མཐུན་ལམ་འདི་ རྒྱ་བསྐྱེད་དང་ དམ་ཟབ་བཟོ་གནང་པའི་ཁར། འཛམ་གླིང་རྒྱལ་ཁབ་ མང་རབས་ཅིག་དང་ མཐུན་ལམ་དམ་ཟབ་ཀྱི་སྒོ་ལས་ རྒྱལ་ཁབ་ཕན་ཚུན་ལུ་ གཞུང་ཚབ་ཡིག་ཚང་ མང་རབས་ཅིག་ གསར་བཙུགས་དང་། རྒྱལ་སྤྱིའི་ལས་སྡེ་ ལེ་ཤ་ཅིག་གི་ནང་ཡང་ འཐུས་མིར་འཛུལ་ཞུགས་མཛད་དེ། ཧེ་མར་ སྦས་ཡུལ་ནང་ རང་རྐྱང་སྡོད་མི་ འབྲུག་རྒྱལ་ཁབ་ཆུང་ཀུ་འདི་ རྒྱལ་ཁབ་སྦོམ་ཚུ་དང་ ཡར་ཐོན་ཅན་གྱི་ རྒྱལ་ཁབ་ཚུ་དང་ དབྱེ་བ་མེད་པར་ འདྲ་མཉམ་འབད་ འཛམ་གླིང་རྒྱལ་སྤྱིའི་ནང་ མིང་གཏམ་ཅན་ཅིག་སྦེ་ དར་ཁྱབ་སོང་སྟེ་ཡོད་མི་ཚུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་དྲིན་ཉག་ཅིག་ལུ་བརྟེན་ཏེ་ཨིནམ་ མི་མང་ག་ར་གིས་ མཁྱེན་གསལ་ལྟར་དུ་ཨིན།
རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས།
༆ འབྲུག་རྒྱལ་ཁབ་འདི་ ས་རྒྱ་ཆུང་པའི་ཁར་ མི་རློབས་ཡང་ ཉུང་སུ་ཅིག་ལས་མེད་པའི་ སྐོབས་ཚུད་ཀྱི་ རྒྱལ་ཁབ་ཅིག་ཨིན་རུང་། མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ཟབ་མོ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ གཞི་རྩ་དང་ ལྟ་བ་བཟང་པོ་ལུ་བརྟེན་ཏེ་ ད་རེས་ནངས་པར་ འཛམ་གླིང་རྒྱལ་སྤྱིའི་ནང་ མིག་དཔེར་འོས་པའི་ རྒྱལ་ཁབ་ཅིག་དང་ ཡོངས་གྲགས་ཅན་ཅིག་ལུ་ གྱུར་ཏེ་ཡོདཔ་མ་ཚད་ འབྲུག་མི་ཚུ་ཡང་ དཔའ་ཉམས་ཅན་ཅིག་ལུ་ གནས་ཏེ་ཡོདཔ་ཨིན།
འབྲུག་གི་རྩ་ཁྲིམས་ཆེན་མོ།
༆ སྤྱི་ལོ་ ༢༠༠༡ སྤྱི་ཟླ་ ༡༡ པའི་ཚེས་ ༣༠ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ཀྱིས་ ཁྲི་འཛིན་ཐོག་ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོ་ གསར་བཞེངས་འབད་དགོ་པའི་ བཀའ་སློབ་བཟང་པོ་ གནང་ཡོདཔ་བཞིན་དུ། འབྲུག་གི་རྩ་ཁྲིམས་ཆེན་མོའི་ ཟིན་བྲིས་ཚོགས་ཆུང་གིས་ སྤྱི་ལོ་ ༢༠༠༢ སྤྱི་ཟླ་ ༡༢ པའི་ཚེས་ ༩ ལུ་ རྩ་ཁྲིམས་ཆེན་མོའི་ ཟིན་བྲིས་དང་པ་ མི་དབང་ཞབས་སར་ སྤྱན་འབུལ་ཞུ་ནུག།
སྤྱི་ལོ་ ༢༠༠༥ སྤྱི་ཟླ་ ༣ པའི་ཚེས་ ༢༡ ལུ་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ རྩ་ཁྲིམས་ཆེན་མོའི་ ཟིན་བྲིས་དེ་ ལྷན་རྒྱས་གཞུང་ཚོགས་དང་། སྤྱི་ལོ་ ༢༠༠༥ སྤྱི་ཟླ་ ༨ པའི་ཚེས་ ༡༨ ལུ་ རྫོང་ཁག་ ༢༠ ཆ་མཉམ་མའི་ནང་ བཀྲམ་སྤེལ་གནང་ཡོདཔ་མ་ཚད། མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་འོ་བརྒྱལ་དང་ ཐུགས་འཚེར་ལུ་ མ་གཟིགས་པར་ མ་འོངས་རྒྱལ་ཁབ་ཀྱི་དོན་ལས་ བཙན་ཐབས་ལུ་ ཐུགས་བཞེད་རྒྱ་ཆེ་བའི་སྒོ་ལས་ རྫོང་ཁག་སོ་སོར་ སྐུ་དངོས་སུ་ ཆིབས་བསྐྱོད་གནང་སྟེ་ མི་སེར་ཚུ་དང་ གསུང་གྲོས་གནང་ཐོག་ལུ་ བསྒྱུར་བཅོས་རེ་ཡང་ མཛད་གནང་ནུག།
ཡ་མཚན་དངོས་བྱུང་གི་མཛད་རྣམ།
༆ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མི་ལོ་ ༣༤ གི་རིང་ལུ་ རྒྱལ་ཁབ་ཀྱི་ ཆབ་སྲིད་བསྐྱངས་གནང་སྟེ་ བཞུགས་པའི་སྐབས་ལུ། དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ འཕྲུལ་ཕུགས་གཉིས་ཀར་ རང་དབང་རང་བཙན་དང་ མི་སེར་ཚུ་ བདེ་སྐྱིད་ཕུན་སུམ་ཚོགས་ཏོག་ཏོ་སྦེ་ གནས་ཐབས་ལུ་ ཉིན་མཚན་ལྷོད་མེད་ ཕྱག་ལཱ་མང་རབས་ཅིག་ མཛད་གནང་པའི་ཁར། འཛམ་གླིང་ནང་ སྔོན་ཆད་རྩ་ལས་རང་ བྱུང་མ་མྱོང་པའི་ ཡ་མཚན་དངོས་བྱུང་གི་ ཕྱག་རྗེས་བཟང་པོ་ཚུ་ཡང་ ལེ་ཤ་ཅིག་ མཛད་གནང་ནུག།
དེ་ཡང་ དཔྱེ་འབད་བཅིན་ སྤྱི་ལོ་ ༡༩༩༨ ལུ་ ལྷན་རྒྱས་གཞུང་ཚོགས་ ཆ་མེད་བཏང་གནང་མི་དེ་ འཛམ་གླིང་རྒྱལ་སྤྱིའི་ རྒྱལ་བརྒྱུད་རྒྱལ་ཁབ་ནང་ འགོ་དང་པ་ཨིནམ་ད། དེ་ལས་ ཉེན་ཁ་ག་ནི་བ་ཆེ་བའི་ ས་གནས་ཚུ་ནང་ དམག་དཔོན་འབད་ བྱོན་གནང་མི་དེ་ཡང་ འཛམ་གླིང་ནང་ ཡ་མཚན་ཅན་ཅིག་ཨིནམ་མ་ཚད། རྒྱལ་པོའི་གསེར་ཁྲི་ལས་ དགོངས་ཞུས་མཛད་དེ་ ཟུར་བཞུགས་མཛད་གནང་མི་དེ་ཡང་ འཛམ་བུའི་གླིང་འདི་ནང་ བསྟོད་པར་འོས་པའི་ མིག་དཔེ་བཟང་པོ་ཅིག་ སྟོན་གནང་ནུག།
དེ་བཟུམ་མའི་ བསམ་བརྗོད་ལས་འདས་པའི་ མི་དབང་ཞབས་ཀྱི་ ཕྱག་རྗེས་བཟང་པོ་ རྒྱ་མཚོ་ལྟ་བུ་ལས་ བློ་གསར་ན་གཞོན་ཚུ་ལུ་ ཕན་པར་དམིགས་ཏེ་ ཆུ་ཐིགས་ཙམ་ཅིག་ ཞུཝ་དང་འབྲེལ། འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་བཞི་པ་དཔལ་མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ སྐུ་ཚེ་ཞབས་པད་ བསྐལ་བརྒྱར་བརྟན་ཏེ་ འབྲུག་རྒྱལ་ཁབ་འདི་ བསྐལཔ་མ་སྟོང་གི་བར་ན་ རབ་དབང་རང་བཙན་དང་ མི་སེར་ཚུ་ བཀྲ་ཤིས་པའི་ དགའ་བདེའི་དཔལ་ལུ་ ལོངས་སྤྱོད་བཞིན་དུ་གནས་པའི་ སྨོན་འདུན་ཞུ་ནི་ཨིན།
མི་དབང་འབྲུག་རྒྱལ་ལྔ་པ།
༆ མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ བརྒྱུད་འཛིན་གྱི་ རྒྱལ་རབས་བཞི་པ་ མི་དབང་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་དང་། ལྷ་སྲས་གཙང་མ་ལས་བརྒྱུད་པའི་ ཞབས་དྲུང་འཇིགས་མེད་རྡོ་རྗེ་དང་ ཞབས་དྲུང་གསུང་སྤྲུལ་ ཕྱོགས་ལས་ཡེ་ཤེས་དངོས་གྲུབ་མཆོག་གི་ གདུང་བརྒྱུད་ལས་ མི་དབང་རྒྱལ་བཙུན་ ཚེ་རིང་དབྱངས་སྒྲོན་དབང་ཕྱུག་མཆོག་གི་སྲས་ལུ་ སྤྱི་ལོ་ ༡༩༨༠ སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ སྐུ་འཁྲུངས་ཏེ་ འཁྲུངས་སྟོན་རྒྱས་པར་མཛད་ནུག།
དེ་ཡང་ སྤྱིར་འགྲོ་བ་ཡོངས་དང་ ལྷག་པར་དུ་ འབྲུག་གི་ལྷ་མི་སྲིད་སྡེའི་ བསོད་ནམས་སྤྱི་མཐུན་གྱི་ བགོ་སྐལ་ལུ་ འཛམ་གླིང་ནང་ ནགས་ཕྱོགས་རྩ་བརླགས་བཏང་སྟེ་ དཀར་ཕྱོགས་བདེ་བར་བསྐྱངས་མི་ གླིང་རྗེ་གེ་སར་རྒྱལ་པོ་མཆོག་གི་ རྣམ་སྤྲུལ་ཨིན་པའི་ རྒྱུ་མཚན་ལུ་བརྟེན་ཏེ་ འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ཟེར་ མཚན་གསོལ་མཛད་ནུག།
སྐུ་ཡོན་གསན་སྦྱངས།
མི་དབང་རྒྱལ་སྲས་མཆོག་ སྐུ་ན་ཆུང་ཀུའི་བསྒང་ལས་ མི་སེར་སྤྱིར་བཏང་གི་ ཨ་ལོ་ཚུ་དང་ ཁྱད་པར་མེད་པའི་ དཀའ་སྤྱད་མཛད་དེ་ ལུང་བསྟན་ཟམ་པ་ འབྲིང་རིམ་སློབ་གྲྭ་བར་མ་དང་། དབྱངས་ཅན་ཕུག་ འབྲིང་རིམ་སློབ་གྲྭ་ཆེ་བའི་ནང་ སློབ་རིམ་ ༡༢ ཀྱི་རིང་ལུ་ ཕྱི་ནང་གཉིས་ཀྱི་ སྐུ་ཡོན་གསན་སྦྱངས་མཛད་ནུག།
དེ་ལས་ ཨ་མི་རི་ཀ་ ཕི་ལིབཛ་གཙུག་ལག་སློབ་སྡེ་དང་། མ་ས་ཅུ་སེཊིཛ་ལུ་ཡོད་མི་ ཀུ་ཤིང་དང་ ཝི་ཊཱོན་གཙུག་ལག་སློབ་སྡེ། ཨོགསི་ཕོརཊི་ གཙུག་ལག་སློབ་སྡེ་དང་ མེག་ཌ་ལེན་ མཐོ་རིམ་སློབ་གྲྭ་ཚུ་ལས་ མཐོ་རིམ་དང་ གཙུག་ལག་ཤེས་ཡོན་ཚུ་ རིམ་པ་བཞིན་དུ་ གསན་སྦྱངས་མཛད་ནུག།
གཞུང་འབྲེལ་གྱི་ གོ་གནས་དང་པ།
དགུང་ལོ་ ༢༠ སྤྱི་ལོ་ ༢༠༠༢ སྤྱི་ཟླ་ ༦ པའི་ཚེས་ ༢༥ ལུ་ མི་དབང་ཡབ་རྗེ་དམ་པ་མཆོག་གིས་ བསམ་གཏན་གླིང་ཕོ་བྲང་ནང་ རྟེན་འབྲེལ་མདོར་བསྡུས་ཅིག་ བརྩི་སྲུང་མཛད་ཐོག་ལས་ མི་དབང་རྒྱལ་སྲས་མཆོག་ལུ་ གཞུང་འབྲེལ་གྱི་གོ་གནས་ ན་བཟའ་འབུ་རས་དམརཔོ་གནང་སྟེ། མི་དབང་ཡབ་རྗེ་དམ་པ་མཆོག་དང་ ཉིན་མཚན་འབྲལ་བ་མེད་པར་ བཞུགས་ཐོག་ལུ། ཆབ་སྲིད་འཛིན་སྐྱོང་སྤེལ་གསུམ་དང་ དཔལ་ལྡན་འབྲུག་པའི་ སྒྲིག་ལམ་ཆོས་གསུམ་ཚུ་ལུ་ ཞུན་དག་ཡང་དག་པར་མཛད་གནང་ནུག།
ཀྲོང་གསར་དཔོན་སློབ།
༆ མི་དབང་རྒྱལ་སྲས་མཆོག་ དགུང་ལོ་ ༢༤ རབ་བྱུང་ ༡༧ པའི་ ཤིང་སྤྲེལ་ཟླཝ་ ༩ པའི་ཚེས་ ༢༥ སྤྱི་ལོ་ ༢༠༠༤ སྤྱི་ཟླ་ ༡༠ པའི་ཚེས་ ༢༡ ལུ་ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་མར་ མི་དབང་ཡབ་རྗེ་དམ་པ་མཆོག་གིས་ བཀྲིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་ ཀྲོང་གསར་དཔོན་སློབ་ ཁྲི་རབས་ ༡༦ པར་ དར་མཛོད་སྣེ་ལྔའི་ ལེགས་དར་གནང་ནུག།
དེ་ལས་ ཆིབས་གྲལ་བཙར་ཏེ་ བཀྲ་ཤིས་ཆོས་རྫོང་གི་ ཀུན་རྭ་ནང་ གདན་འདྲེན་ཞུ་བའི་ཤུལ་ལུ། རྗེ་མཁན་ཁྲི་རབས་བདུན་ཅུ་པ་སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་ དབུ་བཞུགས་ཀྱིས་ གཞུང་དགེ་འདུན་གྲྭ་ཚང་གི་ བླ་སློབ་དང་ དགེ་སློང་ཚུ་གིས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་དང་། སྐྱབས་རྗེ་མཆོག་གིས་ སྐུ་གསུང་ཐུགས་རྟེན་གྱིས་གཙོས་པའི་ བཀྲ་ཤིས་རྟགས་བརྒྱད་དང་ བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་ ཕུལ་གནང་སྟེ་ རྟེན་འབྲེལ་རྒྱས་པར་མཛད།
དེ་བཟུམ་སྦེ་ ཀྲོང་གསར་རྫོང་ནང་ རྗེ་མཁན་ཁྲི་རབས་ ༦༧ པ་ སྐྱབས་རྗེ་ཉི་སྤྲུལ་འཕྲིན་ལས་ལྷུན་གྲུབ་མཆོག་ དབུ་བཞུགས་ཀྱིས་ ཆོས་རྩེ་རབ་སྡེའི་ བླ་སློབ་དང་ དགེ་སློང་ཚུ་གིས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་དང་། སྐྱབས་རྗེ་མཆོག་གིས་ སྐུ་གསུང་ཐུགས་རྟེན་གྱིས་གཙོས་པའི་ བཀྲ་ཤིས་རྟགས་བརྒྱད་དང་ བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་ ཕུལ་གནང་སྟེ་ རྟེན་འབྲེལ་ཕུན་སུམ་ཚོགས་པར་མཛད།
དེ་མ་ཚད་ ཐིམ་ཕུ་དང་ ཀྲོང་གསར་གཉིས་ཆ་རའི་ནང་ གླུ་གར་དང་ རྩེད་རིགས་ལ་སོགས་པའི་ དགའ་སྟོན་སྣ་ཚོགས་དང་། བཟའ་འཐུང་ལོངས་སྤྱོད་ཀྱིས་ རྒྱལ་ཁབ་ཕྱི་ནང་གི་ སྐུ་མགྲོན་ཚུ་དང་ མི་སེར་ཚུ་ ཚིམས་ཤིང་ངོམས་པར་མཛད་གནང་ནུག།
འབྲུག་རྒྱལ་ལྔ་པའི་ གསེར་ཁྲིར་མངའ་གསོལ།
༆ སྤྱི་ལོ་ ༢༠༠༥ སྤྱི་ཟླ་ ༡༢ པའི་ཚེས་ ༡༧ ལུ་ འབྲུག་གི་རྒྱལ་ཡོངས་དུས་ཆེན་ ཤར་ཕྱོགས་བཀྲ་ཤིས་གཡང་རྩེར་ བརྩི་སྲུང་མཛད་གནངམ་ད། མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ ཀྲོང་གསར་དཔོན་སློབ་ མི་དབང་རྒྱལ་སྲས་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུང་མཆོག་ རྒྱལ་པོའི་གསེར་ཁྲིར་ བསྐོ་བཞག་གིས་ དགོངས་ཞུ་མཛད་ནི་ཨིན་པའི་སྐོར་ལས་ རྒྱལ་ཡོངས་ལུ་ གསུང་བཤད་གནང་མི་དང་འཁྲིལ་ཏེ། སྤྱི་ལོ་ ༢༠༠༦ ལུ་ བཀའ་ཤོག་གནང་ཐོག་ལས་ སྔོན་འགྲོའི་རྟེན་འབྲེལ་ཐོག་ལུ་ ཟབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་ལྔ་པའི་ གསེར་ཁྲིར་མངའ་གསོལ་མཛད་ནུག།
འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་ལྔ་པའི་ ཁྲི་སྟོན་དངོས་གཞི་འདི་ རབ་བྱུང་ ༡༧ པའི་ ས་བྱི་ཟླཝ་ ༩ པའི་ཚེས་ ༣ སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༡༡ པའི་ཚེས་ ༡ ལུ་ གཟའ་སྐར་འཕྲོད་སྦྱོར་ ཕུན་སུམ་ཚོགས་པའི་ཉིན་མར་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ ཞབས་དྲུང་མ་ཆེན་རིན་པོ་ཆེའི་ སྐུ་མདུན་ལས་ དར་མཛོད་སྣེ་ལྔ་ བཞེས་པའི་ཤུལ་ལུ། ཆིབས་གྲལ་བཙར་ཏེ་ ཀུན་རྭའི་ནང་ གདན་འདྲེན་ཞུ་ཞིནམ་ལས་ རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ སྐུ་གསུང་ཐུགས་རྟེན་གྱིས་གཙོས་པའི་ བཀྲ་ཤིས་རྟགས་བརྒྱད་དང་ བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་ཚུ་ ཕུལ་གནང་སྟེ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་རྒྱས་པར་མཛད།
སྤྱི་ཟླ་ ༡༡ པའི་ཚེས་ ༣ ལུ་ བཀྲ་ཤིས་ཆོས་རྫོང་གི་ གསེར་ཁྲི་ཁང་བཟང་ནང་དང་། ཀུན་རྭའི་ནང་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་རྒྱས་པ་དང་། དེ་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༤ ལས་ ༦ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ ཅང་གླིང་མའི་ཐང་ནང་ མི་སེར་ཚུ་དང་ དགའ་སྟོན་རྟེན་འབྲེལ་མཛད་དེ། ཕྱི་རྒྱལ་ཁག་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ སྐུ་མགྲོན་ཚུ་གིས་གཙོས་པའི་ མི་སེར་ཚུ་ གླུ་གར་དང་ རྩེད་རིགས་སྣ་ཚོགས་ཀྱིས་ ཚིམས་པར་མཛད་གནང་ནུག།
མི་སེར་གྱི་མཐའ་དོན།
༆ མི་དབང་མངའ་བདག་རིན་པོ་ཆེ་ གསེར་ཁྲིར་ཕེབས་ཞིནམ་ལས་ ཉིན་མཚན་མེད་པར་ མི་སེར་གྱི་ སྐྱིད་སྡུག་དང་ དཔལ་འབྱོར་ཡར་རྒྱས་ཀྱི་དོན་ལུ་ ཐུགས་བཞེད་གནང་པ་གིས་མ་ཚད་པར། རྒྱལ་ཁབ་ཀྱི་ གྲོང་གཡུས་ཁག་སོ་སོར་ སྐུ་དངོས་སུ་ ཆིབས་བསྐྱོད་གནང་སྟེ་ མི་སེར་གྱི་ སྐྱིད་སྡུག་ཚུ་ གཟིགས་བཞིན་དུ། མི་སེར་ཚུ་ལུ་ དཀའ་ངལ་རེ་ འཐོན་པའི་སྐབས་ལུ་ དེ་འཕྲལ་ལས་ སྐྱིད་སྡུག་འཐོབ་ཐབས་ལུ་ ལུང་ཕྱོགས་སོ་སོར་ རྒྱལ་གཟིམ་གྱི་ ཡིག་ཚང་ཚུ་ཡང་ གསར་བཙུགས་གནང་སྟེ་ མི་སེར་ཚུ་ བདེ་སྐྱིད་ཀྱི་དཔལ་ལུ་ ལོངས་སྤྱོད་བཞིན་དུ་ཡོདཔ་ཨིན།
འབྲུག་གི་རྩ་ཁྲིམས་ཆེན་མོ།
༆ སྤྱི་ལོ་ ༢༠༠༨ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་འཁྲིལ་ཏེ། བཀྲ་ཤིས་ཆོས་རྫོང་གི་ ཀུན་དགའ་རྭ་བའི་ནང་ བཞུགས་གྲལ་ཕུན་སུམ་པའི་སྒོ་ལས་ རྒྱལ་རབས་ཅན་གྱི་ དམངས་གཙོའི་རིང་ལུགས་ཀྱི་ འབྲུག་གི་རྩ་ཁྲིམས་ཆེན་མོ་ གསེར་གྱི་གླེགས་བམ་གུ་ གསེར་ཞུན་གྱི་ ཕྱག་རྟགས་བཟང་པོ་ བཀོད་གནང་སྟེ་ དམངས་གཙོའི་གཞི་འགྱམ་ ལེགས་ཤོམ་སྦེ་ གསར་བཙུགས་མཛད་གནང་ནུག།
རྒྱལ་བཙུན་བཀྲ་ཤིས་མངའ་གསོལ།
༆ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགུང་ལོ་ ༣༡ རབ་བྱུང་ ༡༧ པའི་ ལྕགས་ཡོས་ཟླ་ ༨ པའི་ཚེས་ ༡༦ སྤྱི་ལོ་ ༢༠༡༡ སྤྱི་ཟླ་ ༡༠ པའི་ཚེས་ ༡༣ ལུ་ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་མར། ཨ་ཞེ་རྗེ་བཙུན་པདྨ་མཆོག་ ཆིབས་གྲལ་བཙར་ཏེ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ གདན་འདྲེན་ཞུ་ཐོག་ལས། སྤུངས་ཐང་རྫོང་གི་ རྡོ་གཅལ་ནང་ ཞབས་དྲུང་ཕུན་སུམ་ཚོགས་པའི་ མཐོང་གྲོལ་གྱི་ སྐུ་མདུན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མཇལ་ཕྲད་མཛད་དེ་ ཁྲུས་གསོལ་དང་ མར་ཆང་གི་ རྟེན་འབྲེལ་ཚུ་ མཛད་གནང་ནུག།
དེ་ལས་ ཞབས་དྲུང་མ་ཆེན་གྱི་སྒོ་ཁར་ མི་དབང་འབྲུག་རྒྱལ་བཞི་པ་ དཔལ་འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ ཨ་ཞེ་རྗེ་བཙུན་པདྨ་མཆོག་ལུ་ བཀྲ་ཤིས་ཁ་དར་སྣེ་ལྔ་ བཏགས་གནང་པའི་ཤུལ་ལུ། ཀུན་རྭའི་ནང་ གདན་འདྲེན་ཞུ་སྟེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་ཚུ་ རིམ་པ་བཞིན་དུ་ ཕུལ་གནང་སྟེ་ བཞུགས་གྲལ་ཕུན་སུམ་ཚོགས་པའི་སྒོ་ལས་ རྒྱལ་བཙུན་བཀྲ་ཤིས་མངའ་གསོལ་གྱི་ རྟེན་འབྲེལ་ཕུན་སུམ་ཚོགས་པ་མཛད།
དེ་ཚེ་ སྤུངས་ཐང་ཁ་ལུ་ གླུ་གར་དང་ རྩེད་རིགས་ལ་སོགས་པའི་ དགའ་སྟོན་དང་ བཟའ་འཐུང་ལོངས་སྤྱོད་ཀྱིས་ ཚིམས་པར་མཛད་དེ། སྤྱི་ཟླ་ ༡༠ པའི་ཚེས་ ༡༤ ལུ་ སྤུངས་ཐང་ཁ་ལས་ ཐིམ་ཕུ་ལུ་ ཆིབས་བསྐྱོད་གནང་ཡོདཔ་བཞིན་དུ་ མི་སེར་དང་ ཐིམ་ཕུའི་སློབ་གྲྭ་ཁག་གི་ སློབ་ཕྲུག་ཚུ་གིས་ བྱོན་ལམ་གཡས་གཡོན་ལས་ བཀྲ་ཤིས་ཁ་དར་དང་ མེ་ཏོག་སྣ་ཚོགས་ཀྱི་ མཆོད་པ་ཕུལ་ཏེ་ ཕེབས་བསུ་ཞུཝ་ལས། མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་རྒྱལ་བཙུན་མཆོག་ སེམས་རྟོགས་ཁ་ལས་ ཞབས་ཐངས་འབད་བྱོན་ཏེ་ མི་སེར་རེ་རེ་བཞིན་དུ་དང་ མཇལ་ཕྲད་མཛད་གནང་།
སྤྱི་ཟླ་ ༡༠ པའི་ཚེས་ ༡༥ ལུ་ ཐིམ་ཕུ་བཀྲ་ཤིས་ཆོས་རྫོང་གི་ ཀུན་རྭ་ནང་ གདན་འདྲེན་ཞུ་ཐོག་ལས་ བཞུགས་གྲལ་ཕུན་སུམ་ཚོགས་པའི་ རྟེན་འབྲེལ་དང་། དེ་ལས་ ཅང་གླིང་མའི་ཐང་ནང་ མི་སེར་ཚུ་དང་ དགའ་སྟོན་རྟེན་འབྲེལ་མཛད་དེ། ཕྱི་རྒྱལ་ཁག་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ སྐུ་མགྲོན་ཚུ་གིས་གཙོས་པའི་ མི་སེར་ཚུ་ གླུ་གར་དང་ རྩེད་རིགས་ལ་སོགས་པའི་ དགའ་སྟོན་སྣ་ཚོགས་ཀྱིས་ ཚིམས་པར་མཛད་ནུག།
འཛམ་གླིང་རྒྱལ་སྤྱི་དང་མཐུན་འབྲེལ།
༆ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ མཐུན་བཤེས་རྒྱལ་ཁབ་ རྒྱ་གར་གྱིས་གཙོས་པའི་ མཐུན་འབྲེལ་ཅན་གྱི་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ ཆིབས་བསྐྱོད་གནང་སྟེ། སྔར་ཡོད་མཐུན་ལམ་ རྒྱ་བསྐྱེད་དང་ དམ་ཟབ་མཛད་གནང་པའི་ཁར། སྔར་མེད་མཐུན་འབྲེལ་ཚུ་ཡང་ གསར་བཏོད་མཛད་བཞིན་དུ། སྐོབས་ཚུད་ཀྱི་ འབྲུག་རྒྱལ་ཁབ་ཆུང་ཀུ་འདི་ འཛམ་གླིང་ནང་ ཡོངས་གྲགས་ཅན་ཅིག་ལུ་ གནས་ཏེ་ཡོདཔ་ཨིནམ་ མི་མང་ག་ར་གིས་ མཁྱེན་གསལ་ལྟར་དུ་ཨིན།
མི་དབང་རྒྱལ་སྲས་སྐུ་འཁྲུངས་ཚུལ།
༆ འབྱུང་བ་བཞི་ལྡན་ མེ་ཕོ་སྤྲེལ་ལོ་ཟླཝ་ ༡༢ པའི་ཚེས་ ༢༧ སྤྱི་ལོ་ ༢༠༡༦ སྤྱི་ཟླ་ ༢ པའི་ཚེས་ ༥ ལུ་ གཟའ་སྐར་འཕྲོད་སྦྱོར་ ཕུན་སུམ་ཚོགས་པའི་ཉིན་མར་ ཐིམ་ཕུ་གླིང་ཀའི་ཕོ་བྲང་ནང་ མི་དབང་མངའ་བདག་རིན་པོ་ཆེ་ དཔལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་ མི་དབང་རྒྱལ་བཙུན་ རྗེ་བཙུན་པདྨ་དབང་ཕྱུག་མཆོག་གི་སྲས་ལུ་ སྐུ་འཁྲུངས་ཡོདཔ་ད་ དེ་བསྒང་ གནམ་ག་ནི་བ་དྭངས་པའི་བར་སྣང་ལུ་ འབྲུག་ལྡིངམ་ལ་སོགས་པའི་ ངོ༌མཚར༌ཅན་གྱི་ རྟགས་མཚན་བཟང་པོ་ མང་རབས་ཅིག་ བྱུང་མི་ཚུ་ མི་མང་གེ་ར་གིས་ མཐོང་སྣང་ལུ་གྱུར་ནུག།
གནམ་ལོ་མེ་སྤྲེལ་འདི་ ཨྱོན་གུ་རུ་རིན་པོ་ཆེ་ དྷ་ན་ཀོ་ཤའི་མཚོ་ལུ་ མེ་ཏོག་པདྨའི་སྦུག་ལས་ སྐུ་འཁྲུངས་ཏེ་ མི་ལོ་ ༣༠༦༠ འཁོར་བའི་ དུས་སྟོན་ཨིན་པའི་ཁར་ མི་ལོ་ ༡༩༢༠ གི་རིང་ལུ་ འཛམ་གླིང་འདི་ནང་ འགྲོ་དོན་དཔག་མེད་མཛད་དེ་ ལྷོ་ནུབ་སྲིན་པོའི་ཡུལ་ལུ་ཡང་ དྲུག་ཅུ་ལོ་འཁོར་ ༣༢ ཀྱི་ གནམ་ལོ་མེ་སྤྲེལ་ལོར་ ཕེབས་ཡོདཔ་བཞི་དུ་ མི་ལོ་ ༡༡༤༠ འཁོར་བའི་ དུས་སྟོན་ཁྱད་པར་ཅན་དང་།
སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ ནམ་མཁའི་སྙིང་པོ་རང་འོད་འབྲུག་གི་མཚན། ངག་གི་མིང་ཅན་ལྷོ་རོང་ཕྱོགས་སུ་འབྱུང་ཟེར་གསུངས་པའི་ ལུང་བསྟན་དང་འཁྲིལ་ཏེ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་རིན་པོ་ཆེ་ དཔལ་ངག་དབང་རྣམ་རྒྱལ་མཆོག་ གནམ་ལོ་མེ་འབྲུག་ སྤྱི་ལོ་ ༡༦༡༦ ལུ་ རྒྱལ་ཁབ་འདི་ནང་ ཆིབས་ཁ་བསྒྱུར་ཏེ་ ཕེབས་ཡོདཔ་བཞིན་དུ་ དུས་ཅི་ མེ་ཕོ་སྤྲེལ་ལོ་འདི་ཁར་ མི་ལོ་ ༤༠༠ འཁོར་བའི་ དུས་སྟོན་ཁྱད་པར་ཅན་ཡང་ཨིན་པས།
དེ་བཟུམ་མའི་ དུས་ཆེན་དང་ རྟེན་འབྲེལ་ཕུན་སུམ་ཚོགས་པའི་ གནམ་ལོ་མེ་སྤྲེལ་འདི་ཁར་ ང་བཅས་རའི་ འབྲུག་མི་ཡོངས་ཀྱི་ ཁ་རྗེ་དང་ བསོད་ནམས་ཀྱི་ བགོ་སྐལ་ལུ་ སྐུ་གསུམ་གྱི་བདག་ཉིད་ མི་དབང་རྒྱལ་སྲས་མཆོག་ སྐུ་འཁྲུངས་མི་འདི་ ངོ་མཚར་ཅན་ཅིག་ཨིནམ་ལས་ འབྲུག་པའི་མི་སེར་ག་ར་ དུས་དང་རྣམ་པ་ཀུན་ཏུ་ དགའ་བའི་གླུ་ལེན་ སྐྱིད་པའི་བྲོ་འཁྲབ་སྟེ་ སྡོད་ནི་ལུ་ དོགས་ཟོན་ག་ནི་ཡང་མེད་ཟེར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་གིས་ གསུངས་གནངམ་ཨིན་པས།
མི་དབང་རྒྱལ་སྲས་མཆོག་ སྐུ་འཁྲུངས་པའི་སྐབས་ལུ་ ཡབ་མེས་དམ་པ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ཡང་ གླིང་ཀའི་ཕོ་བྲང་ནང་ བཞུགས་ཏེ་ཡོདཔ་བཞིན་དུ་ ད་རེས་ རྒྱལ་སྲས་འཁྲུངས་པའི་ དུས་སྐབས་བཟུམ་སྦེ་ རྟགས་དང་རྟེན་འབྲེལ་ ཕུན་སུམ་ཚོགས་པ་འདི་བཟུམ་ཅིག་ སྔར་གྱི་རྒྱལ་རབས་ཚུ་ནང་ རྩ་ལས་ར་ བྱུང་མ་མྱོངམ་ཅིག་ཨིནམ་ལས་ རྒྱལ་སྲས་འདི་གིས་ མ་འོངས་པ་ལུ་ རྒྱལ་རབས་ ༦ པ་ མཛད་ནི་དང་ དེ་བསྒང་ འབངས་མི་སེར་ཚུ་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ བཞག་པའི་གུ་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ ལྷག་པར་དུ་ དཔལ་ལྡན་འབྲུག་པའི་ ཆོས་སྲིད་ལུགས་ ༢ ཀྱི་ བསྟན་པ་ལུ་ ཕྱག་ཕྱིད་གང་དྲག་ཞུ་སྟེ་ རྒྱལ་ཁབ་འདི་ དགའ་སྐྱིད་དང་ལྡན་ཞིང་ ཞི་བདེའི་ངང་ལུ་གནས་པའི་ རེ་བ་དང་ སྨོན་ལམ་ཡོད་ཟེར་ གསུངས་གནང་ནུག།
དེ་མ་ཚད་ སྐྱབས་རྗེ་རྗེ་མཁན་མཆོག་ཡང་ བཞུགས་ཏེ་ཡོདཔ་ལས་ སྐྱབས་རྗེ་མཆོག་གིས་ རྡོ་རྗེ་རྣམ་པར་འཇོམས་པའི་ཕུད་ཕུལ་ སྐུ་ཚེ་འགྱུར་བ་མེད་པའི་རྒྱས་བཏབ་ དེ་ཡང་ མགོན་པོ་ཚེ་དཔག་མེད་ཀྱིས་ བྱིན་གྱིས་བརླབས་པའི་ སྐུ་ཚེ་ཉི་ཟླ་དང་མཉམ་པར་ཤོག་ཅིག་ཟེར་དང་ དེ་ལས་ མགོན་པོ་ལྕམ་དྲལ་ ༣ ལུས་དང་ གྲིབ་མ་བཞིན་དུ་འགྲོགས་ཏེ་ ཁམས་གསུམ་དབང་དུ་འདུ་བར་ཤོག་ སྲིད་གསུམ་ཟིལ་གྱིས་གནོན་པར་ཤོག་ གདུལ་བྱ་ཆུ་ལས་རིང་བར་ཤོག་ མངའ་ཐང་དར་ཞིང་རྒྱས་པར་ཤོག་ འབངས་མི་སེར་གྱི་ བསམ་དོན་གྲུབ་པར་ཤོག་ཟེར་བའི་ ཐུགས་སྨོན་ཚུ་ཡང་གནང་ནུག།
ང་བཅས་རའི་ དཔལ་ལྡན་འབྲུག་པའི་ རྒྱལ་ཁབ་འདི་ནང་ ག་ནི་བ་ རྩ་ཆེ་བའི་ དུས་ཆེན་ཁྱད་པར་ཅན་དང་ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་མར་ འབྲུག་གི་ལྷ་མི་སྲིད་སྡེ་ཡོངས་ཀྱི་ བསོད་ནམས་ཀྱི་ བགོ་སྐལ་ལུ་བྱོན་མི་ བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ མི་དབང་རྒྱལ་སྲས་མཆོག་ལུ་ མཚན་གསོལ་མཛད་པའི་ དགའ་སྟོན་རྟེན་འབྲེལ་འདི་ཁར་ སྒོ་གསུམ་གུས་པའི་སྒོ་ལས་ བཀྲ་ཤིས་བདེ་ལེགས་ ཞུ་ནི་དང་འབྲེལ་ མི་དབང་རྒྱལ་སྲས་མཆོག་ སྨན་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་ གཙུག་རྒྱན་ལུ་ སྐུ་ཚེ་ཞབས་པད་ བསྐལ་བརྒྱར་བརྟན་པའི་ བཀྲ་ཤིས་སྨོན་འདུན་ཡང་ ཞུ་ནི་ཨིན།