འབྲུག་གི་སྡེ་སྲིད་ཁྲི་རབས་རིམ་པར་བྱོན་ཚུལ།

  རྩོམ་བྲིས་འབད་མི་: མགོན་པོ་རྡོ་རྗེ།
སྡེ་སྲིད་ཁྲི་རབས་དང་པ།

༆   སྡེ་སྲིད་དབུ་མཛད་ བསྟན་འཛིན་འབྲུག་རྒྱལ་མཆོག་ སྤྱི་ལོ་ ༡༥༩༡ རབ་བྱུང་ ༡༠ པའི་ ལྕགས་ཡོས་ལོར་ དགོན་འོབས་མཚོ་ཡུལ་གསར་ལུ་ གྲུབ་ཐོབ་གཏེར་ཁུངས་པའི་ གདུང་བརྒྱུད་ལས་ སྐུ་འཁྲུངས་ནུག། སྔོན་གྱི་སྨོན་ལམ་ཀྱི་ ལས་འཕྲོ་སད་དེ་ དགུང་ལོ་ ༡༡ ལུ་ འབྲུག་ར་ལུང་གི་གདན་སར་ ཡབ་བསྟན་པའི་ཉི་མ་དང་ ཞབས་དྲུང་རིན་པོ་ཆེའི་ ཞབས་སར་བཅར་ཏེ། གར་ཐིག་དབྱངས་ ༣ གྱིས་གཙོས་པའི་ རིག་གནས་མཐའ་དག་དང་། དབང་ལུང་ཁྲིད་གསུམ་ རྩིས་གཞུང་དཀར་ནག་ལ་སོགས་པའི་ ཕྱི་ནང་གསང་གསུམ་ལུ་ ཐོགས་པ་མེད་པའི་ སྒྲོ་འདོགས་ཆོད་པར་མཛད་དེ། དགུང་ལོ་ ༢༠ ལས་ ཞབས་དྲུང་རིན་པོ་ཆེའི་ དབུ་མཛད་དང་ ཕྱག་མཛོད་སྦྲེལ་མར་མཛད་ནུག།

སྤྱི་ལོ་ ༡༦༥༡ རབ་བྱུང་ ༡༡ པའི་ ལྕགས་ཡོས་ལོར་ ཞབས་དྲུང་རིན་པོ་ཆེ་ གསང་བའི་ཐུགས་དམ་ལུ་ བཞུགས་ཞིནམ་ལས་ཚུར་ ལུགས་གཉིས་འཁོར་ལོས་བསྒྱུར་བའི་ རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ཏེ། དགུང་ལོ་ ༦༦ སྤྱི་ལོ་ ༡༦༥༦ རབ་བྱུང་ ༡༡ པའི་ མེ་སྤྲེལ་ལོར་ གདན་ས་ལྕགས་རི་ལུ་ དབྱར་ཉི་ལྡོག་གི་ གསུང་ཆོག་སྐབས་ སྐུ་གཟུགས་མ་བདེ་བའི་ རྣམ་པ་ཙམ་ཡང་མེད་པར་ ཚོགས་དབུར་བཞུགས་བཞིན་དུ་ སྐུ་ཞི་བར་གཤེགས་ནུག།

སྡེ་སྲིད་ཁྲི་རབས་གཉིས་པ།

༆   ཆོས་རྗེ་ལ་སྔོན་པ་ བསྟན་འཛིན་འབྲུག་སྒྲ་མཆོག་ མང་སྡེ་ཡུལ་གླིང་ལུ་ ཡབ་བསྟན་པའི་ཉི་མའི་ ལྷ་ལྕམ་ཟུར་པའི་སྲས་ལུ་ སྤྱི་ལོ་ ༡༦༠༢ རབ་བྱུང་ ༡༠ པའི་ ཆུ་སྟག་ལོར་སྐུ་འཁྲུངས། སྐུ་ན་ཆུང་ཀུའི་བསྒང་ལས་ ར་ལུང་ལུ་བྱོན་ཏེ་ ཡབ་བསྟན་པའི་ཉི་མ་ལས་ དབང་ཁྲིད་མན་ངག་ཡོངས་རྫོགས་ གསན་བསམ་མཛད་དེ་ བཅུ་ཕྲག་རིག་པའི་གནས་ལུ་ མཁས་ཤིང་གྲུབ་པ་བརྙེས། དེ་ལས་ སྤྱི་ལོ་ ༡༦༤༦ རབ་བྱུང་ ༡༡ མེ་ཁྱི་ལོར་ སྤ་རོ་རིན་སྤུངས་རྫོང་ རྒྱ་བསྐྱེད་མཛད་དེ་ རིན་སྤུངས་སྤྱི་བླ་དང་པར་ བསྐོས་གནངམ་བཞིན་དུ། ཆོས་སྲིད་ལུགས་གཉིས་ཀྱི་ བསྟན་པ་ཆོས་བཞིན་བསྐྱངས་ཏེ་ མི་ལོ་ ༡༠ གྱི་རིང་ལུ་བཞུགས་ནུག།

དགུང་ལོ་ ༥༠ སྤྱི་ལོ་ ༡༦༥༦ མེ་སྤྲེལ་ལོར་ སྡེ་ཁྲིར་བྱོན་ཏེ་ སྤུངས་ཐང་རྫོང་ནང་ ཀུན་རྭ་གསར་བཞེངས་དང་། མཚན་ཉིད་བཤད་གྲྭ་གིས་གཙོས་པའི་ རིག་གནས་དང་། བཟོ་གྲྭ་ཚུ་ གསར་བཙུགས་གནང་པའི་ཁར། དངུལ་འབུམ་མཆོད་རྟེན་དང་། ཙནྡན་མཆོད་རྟེན། བཀའ་འགྱུར་གསེར་བྲིས་མ་ལ་སོགས་པ་ཚུ་ཡང་ མང་རབས་ཅིག་ གསར་བཞེངས་གནང་སྟེ། མི་ལོ་ ༡༡ གི་རིང་ལུ་ བསྟན་པར་ཕན་པའི་ ཕྱག་ལཱ་ཁོ་ན་མཛད་བཞིན་དུ། སྤྱི་ལོ་ ༡༦༦༧ རབ་བྱུང་ ༡༡ པའི་ མེ་ལུག་ལོར་ སྡེ་ཁྲི་ཐོག་ཁར་ སྐུ་ཞི་བར་གཤེགས་ནུག།

སྡེ་སྲིད་ཁྲི་རབས་གསུམ་པ།

༆   ཆོས་རྒྱལ་མི་འགྱུར་བསྟན་པ་མཆོག་ སྤྱི་ལོ་ ༡༦༡༣ རབ་བྱུང་ ༡༠ པའི་ ཆུ་གླང་ལོར་ བོད་སྨིན་འཁྱུད་ལུ་ འཁྲུངས་ཡོདཔ་ད། སྐུ་ན་ཆུང་ཀུའི་བསྒང་ལས་ ལྕགས་རི་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཐོག་ལས་ གསང་སྔགས་ཀྱི་ ཕྱག་ལེན་ཕུལ་ཕྱིན་མཛད་དེ། དབུ་མཛད་ཀྱི་ ཐུགས་འགན་བཞེས་ཏེ་ བཞུགས་པའི་སྐབས་ལུ་ དཔལ་ལྡན་འབྲུག་པའི་ བསྟན་པ་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ཕྱག་ཞུ་ནི་དེ་གིས་ ཆོས་རྩེ་སྤྱི་བླ་དང་པར་ བསྐོ་བཞག་གནང་ཡོདཔ་བཞིན་དུ་ ཀྲོང་གསར་རྫོང་ རྒྱ་བསྐྱེད་ཀྱིས་ གསར་བཞེངས་མཛད་པའི་ཁར། ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ དཔལ་ལྡན་འབྲུག་པའི་ མངའ་འོག་ལུ་བསྡུ་སྟེ་ ཤར་རྫོང་ ༦ ཡང་ བཞེངས་གནང་ནུག།

སྤྱི་ལོ་ ༡༦༦༧ རབ་བྱུང་ ༡༠ པའི་ མེ་ལུག་ལོར་ ཆོས་རྒྱལ་མི་འགྱུར་བསྟན་པ་མཆོག་ རྗེ་དྲུང་དམ་ཆོས་རྒྱལ་མཚན་གྱིས་ སྡེ་སྲིད་ཀྱི་ཁྲི་ལུ་ བསྐོ་བཞག་གནང་ཡོདཔ་ད། དེ་བསྒང་ མཁན་ཆེན་པད་དཀར་འབྱུང་གནས་མཆོག་ སྐུ་ན་བགྲེས་ཏེ་ དུས་མཆོད་འབུར་གཏེར་གྱི་ཚོགས་དབུར་ ཕེབས་མ་ཚུགས་པ་ལུ་བརྟེན་ཏེ། རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་ དགུང་ལོ་ ༣༡ ལུ་ དགེ་འདུན་འདུས་པའི་ བླ་མ་ཁྲི་པའམ་ རྡོ་རྗེ་སློབ་དཔོན་དང་པར་ མངའ་གསོལ་ཞུ་ནུག། དུས་དེ་ལས་ཚུར་ གཞུང་དགེ་འདུན་གྲྭ་ཚང་ནང་ རྡོ་རྗེ་སློབ་དཔོན་ བསྐོས་ནི་གི་ ལམ་སྲོལ་བྱུང་ཡོདཔ་ཨིན་པས།

གང་ལྟར་ཡང་ ཆོས་རྒྱལ་མི་འགྱུར་བསྟན་པ་མཆོག་གིས་ མི་ལོ་ ༡༣ སྡེ་ཁྲིར་བཞུགས་རིང་ལུ། ཕྱི་ནང་གསང་གསུམ་གྱི་ དམག་དཔུང་ག་ར་ལས་ རྣམ་པར་རྒྱལ་ཏེ་ བསྟན་སྲིད་མཐའ་རྒྱས་སུ་ བསྐྱངས་པའི་མཐར། དགུང་ལོ་ ༦༨ སྤྱི་ལོ་ ༡༦༨༠ ལྕགས་སྤྲེལ་ལོར་ སྤུངས་རྫོང་པ་ དགེ་འདུན་ཆོས་འཕེལ་གྱིས་གཙོས་པའི་ ངན་སྤྱོད་སྐྱེ་བོ་དག་པ་ཅིག་གིས་ ངོ་རྒོལ་དྲག་པོའི་སྒོ་ལས་ སྡེ་ཁྲི་ལས་ ཕབ་ཡོདཔ་བཞིན་དུ་ ལྕགས་རི་གདན་སར་ ཟུར་བཞུགས་མཛད་པའི་ ལོ་དེ་ནང་རང་ གཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་བཞི་པ།

༆   རྒྱལ་སྲས་བསྟན་འཛིན་རབ་རྒྱས་མཆོག་ ཐིམ་ཕུ་ཆ་འདུས་ རྟ་མགོ་ལུ་ སྤྱི་ལོ་ ༡༦༣༨ རབ་བྱུང་ ༡༡ པའི་ ས་སྟག་ལོར་ ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱི་གདུང་བརྒྱུད་ རྟ་མགོའི་ཆོས་རྗེ་ ཚེ་དབང་བསྟན་འཛིན་གྱི་སྲས་ལུ་ སྐུ་འཁྲུངས་ཡོདཔ་ད། དགུང་ལོ་ ༨ ལུ་ ཞབས་དྲུང་རིན་པོ་ཆེ་གིས་ གཙུག་ཕུད་བཞེས་ཐོག་ལས་ སྤུངས་ཐང་དགེ་འདུན་གྲྭ་ཚང་གི་འདུས་སྡེར་ སྒྲིག་ཁྲིམས་ལུ་བཞུགས་ནུག།

ཞབས་དྲུང་རིན་པོ་ཆེ་དང་ ཡོངས་འཛིན་རྗེ་དྲུང་དམ་ཆོས་རྒྱལ་མཚན་ལ་སོགས་པའི་ སྐྱེས་ཆེན་དམ་པ་ཚུ་ལས་ རིག་པའི་གནས་མ་ལུས་པ་ མདོ་སྔགས་ལུང་རིགས་དང་། ཟབ་ཆོས་མན་ངག་གི་ དབང་ལུང་ཁྲིད་གསུམ་ག་ར་ གསན་བཞེས་མཛད་དེ་ རྡོ་རྗེ་འཆང་གི་ དགོངས་པ་མངོན་དུ་གྱུར། དགུང་ལོ་ ༣༡ ས་སྤྲེལ་ལོར་ རྡོ་རྗེ་སློབ་དཔོན་དང་པའམ་ དཔལ་ལྡན་འབྲུག་པའི་ རྒྱལ་ཚབ་ཀྱི་ ཆོས་ཁྲིར་བྱོན་ཏེ། རྫོང་ཁག་སོ་སོར་ མགོན་ཁང་དང་ རྟེན་མདོས་ལ་སོགས་པ་ གསར་བཙུགས་ཐོག་ལས་ ཆོས་སྲིད་འཛིན་སྐྱོང་སྤེལ་གནང་ནུག།

དགུང་ལོ་ ༤༣ སྤྱི་ལོ་ ༡༦༨༠ ལྕགས་སྤྲེལ་ལོར་ སྡེ་ཁྲིར་ཕེབས་ཡོདཔ་ད། དེ་ཡང་ ཨོ་རྒྱན་རིན་པོ་ཆེ་གིས། རྡོར་གདན་མཐིལ་ནས་བསྟན་འཛིན་མིང་ཅན་འབྱུང་། །དེ་བཞུགས་རིང་ལ་ལྷོ་བོད་ཡུགས་གཅིག་བདེ། །ཟེར་གསུངས་པའི་ ལུང་བསྟན་ལྟར་དུ་ རྒྱལ་ཁབ་འདི་ནང་ བདེ་སྐྱིད་ཕུན་སུམ་ཚོགས་པ་ བྱུང་ཡོདཔ་ལས་ སྐྱེ་བོ་ཀུན་གྱིས་ དེ་བཟུམ་མའི་ དགའ་སྐྱིད་འདི་ དུས་ནམ་ཡང་ མ་བྱུང་ཟེར་བའི་ གཏམ་གླེང་དར་ཁྱབ་བྱུང་ནུག།

དེ་བསྒང་ ཤར་ཝང་སྤར་གསུམ་ལས་ བཙུན་ཁྲལ་བསྡུ་སྟེ་ དགེ་འདུན་འདུས་པའི་སྡེ་ སྤར་གནང་པའི་ཁར། མཚན་ཉིད་ཀྱི་སྡེ་དང་ གསོ་རིག་གི་སྡེ་ ལྷ་བྲིས་པའི་སྡེ་ འཇིམ་བཟོའི་སྡེ་ལ་སོགས་པ་ཚུ་ གསར་བཙུགས་དང་། རྟ་མགོའི་གཙུག་ལག་ཁང་ ཟུར་བཅུ་གཉིས་མ་ ཐོག་ཚད་གསུམ་མ་དང་། སྤ་རོ་སྟག་ཚང་ལུ་ དཔལ་ཕུག་གཙུག་ལག་ཁང་ ཐོག་ཚད་གཉིས་མ་ ནང་རྟེན་དང་བཅས་པ་ གསར་བཞེངས་གནང་པའི་ཁར། སྐུ་གསུང་ཐུགས་རྟེན་ཚུ་ཡང་ མང་རབས་ཅིག་ གསར་བཞེངས་མཛད་ནུག།

དེ་ལས་ རབ་བྱུང་ ༡༢ པའི་ མེ་ཡོས་ལོར་ ཐིམ་ཕུ་བཀྲིས་ཆོས་རྫོང་ནང་ ཚེས་བཅུའི་དགའ་སྟོན་ གསར་བཙུགས་དང་། རྒྱལ་ཁབ་མཐའ་དབུས་ལུ་ གཟིགས་སྐོར་གནང་སྟེ་ རྫོང་གཞི་རྒྱ་བསྐྱེད་དང་ ཞིག་གསོ་ལ་སོགས་པ་ བསྟན་འགྲོར་ཕན་པའི་ མཛད་འཕྲིན་རླབས་ཆེན་བསྐྱངས་ཏེ་ མི་ལོ་ ༡༤ གི་རིང་ལུ་ སྡེ་ཁྲིར་བཞུགས་པའི་མཐར། སྙུང་གཞིས་ཐེབས་ནི་དེ་གིས་ དགུང་ལོ་ ༥༧ སྤྱི་ལོ་ ༡༦༩༤ ཤིང་ཁྱི་ལོར་ སྡེ་ཁྲི་བཤོལ་ཏེ། རྟ་མགོའི་གདན་སར་ བཞུགས་བཞིན་དུ་ དགུང་ལོ་ ༥༩ སྤྱི་ལོ་ ༡༦༩༦ རབ་བྱུང་ ༡༢ པའི་ མེ་བྱི་ལོར་ ངོ་མཚར་བའི་ ལྟས་བཟང་པོ་དང་བཅས་པའི་སྒོ་ལས་ མྱ་ངན་ལས་འདའ་བའི་ཚུལ་བསྟན་ནུག།

སྡེ་སྲིད་ཁྲི་རབས་ལྔ་པ།

༆   དགེ་འདུན་ཆོས་འཕེལ་མཆོག་ དཀར་སྤེ་གོང་མར་འཁྲུངས་ཏེ། ཆུང་ཀུའི་བསྒང་ལས་ ཆོས་རྗེ་འབྲུག་པའི་གྲྭ་སྡེར་ འཛུལ་ཞུགས་ཀྱིས་ ཕྱི་ནང་གི་ བྱ་བ་ག་ཅི་ལུ་ཡང་ མགུ་ཐོན་ཏེ་ ཕྱག་ཕྱིད་འབྱོརཝ་ལས། རིམ་པ་བཞིན་དུ་ དབང་འདུས་ཕོ་བྲང་ རྫོང་དཔོན་དང་ སྤུང་ཐང་རྫོང་དཔོན་ མཛད་ཡོད་རུང་། སེམས་རྒྱུད་རྒྱོང་པོ་དང་ བརྣག་སེམས་ཅན་ཅིག་ཨིན་པའི་ བྱ་སྤྱོད་མངོན་དུ་གྱུར།

སྤྱི་ལོ་ ༡༦༩༤ རབ་བྱུང་ ༡༢ པའི་ ཤིང་ཁྱི་ལོར་ བསྟན་པའི་བདག་པོ་ རྒྱལ་སྲས་སྟན་འཛིན་རབ་རྒྱས་མཆོག་ གསེར་ཁྲི་ལས་ཕབ་སྟེ་ སྡེ་སྲིད་ལྔ་པའི་ཁྲི་ལུ་ འཛེགས་ཞིནམ་ལས། ལོ་ངོ་ ༦ གི་རིང་ དཔའ་གཏུམས་འཇིགས་པའི་ ཞེ་སྡང་དྲག་པོས་ མང་རབས་ཅིག་ ཚེ་སྲོག་བཅད་པའི་ ལས་ངན་ལུ་བརྟེན་ཏེ། སྤྱི་ལོ་ ༡༧༠༡ རབ་བྱུང་ ༡༢ པའི་ ལྕགས་སྦྲུལ་ལོར་ ནང་འཁྲུག་གི་རྐྱེན་ལས་ མཚོན་ཆའི་འོག་ལུ་ ལྔ་ལམ་དུ་གཤེགས་ནུག།

སྡེ་སྲིད་ཁྲི་རབས་དྲུག་པ།

༆   དྲུང་ཡིག་ངག་དབང་ཚེ་རིང་མཆོག་ དཀར་སྦེ་གོང་མ་ལས་ སྐུ་འཁྲུངས་ཡོདཔ་ད། དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ ཡི་གུའི་རིགས་དང་ གར་ཐིག་དབྱངས་གསུམ་ རི་གནས་ལ་སོགས་པའི་ ཤེས་བྱའི་གནས་ལུ་ མཁས་པར་སྦྱངས་ཏེ། སྡེ་སྲིད་ཀྱི་ གསེར་ཡིག་བྲིས་མི་ཨིནམ་ལས་ དྲུང་ཡིག་ངག་དབང་ཚེ་རིང་ཟེར་ ཡོངས་སུ་གྲགས་ཏེ། རྣམ་དཀར་དགེ་བའི་ཕྱོགས་ལུ་ མོས་གུས་དང་ ཡ་རབས་དམ་པའི་ སྤྱོད་ཚུལ་ལུ་ དག་སྣང་ཆེ་བའི་སྟབས་ཀྱིས་ རིམ་པ་བཞིན་དུ་ དབང་འདུས་རྫོང་དཔོན་བསྐོས་ནུག།

སྤྱི་ལོ་ ༡༧༠༡ རབ་བྱུང་ ༡༢ པའི་ ལྕགས་སྦྲུལ་ལོར་ སྡེ་ཁྲིར་བསྐོས་ཏེ་ ལོ་ངོ་ ༣ གྱི་རིང་ལུ་ བཀྲིས་ཆོས་རྫོང་ནང་ བཀའ་འགྱུར་གསེར་བྲིས་མ་དང་། སྤུངས་ཐང་རྫོང་གི་ འདུ་ཁང་ནང་ རྒྱུ་གསེར་ཟངས་ལས་གྲུབ་པའི་ ཚེ་དཔག་མེད་ཀྱི་སྐུ་ཐོག་ཚད་གསུམ་མ་ གསར་བཞེངས་ལ་སོགས་པའི་ བསྟན་པ་བསྐྱངས་བཞིན་དུ། སྤྱི་ལོ་ ༡༧༠༣ རབ་བྱུང་ ༡༢ པའི་ ཆུ་ལུག་ལོར་ གློ་བུར་དུ་ གཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་བདུན་པ།

༆   དབུ་མཛད་དཔལ་འབྱོར་རམ་ བསམ་གཏན་བསྟན་འཛིན་མཆོག་ ཞབས་དྲུང་རིན་པོ་ཆེའི་ དབེན་སྲས་ལུ་འཁྲུངས་ཏེ། སྐུ་ན་ཆུང་ཀུ་ལས་ དགེ་འདུན་འདུས་སྡེར་ འཛུལ་ཞུགས་ཀྱིས་ གར་ཐིག་དབྱངས་གསུམ་ལ་སོགས་པའི་ ཤེས་བྱར་སྦྱངས་ཏེ། རིམ་པ་བཞིན་དུ་ གྲྭ་ཚང་དབུ་མཛད་དེ་ ལོ་ངོ་མང་རབས་ཅིག་བཞུགས་ནུག།

སྤྱི་ལོ་ ༡༧༠༣ རབ་བྱུང་ ༡༢ པའི་ ཆུ་ལུག་ལོར་ སྡེ་ཁྲིར་ཕེབས་ཏེ་ ལོ་ངོ་ ༤ གི་རིང་ བསྟན་པ་ཆོས་བཞིན་དུ་ བསྐྱངས་པའི་མཐར་ སྤྱི་ལོ་ ༡༧༠༧ མེ་ཕག་ལོར་ སྐུ་ཞི་བར་གཤེགས་ནུག།

སྡེ་སྲིད་ཁྲི་རབས་བརྒྱད་པ།

༆   འབྲུག་རབ་རྒྱས་མཆོག་ ཐིམ་ཕུ་ཆ་འདུས་ ཝང་སྲིན་མོར་འཁྲུངས་ཏེ། ཆུང་ཀུའི་བསྒང་ལས་ ཆོས་རྗེ་འབྲུག་པའི་ སྒར་གྲལ་ལུ་ ཞུགས་ཐོག་ལས་ རིམ་པ་བཞིན་དུ་ མགར་སའི་རྫོང་དཔོན་བསྐོས་ཏེ་ བཞུགས་པའི་སྐབས་ལུ། སྒོ་མོ་བརྟེན་པའི་ ཐུགས་རྗེ་གིས་ གཞུང་མགྲོན་གཉེར་དང་ ཐིམ་ཕུ་རྫོང་དཔོན་མཛད་ནུག།

སྤྱི་ལོ་ ༡༧༠༧ རབ་བྱུང་ ༡༢ པའི་ མེ་ཕག་ལོར་ སྡེ་ཁྲིར་བྱོན་ཏེ་ སྟོན་པའི་སྐུ་ ཐོག་ཚད་མ་གིས་གཙོས་པའི་ རྟེན་གསུམ་ལེ་ཤ་ཅིག་དང་ ལྷུན་གྲུབ་རྩེའམ་ དབང་འདུས་རྩེའི་ཕོ་བྲང་ གསར་བཞེངས་མཛད་ཡོདཔ་ད། དགེ་འདུན་འདུས་པར་ ཞབས་ཏོག་བསྙེན་བཀུར་དང་ མཆོད་སྦྱིན་མཛད་དེ་ མི་ལོ་ ༡༣ གྱི་རིང་ལུ་ བསྟན་སྲིད་བསྐྱངས་པའི་ཤུལ་ལུ། སྤྱི་ལོ་ ༡༧༡༩ རབ་བྱུང་ ༡༢ པའི་ ས་ཕག་ལོར་ སྡེ་ཁྲི་བཤོལ་ཏེ་ དབང་འདུས་རྩེར་ བཞུགས་པའི་སྐབས་ལུ། རྒྱལ་སྲས་ཀུན་དགའ་རྒྱལ་མཚན་ལ་སོགས་པའི་ སྐྱེས་ཆེན་དམ་པ་ཚུ་གི་ སྐུ་སྲོག་ལུ་བསྡོ་བའི་ ལས་ངན་གྱིས་ དགེ་འདུན་འདུས་པའི་ནང་ལས་ རྒྱལ་སྲས་ཀྱི་ ཞལ་སློབ་ཚུ་གིས་ དམག་དྲངས་ཏེ་ ཆམ་ལུ་ཕབ་ནུག།

སྡེ་སྲིད་ཁྲི་རབས་དགུ་པ།

༆   ངག་དབང་རྒྱ་མཚོའམ་ སྡེ་པ་རྒྱ་བོ་མཆོག་ ཐིམ་ཕུ་ཆ་འདུས་ ཚ་ལུང་ལུ་འཁྲུངས། སྐུ་ན་ཆུང་ཀུའི་བསྒང་ལས་ དགེ་འདུན་འདུས་སྡེར་ འཛུལ་ཞུགས་ཀྱིས་ གར་ཐིག་དབྱངས་གསུམ་ལ་སོགས་པའི་ ཤེས་བྱ་སྤྱི་དང་། བྱེ་བྲག་ལུ་ སྒྲ་རིག་པར་ མཁས་ཐོག་ཆོད་པར་མཛད།

སྤྱི་ལོ་ ༡༧༢༠ རབ་བྱུང་ ༡༢ པའི་ ལྕགས་བྱི་ལོར་ སྡེ་ཁྲིར་བྱོན་ཏེ། དགེ་འདུན་གྲྭ་ཚང་ནང་ སྒྲ་སྡེ་གསར་བཙུགས་དང་ སྤུངས་ཐང་རྫོང་ནང་ རྒྱུ་གསེར་ཟངས་ལས་གྲུབ་པའི་ འཇམ་དཔལ་དབྱངས་དང་། གུ་རུའི་སྐུ་རྟེན་ མི་ཚད་མ་དང་། སྤྱན་རས་གཟིགས་ཀྱི་ མཐོང་གྲོལ་ཆེན་མོ། ལྕགས་རི་ལུ་ ཞབས་དྲུང་གསེར་སྐུ་ཆེན་མོ་ལ་སོགས་པའི་ སྐུ་གསུང་ཐུགས་རྟེན་ མང་རབས་ཅིག་ གསར་བཞེངས་གནང་སྟེ་ བསྟན་པ་བསྐྱངས་བཞིན་དུ། སྡེ་སྲིད་བགྲེསཔ་ འབྲུག་རབ་རྒྱས་ཀྱི་ ཕྱོགས་གཏོགས་ཚུ་གིས་ སྤྱི་ལོ་ ༡༧༢༩ རབ་བྱུང་ ༡༢ པའི་ ས་བྱ་ལོར་ མཚོན་ཁར་བཀྲོངས་ནུག།

སྡེ་སྲིད་ཁྲི་རབས་བཅུ་པ།

༆   རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་སྤྲུལ་སྐུ་ མི་ཕམ་དབང་པོ་མཆོག་ མང་སྡེ་བོན་སྦིས་གདུང་བརྒྱུད་ལས་ སྤྱི་ལོ་ ༡༧༠༩ རབ་བྱུང་ ༡༢ པའི་ ས་གླང་ལོར་ སྐུ་འཁྲུངས་ཏེ། སྐྱེས་ཆེན་དམ་པ་ཚུ་ལས་ ཐུན་མོང་རིག་པའི་གཞུང་དང་། གསང་སྔགས་གསར་རྙིང་གི་ བཀའ་དབང་དང་ གདམས་ངག་ཚུ་ ཡོངས་རྫོགས་བཞེས་ཏེ་ ལུང་རྟོགས་ཀྱི་ བདག་ཉིད་ཅན་ལུ་ གྱུར་སོང་ནུག།

དགུང་ལོ་ ༢༡ སྤྱི་ལོ་ ༡༧༢༩ རབ་བྱུང་ ༡༢ པའི་ ས་བྱ་ལོར་ སྡེ་ཁྲིར་ཕེབས་ཏེ་ བཀྲིས་ཆོས་རྫོང་ནང་ དཀར་བརྒྱུད་ཕོ་བྲང་དང་། སྤུངས་ཐང་རྫོང་ནང་ བླ་མ་དྲག་པོའི་དཀྱིལ་འཁོར་བློས་བསླང་དང་ གསེར་ཟངས་ཀྱི་ སྤྱན་རས་གཟིགས་ ཐོག་ཚད་གསུམ་མ་ གས་བཞེངས་ལ་སོགས་པའི་ བསྟན་འགྲོར་སྨན་པའི་ ཕྱག་རྗེས་མང་རབས་ཅིག་མཛད་དེ། དགུང་ལོ་ ༢༧ སྤྱི་ལོ་ ༡༧༣༦ མེ་འབྲུག་ལོར་ སྡེ་ཁྲི་བཤོལ་ཏེ་ རྟ་མགོའི་གདན་སར་ བཞུགས་པའི་མཐར། དགུང་ལོ་ ༣༠ སྤྱི་ལོ་ ༡༧༣༨ རབ་བྱུང་ ༡༢ པའི་ ས་རྟ་ལོར་ སྐུ་ཞི་བར་གཤེགས་ནུག།

སྡེ་སྲིད་ཁྲི་རབས་བཅུ་གཅིག་པ།

༆   དཔལ་འབྱོར་མཆོག་ མང་སྡེ་བོན་སྦིས་ཆོས་རྗེའི་ གདུང་བརྒྱུད་ལས་ སྐུ་འཁྲུངས་ཡོདཔ་ད། རྒྱལ་སྲས་སྤྲུལ་སྐུ་ འཇིགས་མེད་ནོར་བུ་མཆོག་ གཞུང་ལུ་ གདན་འདྲེན་ཞུ་བའི་སྐབས་ ཕྱག་ཞུ་བྱོན་ཏེ་ རྒྱལ་སྲས་སྤུལ་སྐུའི་ གཟིམས་དཔོན་མཛད་བཞིན་དུ། ཆོས་སྲིད་ལུགས་གཉིས་ལུ་ མཁྱེན་རབ་མཆོག་ཏུ་རྒྱས་པའི་ བླམ་མི་ཕམ་དབང་པོ་དང་། འཇིགས་མེད་ནོར་བུ་ སྐུ་མཆེད་གཉིས་ཀྱི་ སྐུ་ཚ་བོ་ཨིནམ་ལས་ དགེ་འདུན་འདུས་པའི་ཚོགས་དང་ ལྷན་རྒྱས་ཚུ་ མོས་མཐུན་མཛད་དེ།

སྤྱི་ལོ་ ༡༧༣༦ རབ་བྱུང་ ༡༢ མེ་འབྲུག་ལོར་ སྡེ་ཁྲིར་མངའ་གསོལ་ཞུ་ཡོདཔ་བཞིན་དུ་ ལྕགས་རིའི་གདན་སར་ མེ་རྐྱེན་བྱུང་མི་ ཞིག་གསོ་ཐོག་ལས་ དངུལ་འབུམ་མཆོད་རྟེན་ལ་སོགས་པ་ཚུ་ སྔར་ལས་མི་དམན་པའི་ གསར་བསྐྲུན་དང་། གསེར་ཏོག་བཀལ་གནངམ་ལ་སོགས་པའི་ བསྟན་འགྲོར་ཕན་པའི་ ཕྱག་ལཱ་ལེ་ཤ་ཅིག་མཛད་པའི་མཐར། སྤྱི་ལོ་ ༡༧༤༠ རབ་བྱུང་ ༡༢ པའི་ ལྕགས་སྤྲེལ་ལོར་ དགོངས་ཞུས་ཀྱིས་ ལོག་གཡུས་ཁར་བྱོན་ཏེ་ ཐུགས་དམ་འཕེལ་བཞིན་དུ་ སྐུ་བདེ་བར་གཤེགས་ནུག།

སྡེ་སྲིད་ཁྲི་རབས་བཅུ་གཉིས་པ།

༆   ངག་དབང་རྒྱལ་མཚན་མཆོག་ ཐིམ་ཕུ་ཆ་འདུས་ ཝང་འགྲམ་རྡོར་འཁྲུངས། སྐུ་ན་ཆུང་ཀུའི་བསྒང་ལས་ ཆོས་རྗེ་འབྲུག་པའི་སྡེར་ འཛུལ་ཞུགས་ཐོག་ལས་ ཆོས་སྲིད་ལུགས་གཉིས་ཀྱི་ སྒྲིག་ལམ་ཀུན་ལུ་ སྦྱངས་པ་མཐར་ཕྱིན་མཛད་དེ། རིམ་པ་བཞིན་དུ་ དྷ་ལིང་རྫོང་དཔོན་དང་ ཐིམ་ཕུ་རྫོང་དཔོན་ལུ་ བསྐོ་བཞག་གིས་ ནང་འཁྲུག་དང་ བོད་དམག་ཚུ་ལས་ རྒྱལ་ཁ་ཐོབ་སྟེ་ སྐྱེས་བུ་དཔའ་བོར་གྱུར།

སྤྱི་ལོ་ ༡༧༤༠ རབ་བྱུང་ ༡༢ པའི་ ལྕགས་སྤྲེལ་ལོར་ སྡེ་ཁྲིར་བསྐོས་ཡོདཔ་ལས། གུ་རུ་མཚན་བརྒྱད་ཀྱི་ གོས་སྐུ་ཚེམས་འདྲུབས་མ་དང་ བསྟན་འགྱུར་ལ་སོགས་པ་ གསར་བཞེངས་མཛད་དེ་ མི་ལོ་ ༤ གི་རིང་ལུ་ བསྟན་པ་བསྐྱངས་པའི་མཐར། སྤྱི་ལོ་ ༡༧༤༤ ཤིང་བྱི་ལོར་ ནད་གཞི་དྲག་པོས་ ལྔ་ལམ་དུ་གཤེགས་ནུག།

སྡེ་སྲིད་ཁྲི་རབས་བཅུ་གསུམ་པ།

༆   ཆོས་རྒྱལ་ཤེས་རབ་དབང་ཕྱུག་གམ་ མི་དབང་སྲི་ཐུབ་མཆོག་ ཐིམ་ལུ་ཝང་ཁ་ས་ཁ་ལུ་ སྤྱི་ལོ་ ༡༦༩༧ རབ་བྱུང་ ༡༢ པའི་ མེ་གླང་ལོར་འཁྲུངས། དགུང་ལོ་ ༡༤ ལུ་ དགེ་འདུན་གྱི་སྡེར་ འཛུལ་ཞུགས་ཀྱིས་ རིམ་པ་བཞིན་དུ་ ཆོས་རྩེ་མགྲོན་གཉེར་དང་ དབང་འདུས་མགྲོན་གཉེར་ རིན་སྤུངས་སྤྱི་བླ་ཚུ་ མཛད་པའི་སྐབས་ལུ། གཙུག་ལག་ཁང་ རྟེན་གསུམ་ཁྱད་པར་ཅན་དང་ དབུ་རྩེར་གསེར་གྱི་རྒྱ་ཕིབས་ གསར་བསྐྲུན་མཛད་ནུག།

སྤྱི་ལོ་ ༡༧༤༤ རབ་བྱུང་ ༡༢ པའི་ ཤིང་བྱི་ལོར་ སྡེ་ཁྲིར་བྱོན་ཞིནམ་ལས་ གདན་ས་ཕན་ཚུན་གཉིས་ཀྱིས་གཙོས་པའི་ དགོན་སྡེ་ཁག་ ཞིག་གསོ་དང་། གུ་རུའི་མཐོང་གྲོལ་ཆེན་མོ་གིས་གཙོས་པའི་ ཐང་ཀ་མང་རབས་ཅིག་དང་། སྟོན་པའི་སྐུ་འདྲ་ གསེར་ཟངས་ཐོག་ཚད་མ་གིས་གཙོས་པའི་ སྐུ་རྟེན་ལེ་ཤ་ཅིག་དང་། བཀའ་འགྱུར་གསེར་བྲིས་མ་གིས་གཙོས་པའི་ གསུང་རྟེན་མང་རབས་ཅིག་དང་། སྤུངས་ཐང་རྫོང་གི་དབུ་རྩེར་ གསེར་གྱི་རྒྱ་ཕིབས་དང་ གསེར་ལྗང་བརྡུང་གི་ མཎྜལ་ཁྲུ་ཚད་མ་ གསུམ་བརྩེགས་ལ་སོགས་པའི་ མཆོད་ཆས་ཀྱི་རིགས་དང་། གཞན་ཡང་ ལྷན་སྐྱེས་དུང་ཕྱུར་དང་ མ་ཎི་དུང་སྒྲུབ་ལ་སོགས་པ་ ཡང་བསྐྱར་བཙུགས་གནང་པའི་ཁར། ཀུན་གསལ་ཕོ་བྲང་དང་ བ་ལིང་རིན་ཆེན་ཁང་བཟང་ལ་སོགས་པ་ རྟེན་དང་བརྟེན་པར་བཅས་པའི་ གཙུག་ལག་ཁང་ ལེ་ཤ་ཅིག་ གསར་བཞེངས་མཛད་མི་ཚུ་ བསམ་བརྗོད་ལས་ འདས་པར་གྱུར།

མི་ལོ་ ༡༩ གི་རིང་ལུ་ དེ་བཟུམ་མའི་ བསྟན་པ་དང་ སེམས་ཅན་ལུ་ ཕན་རླབས་ཆེ་བའི་ ཕྱག་ལཱ་མང་རབས་ཅིག་མཛད་དེ་ རྒྱལ་སྲིད་ཆོས་བཞིན་དུ་ བསྐྱངས་པའི་མཐར། སྤྱི་ལོ་ ༡༧༦༣ རབ་བྱུང་ ༡༣ པའི་ ཆུ་ལུག་ལོར་ སྡེ་ཁྲི་ལས་ དགོངས་ཞུས་ཀྱིས་ དབེན་གནས་ལུ་ བཞུགས་བཞིན་དུ་ དགུང་ལོ་ ༧༢ ལུ་ སྐུ་ཞི་བར་གཤེགས་ནུག།

སྡེ་སྲིད་ཁྲི་རབས་བཅུ་བཞི་པ།

༆   འབྲུག་ཕུན་ཚོགས་མཆོག་ སྟོད་ཝང་ལུ་འཁྲུངས་ཏེ། ཆོས་རྗེ་འབྲུག་པའི་ སྒྲིག་ལམ་ལུ་ འཛུལ་ཞུགས་ཀྱིས་ སྤྱང་གྲུང་འཛོམས་ནི་དེ་གིས་ རིམ་པ་བཞིན་དུ་ ཆོས་རྩེ་དཔོན་སློབ་དང་ ཐིམ་ཕུ་རྫོང་དཔོན་ རིན་སྤུངས་སྤྱི་བླའི་ གོ་གནས་ཚུ་བཞེས་ཏེ་ བཞུགས་པའི་སྐབས་ལུ་ བསྙེན་རྫོགས་བཞེས་ཡོདཔ་ད། བཀྲ་ཤིས་ཆོས་རྫོང་ ཞིག་གསོ་དང་ བསྟན་པར་སྨན་པའི་ ཕྱག་ལཱ་ལེ་ཤ་ཅིག་གནང་ནུག།

སྤྱི་ལོ་ ༡༧༦༣ རབ་བྱུང་ ༡༣ པའི་ ཆུ་ལུག་ལོར་ སྡེ་ཁྲིར་བསྐོས་ཏེ། དཔལ་ལྡན་འབྲུག་པའི་ བསྟན་པར་ཕན་པའི་ ཕྱག་ལཱ་མཛད་ནི་གི་ ཐུགས་བཞེད་ཡོད་རུང་ སྐུ་ཚེ་མ་ཟིན་པར་ སྤྱི་ལོ་ ༡༧༦༤ ཤིང་སྤྲེལ་ལོར་ སྡེ་ཁྲིར་གཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་བཅོ་ལྔ་པ།

༆   འབྲུག་བསྟན་འཛིན་མཆོག་ ཐིམ་ཕུ་ཆ་འདུས་ སྨད་ཝང་ལུ་ འཁྲུངས་ཡོདཔ་ད། སྐུ་ན་ཆུང་ཀུ་ལས་ དཔལ་ལྡན་འབྲུག་པའི་ སྒར་ལྟོའི་ནང་ འཛུལ་ཞུགས་ཀྱིས། རིམ་པ་བཞིན་དུ་ དབང་འདུས་ཕོ་བྲང་ རྫོང་དཔོན་བསྐོས་པའི་ཤུལ་ལུ། ཆོས་རྒྱལ་ཤེས་རབ་དབང་ཕྱུག་མཆོག་གིས་ སྤུངས་ཐང་རྫོང་དཔོན་ལུ་ བསྐོ་བཞག་གནང་ནུག།

སྤྱི་ལོ་ ༡༧༦༥ རབ་བྱུང་ ༡༣ པའི་ ཤིང་བྱ་ལོར་ སྡེ་ཁྲིར་ཕེབས་ཏེ་ བཀྲ་ཤིས་ཆོས་རྫོང་ནང་ སྟོན་པའི་སྐུ་འདྲ་དང་ ཇོ་བོ་ཤཱཀྱ་མུ་ནེའི་སྐུ་འདྲ་ གསེར་གྱི་རྒྱ་ཕིབས་ལ་སོགས་པའི་ བསྟན་པར་ཕན་པའི་ ཕྱག་ལཱ་ལེ་ཤ་ཅིག་ མཛད་བཞིན་དུ། སྤྱི་ལོ་ ༡༧༦༨ རབ་བྱུང་ ༡༣ པའི་ ས་བྱི་ལོར་ སྡེ་ཁྲི་ཐོག་ཁར་ གཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་བཅུ་དྲུག་པ།

༆   བསོད་ནམས་ལྷུན་གྲུབ་བམ་ ཞི་དར་མཆོག་ ཐིམ་ཕུ་ཆ་འོག་ ཝང་སྦེད་སྨད་ལུ་འཁྲུངས། སྐུ་ན་ཆུང་ཀུའི་བསྒང་ལས་ དྭ་ཕྲུག་སྦེ་ ལུས་ཡོད་རུང་། རྣམ་རིག་གསལ་ཏོག་ཏོ་ཡོདཔ་ལས་ ཆོས་རྗེ་མི་ཕམ་དབང་པོའི་ འཆང་སྒརཔ་དང་། དེ་ལས་ རིམ་པ་བཞིན་དུ་ རྩི་རང་སྲང་སྲུང་བ་ ཐོབ་པའི་ཤུལ་ལུ། ཆོས་རྩེ་སྤྱི་བླར་བསྐོས་ཏེ་ བཞུགས་པའི་སྐབས་ལུ། པཎ་ཆེན་བསྟན་འཛིན་ཆོས་རྒྱལ་ གདན་འདྲེན་ཞུ་སྟེ་ ཆོས་རྩེ་རབ་སྡེ་ གསར་བཙུགས་མཛད་པའི་ཁར། སྤྱི་བླ་ཁོ་རང་ཡང་ དགེ་ཚུལ་གྱི་ སྡོམ་པ་བཞེས་པའི་ཤུལ་ལུ་ དབང་འདུས་རྫོང་དཔོན་མཛད་ནུག།

དེ་ལས་ སྤྱི་ལོ་ ༡༧༦༨ རབ་བྱུང་ ༡༣ པའི་ ས་བྱི་ལོར་ སྡེ་ཁྲིར་བྱོན་ཏེ་ མི་ལོ་ ༥ གི་རི་ལུ་ བསྟན་སྲིད་བསྐྱངས་པའི་སྐབས། སྤུངས་ཐང་ཁ་ལུ་ བསོད་ནམས་དགའ་ཚལ་གྱི་ གཙུག་ལག་ཁང་ རྟེན་དང་བརྟེན་པ་ གསར་བཞེངས་དང་། གསེར་ཟངས་ལས་གྲུབ་པའི་ སངས་རྒྱས་སྟོང་སྐུ་གིས་གཙོས་པའི་ འཇིག་རྟེན་དབང་ཕྱུག་གི་ མཐོང་གྲོལ་ཆེན་མོ་དང་། བཀའ་འགྱུར་གསེར་བྲིས་མ་ལ་སོགས་པའི་ བསྟན་འགྲོར་སྨན་པའི་ ཕྱག་ལཱ་མང་རབས་ཅིག་དང་། སྤྱི་ལོ་ ༡༧༧༢ རབ་བྱུང་ ༡༣ པའི་ ཆུ་འབྲུག་ལོར་ བཀྲ་ཤིས་ཆོས་རྫོང་ མེ་མཆོད་བཞེསཔ་ལས། ཀླུ་གྲོང་པའི་ས་ཞིང་ལུ་ ས་རིན་གནང་སྟེ་ ད་ལྟོ་ཡོད་མི་ ས་གནས་ནང་ ནང་རྟེན་དང་བཅས་པ་ ལོ་ངོ་ ༡ གི་ ནང་འཁོད་ལུ་ གསར་བསྒྲུབས་མཛད་ནུག།

ཨིན་རུང་ ཁྲི་སྤྲུལ་འཇིགས་མེད་སེངྒེ་མཆོག་དང་ རྡོར་སློབ་ཤེས་རབ་སེངྒེ་ སྒྲ་སློབ་བསྟན་འཛིན་རྣམ་རྒྱལ་ཚུ་ གོ་གནས་ལས་ ཟུར་ཁར་བཏོན་ཏེ། ཁྲིམས་ལུགས་དམ་དྲགས་དང་ ཆགས་སྡང་ཕྱོགས་རིས་ཆེ་བའི་དབང་གིས་ མ་འགྲིགས་པར་ ཕྱོགས་གཉིས་ལུ་སོང་སྟེ་ སྡོད་པའི་བར་ན་ རྒྱ་མཚམས་ནང་ ཟིང་འཁྲུག་བྱུང་སྟེ་ དཔག་བསམ་ཁར་ བྱོན་པའི་ཤུལ་ལུ། སྤྱི་ལོ་ ༡༧༧༣ རབ་བྱུང་ ༡༣ པའི་ ཆུ་སྦྲུལ་ལོར་ མཚན་སློབ་ཀུན་དགའ་རིན་ཆེན་ སྡེ་ཁྲིར་བསྐོས་ཏེ། འབྲུག་གཞུང་གིས་ སྡེ་སྲིད་ཞི་དར་ ལོག་འོང་མ་ཆོག་པའི་ བཀའ་ཤོག་གནང་པའི་ཤུལ་ལུ། གསང་བའི་སྒོ་ལས་ སྤ་གྲོར་བྱོན་ཡོད་རུང་ གཞུང་དམག་གིས་ རྟིང་བདའ་སྟེ་ མ་བཞག་པར་ བོད་ལུ་ བྱོན་ནི་འབད་ སྲོས་ལུ་ལྷོདཔ་ད་ བཀྲོངས་གདའ་ནུག།

སྡེ་སྲིད་ཁྲི་རབས་བཅུ་བདུན་པ།

༆   ཀུན་དགའ་རིན་ཆེན་མཆོག་ ཤར་རུད་པའི་སར་ སྐུ་འཁྲུངས་ཏེ་ དགེ་འདུན་འདུས་སྡེར་ འཛུལ་ཞུགས་ཀྱིས་ དབྱངས་ཐིག་གར་གསུམ་དང་ དཔལ་ལྡན་འབྲུག་པའི་ ཆོས་སྲིད་ལུགས་གཉིས་ཀྱི་ སྒྲིག་ལམ་རྣམ་གཞག་ལ་སོགས་པ་ ཤེས་བྱའི་ཆོས་ལུ་ མཁས་པར་སྦྱངས། ཆོས་ཁྲིམས་ཀྱི་ བདག་རྐྱེན་ཚུ་ རིམ་པ་བཞིན་དུ་བཞེས་ཏེ་ མཚན་ཉིད་སློབ་དཔོན་མཛད་ནུག།

སྤྱི་ལོ་ ༡༧༧༣ རབ་བྱུང་ ༡༣ པའི་ ཆུ་སྦྲུལ་ལོར་ སྡེ་སྲིད་ཀྱི་ཁྲིར་བྱོན་ཏེ་ མི་ལོ་ ༣ གྱི་རིང་ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ ཕོ་བྲང་ནང་ སྟོན་པ་ཐུབ་པའི་དབང་པོ་ འཁོར་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་ མཐོང་གྲོལ་ཆེན་མོ་ གསར་བཞེངས་ལ་སོགས་པའི་ བསྟན་པ་བསྐྱངས་པའི་མཐར། སྤྱི་ལོ་ ༡༧༧༦ མེ་སྤྲེལ་ལོར་ སྐུ་བདེ་བར་གཤེགས་ནུག།

སྡེ་སྲིད་ཁྲི་རབས་བཅོ་བརྒྱད་པ།

༆   རྒྱལ་སྲས་བསྟན་འཛིན་རབ་རྒྱས་ཀྱི་ཡང་སྲིད་ ཁྲི་སྤྲུལ་འཇིགས་མེད་སེངྒེ་མཆོག་ མང་སྡེ་བོན་སྦིས་ཆོས་རྗེའི་ གདུང་བརྒྱུད་ལས་ རབ་བྱུང་ ༡༢ པའི་ ཆུ་ཁྱི་ལོར་ སྐུ་འཁྲུངས་ཡོདཔ་ད། ཤེས་བྱའི་ཆོས་ཚུ་ལུ་ སྦྱངས་པ་ཕུལ་ཕྱིན་དང་ མཁན་ཆེན་ཤཱཀྱ་རིན་ཆེན་ལས་ བསྙེན་རྫོགས་དང་ སྨིན་གྲོལ་གྱི་ གདམས་ངག་ཡོངས་རྫོགས་ གསན་བཞེས་ཀྱིས་ རྟོགས་པ་བདག་བརྒྱུད་གྲོལ་ཏེ། དགུང་ལོ་ ༢༥ མེ་ཕག་ལོར་ རྟ་ལོག་གསང་སྔགས་ཆོས་གླིང་གི་ གདན་ས་གསར་བསྐྲུན་མཛད་ནུག།

དགུང་ལོ་ ༣༥ སྤྱི་ལོ་ ༡༧༧༦ རབ་བྱུང་ ༡༣ པའི་ མེ་སྤྲེལ་ལོར་ སྡེ་ཁྲིར་ཕེབས་ཏེ་ མི་ལོ་ ༡༣ གྱི་རིང་ལུ་ ལུགས་གཉིས་ཀྱི་ བསྟན་སྲིད་བསྐྱངས་གནང་པའི་སྐབས། ཕ་སྡིངས་རྣམ་གྲོལ་མཁའ་སྤྱོད་གླིང་དང་ དཀར་སྤེ་སོ་རལ་རྫོང་ དཀར་སྤེ་མཆོད་རྟེན་རྙིང་པོར་ གཙུག་ལག་ཁང་ཚུ་ རྟེན་གསུམ་ཁྱད་པར་ཅན་དང་བཅས་པ་ གསར་བཞེངས་མཛད།

སྤྱི་ལོ་ ༡༧༨༠ ལྕགས་བྱི་ལོར་ སྤུངས་རྫོང་ལུ་ མེ་མཆོད་དང་པ་བཞེས་པའི་ སྐུ་གསུང་ཐུགས་རྟེན་དང་བཅས་པ་ གསར་བཞེངས་དང་། བཀྲ་ཤིས་ཆོས་རྫོང་ནང་ ཀུན་མཁྱེན་བཀའ་འབུམ་ཆ་ཚང་ དཔར་བརྐོ་ལ་སོགས་པའི་ བསྟན་འགྲོར་ཕན་པའི་ ཕྱག་ལཱ་མང་རབས་ཅིག་ མཛད་གནང་པའི་མཐར། སྤྱི་ལོ་ ༡༧༨༩ ས་བྱ་ལོར་ སྡེ་ཁྲི་ལས་བཞེངས་ཏེ་ བོད་ཙཱ་རི་དང་ བསམ་ཡས་ཆིམས་ཕུར་ཚུ་ལུ་ གནས་སྐོར་གནང་སྟེ་ ལོག་ཕེབས་ཞིནམ་ལས། དུས་ཡུན་མ་རིང་པར་ ལོ་དེ་ནང་རང་ དགུང་ལོ་ ༤༨ ལུ་ སྐུ་ཞི་བར་གཤེགས་ནུག།

སྡེ་སྲིད་ཁྲི་རབས་བཅུ་དགུ་པ།

༆   འབྲུག་བསྟན་འཛིན་ནམ་ སངས་རྒྱས་བསྟན་འཛིན་མཆོག་ ཐིམ་ཕུ་ཆ་འདུས་ ཝང་སིལ་སིལ་ནང་ལུ་འཁྲུངས་ཏེ། སྐུ་ན་ཆུང་ཀུ་ལས་ ཆོས་རྗེ་འབྲུག་པའི་ སྒར་སྡེར་གཏོགས་ཏེ་ ཆོས་སྲིད་ལུགས་གཉིས་ལུ་ མཁྱེན་རབ་ཆེཝ་ལས། རིམ་པ་བཞིན་དུ་ གཞུང་མགྲོན་གཉེར་དང་ སྤུངས་ཐང་རྫོང་དཔོན་མཛད་ནུག།

སྤྱི་ལོ་ ༡༧༨༩ རབ་བྱུང་ ༡༣ པའི་ ས་བྱ་ལོར་ སྡེ་ཁྲིར་མངའ་གསོལ་ཏེ་ འོག་མིན་གཉིས་པའི་ གཙུག་ལག་ཁང་དང་ མདོ་སྡེ་བྲག་ལུ་ གསེར་ཟངས་ཀྱི་ སྟོན་པའི་སྐུ་མི་ཚད་མ་ གསར་བཞེངས་ལ་སོགས་པའི་ བསྟན་འགྲོར་ཕན་པའི་ ཕྱག་ལཱ་གནང་བཞིན་དུ། སྤྱི་ལོ་ ༡༧༩༡ ཆུ་བྱི་ལོར་ སྡེ་ཁྲི་ཐོག་ཁར་ གཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་ཉི་ཤུ་པ།

༆   བསོད་ནམས་རྒྱལ་མཚན་མཆོག་ ཐིམ་ཕུ་ཆ་འོག་ ཝང་སིལ་སིལ་ནང་ སྡེ་སྲིད་འབྲུག་བསྟན་འཛིན་གྱི་ ནུ་གཅུང་གི་ སྲས་ལུ་འཁྲུངས་ཡོདཔ་ད། ཆོས་རྗེ་འབྲུག་པའི་ སྒར་ལྟོའི་གྱལ་ཁར་ འཛུལ་ཞུགས་ཀྱིས་ ཆོས་སྲིད་ལུགས་གཉིས་ཀྱི་ རྣམ་གཞག་ལུ་ མཁྱེན་རབ་མཆོག་ཏུ་གྱུར་ཏེ། རིམ་པ་བཞིན་དུ་ ཐིམ་ཕུ་རྫོང་དཔོན་མཛད་ནུག།

སྤྱི་ལོ་ ༡༧༩༢ རབ་བྱུང་ ༡༣ པའི་ ཆུ་བྱི་ལོར་ ཨ་ཁུའི་ཚབ་སྦེ་ སྡེ་ཁྲིར་མངའ་གསོལ་ཏེ་ རྟེན་གསུམ་ཉམས་གསོ་དང་ གསར་བཞེངས་མཛད་བཞིན་དུ་ བཞུགས་པའི་སྐབས་ལུ། ཕྱོགས་ལྷུང་གིས་ དབུ་མཛད་སྐྱབས་ཁྲ་པ་ཡང་ སྡེ་ཁྲིར་བསྐོསཔ་ལས་ སྡེ་སྲིད་ཟུང་འབྲེལ་ མི་ལོ་ ༤ བསྐྱངས་བཞིན་དུ་ དབུ་མཛད་སྐྱབས་ཁྲ་པ་ གཤགས་སོངཔ་ལས། སྡེ་སྲིད་རང་དབང་ཐོག་ལུ་ མི་ལོ་ ༣ བསྐྱངས་ཏེ་ མེ་སྦྲུལ་ལོར་ སྤུངས་ཐང་རྫོང་ལུ་ མེ་སྐྱོན་གཉིས་པ་བྱུང་མི་ གསར་བསྐྲུན་མཛད་འཕྲོར་ སྤྱི་ལོ་ ༡༧༩༩ ས་ལུག་ལོར་ ཟིང་འཁྲུག་ལངས་པའི་རྐྱེན་གྱིས་ ཟུར་བཞུགས་མཛད་ནུག།

སྡེ་སྲིད་ཁྲི་རབས་ཉེར་གཅིག་པ།

༆   འབྲུག་རྣམ་རྒྱལ་མཆོག་ ཐིམ་ཕུ་ཆ་འདུས་ ཝང་དར་ལུང་ཁར་འཁྲུངས་ཏེ། སྐུ་ན་ཆུང་ཀུའི་དུས་ལས་ ཆོས་རྗེ་འབྲུག་པའི་ སྒར་གྲལ་ལུ་ འཛུལ་ཞུགས་ཀྱིས་ ཆོས་སྲིད་གཉིས་ཀྱི་ རྣམ་གཞག་ལུ་ སྦྱངས་གསན་མཛད་པའི་མཐར། རིམ་པ་བཞིན་དུ་ སྤུངས་ཐང་རྫོང་དཔོན་གྱི་ གོ་གནས་ལུ་བསྐོས་ནུག།

སྤྱི་ལོ་ ༡༧༩༩ རབ་བྱུང་ ༡༣ པའི་ ས་ལུག་ལོར་ སྡེ་ཁྲིར་མངའ་གསོལ་གྱིས་ རྫོང་གཞི་ཉམས་གསོའི་ ལཱ་འཕྲོ་དང་ བཀའ་བརྒྱུད་གོང་མའི་ གསུང་རབ་ལེ་ཤ་ཅིག་ དཔར་བརྐོ་མཛད་དེ། མི་ལོ་ ༤ གི་རིང་ བསྟན་སྲིད་བསྐྱངས་པའི་མཐར་ སྡེ་སྲིད་ཁྲི་ཟུརཔ་དང་ ཟིང་འཁྲུག་ལངས་པའི་རྐྱེན་གྱིས། སྤྱི་ལོ་ ༡༨༠༣ ས་ལུག་ལོར་ བཀྲོངས་ཡོདཔ་ལས་ སྡེ་སྲིད་རྣམ་རྒྱལ་གྱི་ ཕྱོགས་གཏོགས་ཚུ་གིས་ སྤུངས་རྫོང་ལུ་ མེ་སྤར་ནུག།

སྡེ་སྲིད་ཁྲི་རབས་ཉེར་གཉིས་པ།

༆   སྡེ་སྲིད་ཉི་ཤུ་པ་ བསོད་ནམས་རྒྱལ་མཚན་མཆོག་ སྤྱི་ལོ་ ༡༨༠༣ ས་ལུག་ལོར་ ལོག་སྟེ་ར་ སྡེ་ཁྲིར་བྱོན་ཏེ། སྤུངས་རྫོང་ལུ་ མེ་སྐྱོན་བྱུང་མི་དེ་ ལོ་ངོ་ ༡ གི་ ནང་འཁོད་ལུ་ སྔར་བཞིན་བཞེངས་པའི་མཐར། སྤྱི་ལོ་ ༡༨༠༥ ཤིང་གླང་ལོར་ སྡེ་ཁྲི་ཐོག་ལུ་ སྐུ་ཞི་བར་གཤེགས་ནུག།

སྡེ་སྲིད་ཁྲི་རབས་ཉེར་གསུམ་པ།

༆   ཐིམ་ཕུ་ཆ་འོག་ ཝང་སིལ་སིལ་ནང་ལས་ སྡེ་སྲིད་བསོད་ནམས་རྒྱལ་མཚན་གྱི་ཚ་བོ་ སངས་རྒྱས་བསྟན་འཛིན་མཆོག་ ཆུང་ཀུའི་བསྒང་ལས་ ཨ་ཞང་གི་ ཕྱག་སྒར་པའི་གྱལ་ཁར་ འཛུལ་ཞུགས་ཀྱིས་ རིམ་པ་བཞིན་དུ་ ཐིམ་ཕུ་རྫོང་དཔོན་མཛད།

དེ་ལས་ སྤྱི་ལོ་ ༡༨༠༥ རབ་བྱུང་ ༡༣ པའི་ ཤིང་གླང་ལོར་ སྡེ་ཁྲིར་བསྐོས་ཡོད་རུང་ བསྟན་སྲིད་ལུ་ཕན་པའི་ ཕྱག་ལཱ་མཛད་ལོང་མེད་པར་ ཆོས་རྩེ་དཔོན་སློབ་ ཚ་ཕུག་པ་རྡོ་རྗེ་གིས་ སྡེ་སྲིད་འབད་ནི་གི་ བློ་འདོད་བསྐྱེད་དེ། གཞུང་ལུ་ ངོ་རྒོལ་གྱིས་ དམག་དཔུང་འཁྱིད་འོང་སྟེ་ ཟིང་འཁྲུགས་ལངས་རུང་ དགེ་འདུན་པ་གིས་ ཆིངས་བསྒྲིགས་མཛདཔ་ལས་ ཚེ་སྲོག་ལུ་ ཉེས་སྐྱོན་མེད་པར་ སྤྱི་ལོ་ ༡༨༠༦ མེ་སྟག་ལོར་ སྡེ་ཁྲི་ལས་ དགོངས་ཞུ་མཛད་དེ། བ་ལིང་རིན་ཆེན་ཁང་བཟང་དང་ དབེན་གནས་ཀུན་བཟང་བདེ་ཆེན་ལུ་ ཐུགས་དམ་གནང་སྟེ་བཞུགས་ནུག།

སྡེ་སྲིད་ཁྲི་རབས་ཉེར་བཞི་པ།

༆   དབུ་མཛད་སྤ་གྲོ་པ་མཆོག་ སྤ་རོ་ཆ་འདུས་ དོལ་ཕུ་ལུ་ འཁྲུངས་ཡོདཔ་ད། སྐུ་ན་ཆུང་ཀུའི་དུས་ལས་ སྤུངས་ཐང་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ གར་ཐིག་དབྱངས་གསུམ་གྱི་ ཤེས་ཡོན་ཚུ་ལུ་ གསན་སྦྱངས་མཐར་ཕྱིན་མཛད་དེ། ཆོས་ཁྲིམས་ཀྱི་ ལས་འགན་ཚུ་ ཚུལ་བཞིན་མཛད་ཐོག་ལས། རིམ་པ་བཞིན་དུ་ དབུ་མཛད་བསྐོས་ཏེ་ བཞུགས་པའི་སྐབས་ལུ་ དགེ་འདུན་འདུས་པའི་ཚོགས་ཀྱིས་ ནང་འཁྲུག་ཞི་ཐབས་ལུ་དམིགས་ཏེ།

སྤྱི་ལོ་ ༡༨༠༦ རབ་བྱུང་ ༡༣ པའི་ མེ་སྟག་ལོར་ སྡེ་ཁྲིར་བསྐོས་རུང་། ཆོས་རྩེ་དཔོན་སློབ་ ཚ་ཕུག་པ་རྡོ་རྗེ་གིས་ ལོག་སྟེ་རང་ ངོ་རྒོལ་འབད་དེ་ ཟིང་འཁྲུགས་ལངསམ་ལས། སྤྱི་ལོ་ ༡༨༠༨ རབ་བྱུང་ ༡༤ པའི་ ས་འབྲུག་ལོར་ དགོངས་ཞུས་ཀྱིས་ ཟུར་བཞུགས་མཛད་ནུག།

སྡེ་སྲིད་ཁྲི་རབས་ཉེར་ལྔ་པ།

༆   བོད་པ་ཆོས་གྲགས་སམ་ པདྨ་ཆོས་གྲགས་མཆོག་ གོང་ས་མི་ཕམ་དབང་པོ་མཆོག་གི་ ཨ་ཁུའི་སྐྱེས་མཐའ་ཨིནམ་ལས། ཁྲི་སྤྲུལ་ཚུལ་ཁྲིམས་གྲགས་པ་མཆོག་ བོད་ལུ་ གནས་སྐོར་གནང་སྟེ་ ལོག་བྱོན་པའི་སྐབས་ལུ་ ནང་གཟིམ་འབད་ འཁྱིད་བསྣམས་བྱོན་པའི་ཤུལ་ལུ་ ད་རུང་ཡང་ དགེ་འདུན་འདུས་པ་གིས་ ནང་འཁྲུག་ཞི་ཐབས་ལུ་དམིགས་ཏེ།

སྤྱི་ལོ་ ༡༨༠༨ རབ་བྱུང་ ༡༤ པའི་ ས་འབྲུག་ལོར་ སྡེ་ཁྲིར་བསྐོ་བཞག་གིས་ བསྟན་གྲོར་ཕན་པའི་ ཆབ་སྲིད་བསྐྱངས་འཕྲོར། རྩ་མང་པ་ ནོར་བུ་རིན་ཆེན་ཟེར་མི་ རྒྱུད་རང་བཞིན་རྒྱོང་པོ་ཅིག་ཡོད་མི་དེ་ སྡེ་སྲིད་ལུ་ མ་དགའ་བའི་སྟབས་ཀྱིས་ ཕུ་དཀྲུགས་མདའ་དཀྲུགས་འབད་དེ་ སྤྱི་ལོ་ ༡༨༠༩ ས་སྦྲུལ་ལོར་ ནང་འཁྲུགས་ལངས་པའི་ རྐྱེན་ངནནང་ གཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་ཉེར་དྲུག་པ།

༆   ཁྲི་སྤྲུལ་ཚུལ་ཁྲིམས་གྲགས་པ་མཆོག་ མང་སྡེ་བོན་སྦིས་ཆོས་རྗེའི་ གདུང་བརྒྱུད་ལས་ སྤྱི་ལོ་ ༡༧༩༠ རབ་བྱུང་ ༡༣ པའི་ ལྕགས་ཁྱི་ལོར་ སྐུ་འཁྲུངས་ཡོདཔ་ད། ཤེས་བྱ་མཐའ་དག་དང་  སྨིན་གྲོལ་གྱི་ གདམས་ངག་ག་ར་ གསན་བསམ་རྒྱ་ཆེར་མཛད་ནུག།

དགུང་ལོ་ ༢༠ སྤྱི་ལོ་ ༡༨༠༩ རབ་བྱུང་ ༡༤ པའི་ ས་སྦྲུལ་ལོར་ སྡེ་ཁྲིར་ཕེབས་པའི་ཤུལ་ལུ། མ་གཞི་ སྤྲུལ་སྐུ་རྣམ་གཉིས་ཀྱི་བར་ན་ ཐུགས་མ་མཐུན་པའི་ གཞི་རྩ་མེད་རུང་ གཞུང་ཁག་གཉིས་ལུ་སོང་སྟེ། ཕྱོགས་གཅིག་གིས་ ཞབས་དྲུང་སྤྲུལ་སྐུ་ འཇིགས་མེད་གྲགས་པ་མཆོག་ཡང་ སྡེ་སྲིད་མཛད་དགོ་པའི་ གསོལཝ་བཏབ་བཞིན་དུ་ སྡེ་ཁྲིར་བྱོནམ་ལས། ཁྲི་སྤྲུལ་མཆོག་ ནང་ཟིང་གིས་ ཐུགས་བསུན་ཏེ་ དགུང་ལོ་ ༢༡ སྤྱི་ལོ་ ༡༨༡༠ ལྕགས་རྟ་ལོར་ དགོངས་ཞུ་མཛད་དེ། རྟ་མགོ་དང་ རྟ་ལོག་གང་རུང་ཅིག་ཁར་ བྱོན་ཞིནམ་ལས་ ཡང་དག་པའི་ རིམ་པ་ལྷུར་བཞེས་ཀྱིས་ དགུང་གྲངས་ ༤༡ སྤྱི་ལོ་ ༡༨༣༠ ལྕགས་སྟག་ལོར་ དགོངས་པ་ཞི་བར་གཤེགས་ནུག།

སྡེ་སྲིད་ཁྲི་རབས་ཉེར་བདུན་པ།

༆   ཞབས་དྲུང་ཐུགས་སྤྲུལ་གསུམ་པ་ འཇིགས་མེད་གྲགས་པ་མཆོག་ གཞོང་སྒར་ཆ་འདུས་ ཝེང་མཁར་ལུ་ སྤྱི་ལོ་ ༡༧༩༡ རབ་བྱུང་ ༡༣ པའི་ ལྕགས་ཕག་ལོར་ སྐུ་འཁྲུངས་ཡོདཔ་ད། དགུང་ལོ་གསུམ་ལུ་ གཞུང་ཞབས་ལས་ གདན་སར་སྤྱན་དྲངས་ཏེ་ གོང་མའི་གདན་ཁྲིར་ མངའ་གསོལ་ཞུ་བའི་ཤུལ་ལུ། མདོ་སྔགས་རིག་གནས་དང་ སྨིན་གྲོལ་གྱི་ གདམས་ངག་ཡོངས་རྫོགས་ གསན་བསམ་མཛད་ནུག།

དགུང་ལོ་ ༢༠ སྤྱི་ལོ་ ༡༨༡༠ རབ་བྱུང་ ༡༤ པའི་ ལྕགས་རྟ་ལོར་ སྡེ་ཁྲིར་ཕེབས་ཏེ་ ལུགས་གཉིས་ཀྱི་ བསྟན་སྲིད་བསྐྱངས་གནང་པའི་སྐབས་ལུ། མི་ངན་དག་པ་ཅིག་གིས་ དཀྲུགས་ཤིང་འབད་བའི་ ནང་འཁྲུག་ལུ་བརྟེན་ཏེ། དགུང་ལོ་ ༢༡ སྤྱི་ལོ་ ༡༨༡༡ ལྕགས་ལུག་ལོར་ སྡེ་ཁྲི་བཤོལ་ཏེ་ གདན་སར་བྱོན་ཞིནམ་ལས། གསན་བསམ་ཉམས་བཞེས་ཀྱིས་ བདེ་གཤེགས་སྙིང་པོའི་ རང་ཞལ་གཟིགས་ཏེ། བསྟན་འགྲོར་སྨན་པའི་ ཕྱག་ལཱ་མཛད་བཞིན་དུ་ དགུང་ལོ་ ༤༠ སྤྱི་ལོ་ ༡༨༣༠ ལྕགས་སྟག་ལོར་ སྐུ་བདེ་བར་གཤེགས་པའི་ སྐུ་གདུང་ཡང་ རྟ་ལོག་གསང་སྔགས་ཆོས་གླིང་ ཕོ་བྲང་ནང་ བཞུགས་སུ་གསོལ་ཏེ་ཡོདཔ་ཨིན་པས།

སྡེ་སྲིད་ཁྲི་རབས་ཉེར་བརྒྱད་པ།

༆   ཞབས་དྲུང་གསུང་སྤྲུལ་ སྐུ་འཕྲེང་གསུམ་པ་ ཡེ་ཤེས་རྒྱལ་མཚན་མཆོག་ ཐིམ་ཕུ་ཝང་ཁ་ས་ཁར་ སྤྱི་ལོ་ ༡༧༨༡ རབ་བྱུང་ ༡༣ པའི་ ལྕགས་གླང་ལོར་ སྐུ་འཁྲུངས་ཡོདཔ་ད། སྐུ་ན་ཆུང་ཀུ་ལས་ གོང་མའི་གདན་སར་ མངའ་གསོལ་ཞུ་སྟེ་ མདོ་སྔགས་རིག་གནས་ཚང་མ་ མཐར་ཕྱིན་མཛད་དེ་ མཁས་པའི་གྲགས་པ་དང་། སྨིན་གྲོལ་གདམས་ངག་གིས་ ཐུགས་རྒྱུད་སྨིན་ཏེ་ རྟོགས་པ་མངོན་དུ་ གྱུར་བའི་ཤུལ་ལུ་ མི་ལོ་ ༤ གི་རིང་ལུ་ རྗེ་མཁན་མཛད་ནུག།

སྤྱི་ལོ་ ༡༨༡༡ རབ་བྱུང་ ༡༤ པའི་ ལྕགས་ལུག་ལོར་ སྡེ་ཁྲིར་ཕེབས་ཏེ། ཞབས་དྲུང་ཐུགས་སྤྲུལ་ འཇིགས་མེད་གྲགས་པ་མཆོག་དང་ ཟུང་འབྲེལ་གྱིས་ མི་ལོ་ ༡ དང་ རང་དབང་ཅན་གྱི་སྒོ་ལས་ མི་ལོ་ ༣ བཞུགས་པའི་མཐར། སྤྱི་ལོ་ ༡༨༡༥ ཤིང་ཕག་ལོར་ སྡེ་ཁྲི་ལས་ དགོངས་ཞུས་མཛད་དེ་ གསང་ཆེན་ཆོས་འཁོར་གྱི་གདན་སར་ དགུང་ལོ་ ༥༠ སྤྱི་ལོ་ ༡༨༣༠ ལྕགས་སྟག་ལོར་ སྐུ་ཞི་བར་གཤེགས་ནུག།

སྡེ་སྲིད་ཁྲི་རབས་ཉེར་དགུ་པ།

༆   ཚ་ཕུག་པ་རྡོ་རྗེ་མཆོག་ ཆུང་ཀུའི་བསྒང་ལས་ དཔལ་ལྡན་འབྲུག་པའི་ སྒྲིག་ལམ་ལུ་ འཛུལ་ཞུགས་ཀྱིས་ རིམ་པ་བཞིན་དུ་ ཆོས་རྩེ་དཔོན་སློབ་ཀྱི་ གོ་གནས་ལུ་ བཞུགས་པའི་སྐབས། སྡེ་སྲིད་གོངམ་ཚུ་ལུ་ ངོ་རྒོལ་ཡང་བསྐྱར་འབད་དེ་ ནང་འཁྲུག་ལངས་པའི་ཁར། གོང་གསལ་མཆོག་སྤྲུལ་རྣམ་གཉིས་ཀྱི་བར་ན་ཡང་ ཕུང་དཀྲོགས་ཀྱིས་ མ་འགྲིགསཔ་བཟོ་ནུག།

སྤྱི་ལོ་ ༡༨༡༥ རབ་བྱུང་ ༡༤ པའི་ ཤིང་ཕག་ལོར་ སྡེ་ཁྲིར་འཛེགས་ཡོད་རུང་། དེ་གི་ཧེ་མར་ ལཱ་ངན་བསགས་པའི་ ལས་འབྲས་འཁོར་ཏེ་ ཟླཝ་དག་པ་ཅིག་ལས་རང་ ཐིམ་ཕུ་རྫོང་དཔོན་ བསོད་ནམས་འབྲུག་རྒྱལ་གྱིས་ ངོ་རྒོལ་ཐོག་ལུ་ སྡེ་ཁྲི་ལས་ཕབ་སྟེ་ མཚོན་ཁར་བཀྲོངས་ནུག།

སྡེ་སྲིད་ཁྲི་རབས་སུམ་ཅུ་པ།

༆   བསོད་ནམས་འབྲུག་རྒྱལ་མཆོག་ ཐིམ་ཕུ་ཆ་འདུས་ ཝང་སྲིད་རྒྱལ་ལུ་ འཁྲུངས་ཡོདཔ་ད། ཆོས་རྗེ་འབྲུག་པའི་སྒར་ལྟོར་ འཛུལ་ཞུགས་ཀྱིས་ རིམ་པ་བཞིན་དུ་ བྱ་དཀར་སྒོ་ར་པ་ལས་ ཆོས་རྩེ་དཔོན་སློབ་དང་ ཐིམ་ཕུ་རྫོང་དཔོན་ཚུ་མཛད་ནུག།

དེ་ལས་ སྤྱི་ལོ་ ༡༨༡༥ རབ་བྱུང་ ༡༤ པའི་ ཤིང་ཕག་ལོར་ སྡེ་ཁྲིར་འཛེགས་ཏེ་ བཞུགས་པའི་སྐབས་ལུ། སྡེ་སྲིད་ཚ་ཕུག་པ་རྡོ་རྗེའི་ སྒར་ལྟོ་ཚུ་གིས་ ངོ་རྒོལ་འབད་ནི་གི་ རྩིས་རྐྱབ་རུང་ གླགས་མ་འཁེལ་བར། མི་ལོ་ ༤ གི་རིང་ སྡེ་སྲིད་བསྐྱངས་པའི་སྐབས་ལུ་ བསྟན་འགྲོར་ཕན་བདེ་དང་ ཚེ་སྲོག་ལུ་ གནོད་སྐྱོན་མེད་པར། སྤྱི་ལོ་ ༡༨༡༩ ས་ཡོས་ལོར་ དགོངས་ཞུས་མཛད་ནུག།

སྡེ་སྲིད་ཁྲི་རབས་སོ་གཅིག་པ།

༆   བསྟན་འཛིན་འབྲུག་སྒྲ་མཆོག་ ཐིམ་ཕུ་ཝང་དར་ལུང་ལས་འཁྲུངས་ཏེ། ཆོས་རྗེ་འབྲུག་པའི་ སྒར་ལྟོ་གྱལ་ཁར་ འཛུལ་ཞུགས་ཀྱིས་ རིམ་པ་བཞིན་དུ་ སྤུངས་ཐང་རྫོང་དཔོན་དང་ གོང་གཟིམ་མཛད་ནུག།

དེ་ལས་ སྤྱི་ལོ་ ༡༨༡༩ རབ་བྱུང་ ༡༤ པའི་ ས་ཡོས་ལོར་ སྡེ་ཁྲིར་བྱོན་ཏེ་ བཞུགས་པའི་སྐབས་ལུ། ཆོས་རྩེ་དཔོན་སློབ་ དཔྲལ་བ་གིས་ ངོ་རྒོལ་འབདཝ་ལས་ འཕགས་པའི་དགེ་འདུན་པ་གིས་ མཐུན་འགྲིགས་མཛད་རུང་། དཔོན་སློབ་དཔྲལ་བ་གིས་ ཉན་མ་བཏུབ་པའི་མཐར་ མཚོན་ཁར་བསད་དེ། གཡུལ་ངོ་ལས་རྒྱལ་བའི་ དཔའ་རྔམ་ཐོག་ལུ་ མི་ངོ་ ༤ གི་རིང་ བསྟན་སྲིད་ལུ་ཕན་པའི་ ཕྱག་ལཱ་ཆུང་ཀུ་རེ་མཛད་དེ། སྤྱི་ལོ་ ༡༨༢༣ ཆུ་ལུག་ལོར་ དགོངས་ཞུས་ཀྱིས་ གསང་སྔགས་ཟབ་དོན་ཕོ་བྲང་ནང་བཞུགས་ནུག།

སྡེ་སྲིད་ཁྲི་རབས་སོ་གཉིས་པ།

༆   ཆོས་ཀྱི་རྒྱལ་མཚན་མཆོག་ ཐིམ་ཕུ་ཆ་འོག་ ཝང་སྲིད་རྒྱལ་ལུ་ འཁྲུངས་ཡོདཔ་ད། དགེ་འདུན་འདུས་པའི་ གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ ཆོས་སྲིད་ལུགས་གཉིས་ཀྱི་ སྒྲིག་ལམ་རྣམ་གཞག་ཚུ་ལུ་ སྦྱངས་པ་མཛད་པའི་མཐར། ཁ་དྲག་དབང་དྲག་ཡོདཔ་ལས་ རིམ་པ་བཞིན་དུ་ ཐིམ་ཕུ་གཉེར་ཆེན་མཛད་པའི་བསྒང་། གཞུང་ལུ་ ཕྱག་ཕྱིད་ལེགས་ཤོམ་སྦེ་ཞུཝ་ལས་ ཐིམ་ཕུ་རྫོང་དཔོན་བསྐོས་ནུག།

དེ་ལས་ སྤྱི་ལོ་ ༡༨༢༣ རབ་བྱུང་ ༡༤ པའི་ ཆུ་ལུག་ལོར་ སྡེ་ཁྲིར་བྱོན་ཏེ། སྤུངས་ཐང་རྫོང་ནང་ མཐོང་གྲོལ་ཆེན་མོ་དང་ བཀྲ་ཤིས་ཆོས་རྫོང་གི་ དབུ་རྩེ་ལུ་ གསེར་གྱི་རྒྱ་ཕིབས། སྤྱན་རས་གཟིགས་ཀྱི་ སྐུ་འདྲ་ལ་སོགས་པའི་ སྐུ་གསུང་ཐུགས་རྟེན་ ལེ་ཤ་ཅིག་ གསར་བཞེངས་ཀྱིས་ བསྟན་འགྲོར་ཕན་པའི་ ཕྱག་ལཱ་མཛད་དེ། ལོ་ངོ་ ༨ ཀྱི་རིང་ལུ་ བསྟན་སྲིད་བསྐྱངས་པའི་མཐར། སྤྱི་ལོ་ ༡༨༣༡ ལྕགས་ཡོས་ལོར་ སྡེ་ཁྲི་ལས་ཟུར་ཏེ་ དབང་འདུས་རྩེར་བཞུགས་ནུག།

སྡེ་སྲིད་ཁྲི་རབས་སོ་གསུམ་པ།

༆   རྡོ་རྗེ་རྣམ་རྒྱལ་མཆོག་ ཐིམ་ཕུ་ཝང་དར་ལུང་ལུ་ འཁྲུངས་ཡོདཔ་ད། སྡེ་སྲིད་བསོད་ནམས་འབྲུག་རྒྱལ་གྱི་ ཚ་བོ་ཨིནམ་ལས་ ཆུང་སྐུའི་བསྒང་ལས་རང་ སྒར་ལྟོའི་གྱལ་ཁར་ འཛུལ་ཞུགས་ཀྱིས་ ཆོས་སྲིད་ལུགས་གཉིས་ཀྱི་ སྒྲིག་ལམ་རྣམ་གཞག་ཚུ་ལུ་ སྦྱངས་པ་མཛད་དེ། རིམ་པ་བཞིན་དུ་ ཆོས་རྩེ་དཔོན་སློབ་ཀྱི་ གོ་གནས་ཁར་བསྐོས་ནུག།

དེ་ལས་ སྤྱི་ལོ་ ༡༨༣༡ རབ་བྱུང་ ༡༤ པའི་ ལྕགས་ཡོས་ལུ་ སྡེ་ཁྲིར་བྱོན་པའི་ ལོ་དེ་ནང་རང་ སྤུངས་ཐང་རྫོང་ལུ་ མེ་སྐྱོན་བཞི་པ་བྱུངམ་ལས་ ལོ་ངོ་ ༢ ཀྱི་ ནང་འཁོད་ལུ་ ཉམས་གསོ་མཛད་པའི་མཐར། མི་དགེ་བའི་ ལས་འབྲས་འཁོར་ཏེ་ སྤྱི་ལོ་ ༡༨༣༣ ཆུ་སྦྲུལ་ལོར་ ནང་འཁྲུག་ལངས་ཏེ་ མཚོན་ཁར་བཀྲོངས་ནུག།

སྡེ་སྲིད་ཁྲི་རབས་སོ་བཞི་པ།

༆   ཨ་ཐང་འཕྲིན་ལས་མཆོག་ སྡེ་སྲིད་བསོད་ནམས་འབྲུག་རྒྱལ་གྱི་ འཆང་སྒར་པ་ལས་ རིམ་པ་བཞིན་དུ་ གོང་གཟིམ་གྱི་ གོ་གནས་ཁར་བསྐོས་ནུག།

དེ་ལས་ སྤྱི་ལོ་ ༡༨༣༣ རབ་བྱུང་ ༡༤ པའི་ ཆུ་སྦྲུལ་ལོར་ སྡེ་ཁྲིར་བྱོན་ཏེ་ མི་ལོ་ཕྱེད་དང་ ༣ དེ་ཅིག་ བཞུགས་རིང་ལུ། དགེ་འདུན་གྲྭ་ཚང་ ཉམས་ནི་གུ་ ལྷོད་ཡོདཔ་ལས་ བཙུན་གསར་ ༣༢༠ ལྷགཔ་ཅིག་བཙུགས་ཏེ་ ཁ་གསོ་མཛད་པའི་ཁར། མངའ་འབངས་ཡོངས་ལུ་ བྱམས་སྐྱོང་མཛད་བཞིན་དུ། སྤྱི་ལོ་ ༡༨༣༥ ཤིང་ལུག་ལོར་ སྐུ་ཚེས་མ་ཟིན་པར་ ཁྲི་ཐོག་ཁར་ གཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་སོ་ལྔ་པ།

༆   སྡེ་སྲིད་ཁྲི་རབས་ ༣༢ པ་ ཆོས་ཀྱི་རྒྱལ་མཚན་མཆོག་ སྤྱི་ལོ་ ༡༨༣༥ རབ་བྱུང་ ༡༤ པའི་ ཤིང་ལུག་ལོར་ ལོག་སྟེ་ར་ སྡེ་ཁྲིར་བྱོན་ཏེ་ ལོ་ངོ་ ༣ གྱི་རིང་ བསྟན་སྲིད་བསྐྱངས་བཞིན་དུ་ བཞུགས་པའི་སྐབས་ལུ། གཞོང་སྒར་པ་ ལྕགས་པ་སངས་རྒྱས་ཀྱིས་ དཔྱེ་རིས་རྣམ་རྟོག་མེད་པའི་ དམག་དཔུང་འཁྱིད་འོང་སྟེ་ གློ་བུར་དུ་ སྤུངས་ཐང་རྫོང་ནང་ འཛུལ་བ་ལུ་བརྟེན་ཏེ། སྡེ་སྲིད་མཆོག་ རྫོང་འོག་མར་ རྗེ་མཁན་ཤེས་རབ་རྒྱལ་མཚན་བཞུགས་སར་ བྱོལ་བྱོན་ཡོདཔ་བཞིན་དུ་ འཕགས་པའི་དགེ་འདུནམ་ཚུ་གིས་ སྲོག་སྐྱབས་མཛད་དེ། སྤྱི་ལོ་ ༡༨༣༨ ས་ཁྱི་ལོར་ ལྕགས་པ་སངས་རྒྱས་ལུ་ རྩིས་སྤྲོད་འབདཝ་ལས་ སྐུ་སྲོག་ལུ་ ཉེས་སྐྱོན་མེད་པར་ དགོན་པར་བྱོན་ནུག།

སྡེ་སྲིད་ཁྲི་རབས་སོ་དྲུག་པ།

༆   རྡོ་རྗེ་ནོར་བུ་མཆོག་ ཝང་སེ་ལེ་ཁར་འཁྲུངས་ཏེ་ སྒར་ལྟོའི་གྱལ་ཁར་ འཛུལ་ཞུགས་ཀྱིས་ དཔལ་ལྡན་འབྲུག་པའི་ སྒྲིག་ལས་རྣམ་གཞག་ཚུ་ལུ་ སྦྱངས་པའི་མཐར། རིམ་པ་བཞིན་དུ་ དར་དཀར་དཔོན་སློབ་ཀྱི་ གོ་གནས་ཁར་བསྐོས་ནུག།

སྤྱི་ལོ་ ༡༨༣༨ རབ་བྱུང་ ༡༤ པའི་ ས་ཁྱི་ལོར་ སྡེ་ཁྲིར་བསྐོས་པའི་ཤུལ་ལུ། ཐིམ་ཕུ་ལུ་ སྡེ་སྲིད་བགྲེསཔ་ ཆོས་ཀྱི་རྒྱལ་མཚན་གྱི་ ཕྱོགས་གཏོགས་ཨིན་མི་ ཐིམ་ཕུ་རྫོང་དཔོན་ བཀྲ་ཤིས་རྡོ་རྗེ་གིས་ཡང་ ཐག་རང་བཅད་ཀྱིས་ སྡེ་ཁྲིར་འཛེགས་ནི་དེ་གིས་ སྡེ་སྲིད་ཁག་གཉིས་ལུ་སོང་སྟེ་ མི་སེར་ཚུ་ལུ་ བདེ་སྐྱིད་མེདཔ་ལས། དགེ་འདུན་པའི་ བླ་སློབ་ཚུ་གིས་ སྡེ་སྲིད་རྣམ་གཉིས་ ཟུང་འབྲེལ་མཛད་དགོ་པའི་ མཐུན་བསྒྲིགས་བཟོ་གནངམ་བཞིན་དུ། ཐུགས་མཐུན་གཙང་མའི་སྒོ་ལས་ མི་ལོ་ ༧ གྱི་རིང་ལུ་ བསྟན་སྲིད་བསྐྱངས་ཏེ། སྤྱི་ལོ་ ༡༨༤༥ ཤིང་སྦྲུལ་ལོར་ སྡེ་སྲིད་རྡོ་རྗེ་ནོར་བུ་ ཁྲི་ཐོག་ཁར་ བཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་སོ་བདུན་པ།

༆   བཀྲ་ཤིས་རྡོ་རྗེ་མཆོག་ ཐིམ་ཕུ་ཆ་འདུས་ ཝང་དར་ལུང་ལུ་ འཁྲུངས་ཡོདཔ་ད། སྡེ་སྲིད་ཆོས་ཀྱི་རྒྱལ་མཚན་གྱི་ སྒར་ལྟོའི་གྱལ་ཁར་ འཛུལ་ཞུགས་ཀྱིས་ དཔལ་ལྡན་འབྲུག་པའི་ ཆོས་སྲིད་ལུགས་གཉིས་ཀྱི་ སྒྲིག་ལམ་རྣམ་གཞག་ཚུ་ལུ་ སྦྱངས་པ་མཐར་ཕྱིན་མཛད་དེ། རིམ་པ་བཞིན་དུ་ ཐིམ་ཕུ་རྫོང་དཔོན་གྱི་ གོ་གནས་ཐོབ་ནུག།

སྤྱི་ལོ་ ༡༨༣༨ རབ་བྱུང་ ༡༤ པའི་ ས་ཁྱི་ལོར་ སྡེ་ཁྲིར་བྱོན་ཏེ། སྤྱི་ལོ་ ༡༨༤༥ ཤིང་སྦྲུལ་ཚུན་ རྡོ་རྗེ་ནོར་བུ་དང་ སྡེ་སྲིད་ཟུང་འབྲེལ་སྦེ་ བསྐྱངས་པའི་མཐར། རང་དབང་ཐོག་ལུ་ ད་རུང་ མི་ལོ་ ༥ གི་རིང་ བསྟན་སྲིད་བསྐྱངས་པའི་སྐབས་ལུ། འགྲན་ཟླ་དང་བྲལ་བའི་ རོལམོ་སྤོ་གསང་ཅིག་ གསར་བསྒྲུབས་མཛད་དེ་ འདུས་སྡེར་ཕུལཝ་ལས། ད་རེས་ནངས་པ་ཡང་ འཆམ་རོལ་བཀྲ་ཤིས་རྡོ་རྗེ་ཟེར་ ཡོངས་གྲགས་ཅན་ཅིག་སྦེ་ཡོདཔ་ཨིན་པས། སྤྱི་ལོ་ ༡༨༤༩ ས་བྱ་ལོར་ སྤུངས་ཐང་རྫོང་ལུ་ མེ་འཇིགས་ལྔ་པ་ བྱུང་ཡོདཔ་ལས་ ལོ་ངོ་ ༡ གི་ ནང་འཁོད་ལུ་ ཞིག་གསོ་མཛད་པའི་མཐར། སྤྱི་ལོ་ ༡༨༥༠ ལྕགས་ཁྱི་ལོར་ སྡེ་ཁྲི་ཐོག་ཁར་ བཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་སོ་བརྒྱད་པ།

༆   དབང་ཕྱུག་རྒྱལ་པོ་མཆོག་ ཐིམ་ཕུ་ཝང་ཁར་སྦིས་ལུ་འཁྲུངས་ཏེ། དགེ་འདུན་འདུས་སྡེར་ འཛུལ་ཞུགས་ཀྱིས་ དཔལ་ལྡན་འབྲུག་པའི་ སྒྲིག་ལམ་རྣམ་གཞག་དང་ ཡོན་ཏན་གྱི་གཞི་མར་ སྦྱངས་བརྩོན་མཛད་པའི་ཤུལ་ལུ། རྫོང་གོང་མར་ ཐོན་ཐོག་ལས་ རིམ་པ་བཞིན་དུ་ ཐིམ་ཕུ་གཉེར་ཆེན་དང་ རྫོང་དཔོན་མཛད་ནུག།

དེ་ལས་ སྤྱི་ལོ་ ༡༨༥༠ རབ་བྱུང་ ༡༤ པའི་ ལྕགས་ཁྱི་ལོར་ སྡེ་ཁྲིར་བྱོན་ཏེ་ ཟླཝ་དག་པ་ཅིག་གི་རྒྱབ་ལས་ ནང་འཁྲུག་ལངས་ནི་དེ་གིས་ སྤྱི་ལོ་ ༡༨༥༡ ལྕགས་ཕག་ལོར་ མཚོན་ཁར་བཀལ་ཏེ་ བཀྲོངས་གདའ་ནུག།

སྡེ་སྲིད་ཁྲི་རབས་སོ་དགུ་པ།

༆   ལྕགས་པ་སངས་རྒྱས་མཆོག་ ཐིམ་ཕུ་ཆ་འདུས་ ཝང་སེ་ལེ་ཁར་འཁྲུངས། སྒར་ལྟོའི་གྲས་ཁར་ འཛུལ་ཞུགས་ཀྱིས་ དཔལ་ལྡན་འབྲུག་པའི་ སྒྲིག་ལམ་རྣམ་གཞག་ལུ་ སྦྱངས་པ་མཐར་ཕྱིན་མཛད་དེ། རིམ་པ་བཞིན་དུ་ གཞོང་སྒར་རྫོང་དཔོན་དང་ དབང་འདུས་རྫོང་དཔོན་མཛད་ནུག།

དེ་ལས་ སྤྱི་ལོ་ ༡༨༥༡ རབ་བྱུང་ ༡༤ པའི་ ལྕགས་ཕག་ལོར་ སྡེ་ཁྲིར་བྱོན་ཡོད་རུང་། སྤ་གྲོ་དཔོན་སློབ་བགྲེསཔ་ ཨ་རྒས་ཧཱ་པ་གིས་ གཡོ་སྒྱུའི་སྒོ་ལས་ གོས་ཆེན་གྱི་ ན་བཟའ་དང་ ཆོས་བགོ་གང་རུང་ ལེགས་ཤོམ་ཅིག་བཙེམས་ཏེ་ འབྲུམ་ནད་ཀྱིས་ ན་མི་ཅིག་ལུ་ བཀབ་བཅུག་ཞིནམ་ལས་ ཕུལ་བ་ལུ་བརྟེན་ཏེ། འབྲུམ་ནད་ཀྱིས་འབད་ སྤྱི་ལོ་ ༡༨༥༢ ཆུ་བྱི་ལོར་ སྡེ་ཁྲི་ཐོག་ཁར་ གཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་བཞི་བཅུ་པ།

༆   དམ་ཆོས་ལྷུན་གྲུབ་བམ་ བར་ཅུང་མཆོག་ ཐིམ་ཕུ་ཆ་འོག་ བར་པའི་ས་ལུ་འཁྲུངས་ཏེ། སྐུ་ན་ཆུང་ཀུའི་བསྒང་ལས་ དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ ཐོས་བསམ་སྒོམ་གསུམ་ལུ་ སྦྱངས་པ་མཐར་ཕྱིན་མཛད་དེ། རིམ་པ་བཞིན་དུ་ འདུས་སྡེའི་ཆོས་ཁྲིམས་པ་དང་ རྡོ་རྗེ་སློབ་དཔོན་མཛད་ནུག།

སྤྱི་ལོ་ ༡༨༥༢ རབ་བྱུང་ ༡༤ པའི་ ཆུ་བྱི་ལོར་ སྡེ་ཁྲིར་བྱོན་ཏེ་ ལོ་ངོ་ ༢ ཀྱི་རིང་ བསྟན་སྲིད་བསྐྱངས་པའི་མཐར། ནང་འཁྲུག་གིས་ ཐུགས་བསུན་ཏེ་ སྤྱི་ལོ་ ༡༨༥༤ ཤིང་སྟག་ལོར་ དགོངས་ཞུས་མཛད་ཡོད་རུང་། འཕགས་པའི་དགེ་འདུནམ་ཚུ་གིས་ ནང་འཁྲུག་ཞི་ཐབས་ལུ་ བྱམས་སྤྲུལ་འཇམ་དཔལ་བསྟན་འཛིན་དང་ ཟུང་འབྲེལ་མཛད་དགོ་པའི་ གསོལཝ་བཏབ་བཞིན་དུ་ ད་རུང་ ལོ་གཅིག་བཞུགས་ནུག།

སྡེ་སྲིད་ཁྲི་རབས་ཞེ་གཅིག་པ།

༆   བྱམས་སྤྲུལ་འཇམ་དཔལ་བསྟན་འཛིན་མཆོག་ སྤུངས་རྫོང་ཆ་འདུས་ ཨ་མོ་རི་མུའི་ གདུང་བརྒྱུད་ལས་ སྐུ་འཁྲུངས་ཡོདཔ་ད། སྤྱི་ལོ་ ༡༨༥༤ རབ་བྱུང་ ༡༤ པའི་ ཤིང་སྟག་ལོར་ སྡེ་ཁྲིར་བྱོན་ཏེ་ སྡེ་སྲིད་བར་ཅུང་དང་ ཟུང་འབྲེལ་གྱིས་ བསྟན་སྲིད་བསྐྱངས་བཞུགས་ནུག།

དེ་བསྒང་ དབང་འདུས་རྫོང་དཔོན་ འཕྲིན་ལས་སྟོབས་རྒྱས་དང་ ཐིམ་ཕུ་རྫོང་དཔོན་ ཨུ་མ་དྷེ་ཝ་གཉིས་ཀྱིས་ སྡེ་ཁྲིར་ཧབ་ཐོབ་རྐྱབ་སྟེ་ ནང་འཁྲུགས་ལངས་པའི་སྐབས་ལུ། ཆོས་རྩེ་དཔོན་སློབ་ འཇིགས་མེད་རྣམ་རྒྱལ་བྱོན་ཏེ་ མཐུན་སྒྲིག་མཛད་པའི་ བཀའ་དྲིན་དགའ་ཚོར་ལུ། ཧེ་མར་ ཀྲོང་གསར་ལས་ གཞུང་ལུ་ ཏི་རུབ་དོས་ ༤ ཕུལ་དགོཔ་ཡོད་མི་དེ་ ཕུལ་མ་དགོཔ་ བཟོ་བའི་ཁར། ཤར་རྫོང་གི་ དཔོན་ཁག་ཚུ་ཡང་ ཆོས་རྩེ་དཔོན་སློབ་ཀྱིས་ བསྐོས་ཆོག་པའི་ གྲོས་ཆོད་གནང་སྟེ། སྤྱི་ལོ་ ༡༨༥༦ ཤིང་ཡོས་ལོར་ བྱམས་སྤྲུལ་མཆོག་ སྡེ་སྲིད་ཀྱི་ ཁྲི་ཐོག་ལུ་ དགོངས་པ་རྫོགས་སོང་ནུག།

སྡེ་སྲིད་ཁྲི་རབས་ཞེ་གཉིས་པ།

༆   ཀུན་དགའ་དཔལ་ལྡན་ནམ་ འཕྲིན་ལས་སྟོབས་རྒྱས་མཆོག་ དབང་འདུས་ཆ་འོག་ ཤར་སྦེད་ནག་ལུ་ འཁྲུངས་ཡོདཔ་ད། ཆོས་རྗེ་འབྲུག་པའི་ སྒྲིག་ལམ་ལུ་ སྦྱངས་པ་མཛད་དེ། སྡེ་སྲིད་ལྕགས་པ་སངས་རྒྱས་དང་ རྨག་སྐུད་ཨིནམ་ལས་ ལྕགས་པ་སངས་རྒྱས་ ཁོ་རང་ སྡེ་སྲིད་མཛད་པའི་སྐབས་ལུ་ དབང་འདུས་རྫོང་དཔོན་འབད་ བསྐོ་བཞག་གནང་ནུག།

སྤྱི་ལོ་ ༡༨༥༦ རབ་བྱུང་ ༡༤ པའི་ ཤིང་ཡོས་ལོར་ སྡེ་ཁྲིར་བྱོན་པའི་སྐབས་ལུ། ཝང་དང་ལོ་ལས་ཨིན་མི་ ཐིམ་ཕུ་རྫོང་དཔོན་ ཨུ་མ་དྷེ་ཝའམ་ ཤེས་རབ་མཐར་ཕྱིན་གྱིས་ཡང་ ཐིམ་ཕུ་ལུ་ སྡེ་ཁྲིར་བྱོན་ཏེ་བཞུགསཔ་ལས། དགེ་འདུན་འདུས་པའི་ བླ་སློབ་ཚུ་གིས་ མཐུན་བསྒྲིགས་མཛད་དེ་ ཟུང་འབྲེལ་འབད་ བཞུགས་བཞིན་དུ། སྤྱི་ལོ་ ༡༨༥༨ མེ་སྦྲུལ་ལོར་ ཀུན་དགའ་དཔལ་ལྡན་གྱི་ གཟིམ་དཔོན་གྲྭ་ཆུང་གིས་ ཨུ་མ་དྷེ་ཝ་ བརྐུ་གསོད་རྐྱབ་སྟེ་ བཀྲོངས་པའི་ཤུལ་ལས། ད་རུང་ མི་ལོ་ ༣ གྱི་རིང་ རང་དབང་ཅན་གྱི་ཐོག་ལུ་ བསྟན་སྲིད་བསྐྱངས་པའི་མཐར། སྤྱི་ལོ་ ༡༧༦༠ ལྕགས་སྤྲེལ་ལོར་ སྡེ་ཁྲི་ཐོག་ཁར་ གཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་ཞེ་གསུམ་པ།

༆   གནག་རྫི་པ་སངས་སམ་ ཕུན་ཚོགས་རྣམ་རྒྱལ་མཆོག་ དབང་འདུས་ཕོ་བྲང་ཆ་འོག་ ཤར་སྦེད་ནག་ལས་ སྡེ་སྲིད་ཀུན་དགའ་དཔལ་ལྡན་གྱི་ ཚ་བོ་འབད་ནི་དེ་གིས། ཆུང་ཀུའི་བསྒང་ལས་ སྒར་ལྟོའི་གྲལ་ཁར་ འཛུལ་ཞུགས་ཀྱིས་ རིམ་པ་བཞིན་དུ་ དབང་འདུས་རྫོང་དཔོན་ལུ་ བསྐོ་བཞག་མཛད་ནུག།

དེ་ལས་ སྤྱི་ལོ་ ༡༨༦༠ རབ་བྱུང་ ༡༤ པའི་ ལྕགས་སྤྲེལ་ལོར་ སྡེ་ཁྲིར་བྱོན་པའི་ཤུལ་ལུ། སྤུངས་ཐང་རྫོང་དཔོན་ དར་ལུང་སྟོབས་རྒྱས་ཀྱིས་ ངོ་ལོག་རྐྱབ་རུང་། ཆོས་རྩེ་དཔོན་སློབ་ཀྱིས་ མཐུན་བསྒྲིགས་མཛད་དེ་ ལོ་ངོ་ ༣ གྱི་རིང་ལུ་ བསྟན་སྲིད་བསྐྱངས་པའི་མཐར། སྤྱི་ལོ་ ༡༨༦༣ ཆུ་ཕག་ལོར་ དགོངས་ཞུ་མཛད་དེ་ དགོན་པར་བྱོན་ནུག།

སྡེ་སྲིད་ཁྲི་རབས་ཞེ་བཞི་པ།

༆   ཚེ་དབང་སྲི་ཐུབ་མཆོག་ ཐིམ་རྫོང་ཆ་འདུས་ ཝང་ཁར་སྦིས་ལུ་ འཁྲུངས་ཡོདཔ་ད། དཔལ་ལྡན་འབྲུག་པའི་ སྒར་ལྟོའི་གྱལ་ཁར་ འཛུལ་ཞུགས་ཀྱིས་ རིམ་པ་བཞིན་དུ་ ཐིམ་ཕུ་གཉེར་ཆེན་དང་ ཐིམ་ཕུ་རྫོང་དཔོན་མཛད་ནུག།

སྤྱི་ལོ་ ༡༨༦༣ རབ་བྱུང་ ༡༤ པའི་ ཆུ་ཕག་ལོར་ སྡེ་ཁྲིར་བྱོན་པའི་ཤུལ་ལུ། སྟོད་ཝང་ཚུ་གིས་ མ་རངས་པར་ ནང་འཁྲུག་ལངསམ་ལས། དགེ་འདུན་གྲྭ་ཚང་གི་ བླ་སློབ་ཚུ་ གསུང་གྲོས་གནང་ཐོག་ལུ་ ཆོས་ཁྲིམས་བགྲེསཔ་ ཚུལ་ཁྲིམས་ཡོན་ཏན་ནམ་ ཟི་ལུ་ཁ་པ་ སྡེ་ཁྲིར་བསྐོས་རུང་། སྡེ་སྲིད་བགྲེསཔ་ གནག་རྫི་པ་སངས་ཀྱིས་ བཀྲོངས་ཡོདཔ་ད། ཚེ་དབང་སྲི་ཐུབ་ཡང་ སྤྱི་ལོ་ ༡༨༦༤ ཤིང་བྱི་ལོར་ ཟུར་བཞུགས་མཛད་ནུག།

སྡེ་སྲིད་ཁྲི་རབས་ཞེ་ལྔ་པ།

༆   དཀར་བརྒྱུད་དབང་ཕྱུག་མཆོག་ སྤ་རོ་ཆ་འདུས་ ཤར་པ་རི་བར་ལུ་འཁྲུངས། དགེ་འདུན་འདུས་སྡེར་ འཛུལ་ཞུགས་ཀྱིས་ མདོ་རྒྱུད་དང་ དབྱངས་ཐིག་གར་གསུམ་ལ་སོགས་པའི་ ཤེས་བྱའི་གནས་ལུ་ སྦྱངས་གསན་མཛད་དེ། རིམ་པ་བཞིན་དུ་ བལ་པོའི་བླམ་དང་ གངས་རིའི་བླམ་མཛད་ནུག།

སྤྱི་ལོ་ ༡༨༦༤ རབ་བྱུང་ ༡༤ པའི་ ཤིང་བྱི་ལོར་ སྡེ་ཁྲིར་བྱོན་ཡོད་རུང་ སྐུ་ཚེ་གིས་ མ་ཟིན་པར་ ལོ་དེ་ནང་རང་ དགོངས་པ་རྫོགས་སོང་ནུག།

སྡེ་སྲིད་ཁྲི་རབས་ཞེ་དྲུག་པ།

༆   སྡེ་སྲིད་ ༤༤ པ་ ཚེ་དབང་སྲི་ཐུབ་མཆོག་ སྤྱི་ལོ་ ༡༨༦༤ རབ་བྱུང་ ༡༤ པའི་ ཤིང་བྱི་ལོར་ ལོག་སྟེ་རང་ སྡེ་ཁྲིར་བྱོན་ཏེ་ མི་ལོ་ ༣ གྱི་རིང་ལུ་ བསྟན་སྲིད་བསྐྱངས་པའི་མཐར་ སྤྱི་ལོ་ ༡༨༦༧ རབ་བྱུང་ ༡༥ པའི་ མེ་ཡོས་ལོར་ སྡེ་ཁྲི་ཐོག་ཁར་ གཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་ཞེ་བདུན་པ།

༆   བརྩོན་འགྲུས་པད་དཀར་མཆོག་ ཚེ་དབང་སྲི་ཐུབ་ཀྱི་ཤུལ་ལས་ སྡེ་ཁྲིར་བྱོན་མི་མེད་པར། དགེ་འདུན་གྲྭ་ཚང་གི་ བླ་སློབ་དང་ གཞུང་ལྷན་རྒྱས་ སྤྱི་མཐུན་ཐོག་ལས་ རྗེ་མཁན་སྐུ་བགྲེས་ ཡོན་ཏན་རྒྱལ་མཚན་མཆོག་ལུ་ སྡེ་ཁྲིར་བྱོན་དགོ་པའི་ གསོལཝ་བཏབ་པའི་བསྒང་ སྐུ་ན་བགྲེས་ཚུལ་ཚུ་གསུངས་ཏེ་ མ་གསན་པར། ལུང་དང་རིག་པའི་ བདག་ཉིད་ཅན་ མཚན་ཉིད་སློབ་དཔོན་ བརྩོན་འགྲུས་པད་དཀར་ བསྐོས་དགོ་པའི་ བཀའ་རྒྱ་གནང་ནུག།

སྤྱི་ལོ་ ༡༨༦༧ རབ་བྱུང་ ༡༥ པའི་ མེ་ཡོས་ལོར་ སྡེ་ཁྲིར་བསྐོས་ཏེ་ མི་ལོ་ ༣ གྱི་རིང་ལུ་ བསྟན་སྲིད་བསྐྱངས་པའི་མཐར། སྤྱི་ལོ་ ༡༨༧༠ ལྕགས་རྟ་ལོར་ སྡེ་སྲིད་ཀྱི་ ཁྲི་ཐོག་ཁར་ གཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་ཞེ་བརྒྱད་པ།

༆   མི་རྗེ་འཇིགས་མེད་རྣམ་རྒྱལ་མཆོག་ ཀུར་སྟོད་དུར་དཀར་ལུ་ སྐུ་འཁྲུངས་ཏེ་ སྔོན་གྱི་སྨོན་ལམ་ལུ་བརྟེན་ཏེ་ ཆོས་རྩེ་དཔོན་སློབ་ གཏམ་ཞིང་ཆོས་རྗེ་ ཨོ་རྒྱན་ཕུན་ཚོགས་ཀྱི་ སྒར་ལྟོའི་གྱལ་ཁར་ འཛུལ་ཞུགས་མཛད་དེ། ཆོས་རྗེ་མཚོ་སྐྱེས་རྡོ་རྗེ་མཆོག་ ཆོས་རྩེ་སྤྱི་བླར་ མངའ་གསོལ་ཞུ་བའི་ཤུལ་ལུ། ཀྲོང་གསར་གཟིམ་དཔོན་དང་ མགྲོན་གཉེར་ ཆོས་རྩེ་སྤྱི་བླ་ཚུ་ རིམ་པ་བཞིན་དུ་མཛད་ནུག།

སྤྱི་ལོ་ ༡༨༧༠ རབ་བྱུང་ ༡༡ པའི་ རབ་བྱུང་ ༡༥ པའི་ ལྕགས་རྟ་ལོར་ སྡེ་ཁྲིར་བྱོན་ཏེ། མི་ལོ་ ༣ གྱི་རིང་ལུ་ བཀྲ་ཤིས་ཆོས་རྫོང་ མེ་མཆོད་བཞེས་པའི་ ཉམས་གསོ་དང་ རྟེན་གསུམ་ཁྱད་པར་ཅན་ མང་རབས་ཅིག་ གསར་བཞེངས་ཀྱིས་ ཆོས་སྲིད་གཉིས་ལྡན་གྱི་སྒོ་ལས་ རྒྱལ་ཁབ་བདེ་བར་བཀོད་གནང་སྟེ། སྤྱི་ལོ་ ༡༨༧༣ ཆུ་བྱ་ལོར་ དགོངས་ཞུ་མཛད་ཐོག་ལས་ སེམས་རྟོགས་ཁའི་རྫོང་ནང་ བཞུགས་བཞིན་དུ་ སྐུ་ཞི་བར་གཤེགས་ནུག། (ལོ་རྒྱུས་རྒྱས་པ་ བརྒྱུད་འཛིན་གྱི་ རྒྱལ་རབས་འབྱུང་ཚུལ་ནང་གཟིགས)

སྡེ་སྲིད་ཁྲི་རབས་ཞེ་དགུ་པ།

༆   སྐྱིད་ཚལ་པའམ་ རྡོ་རྗེ་རྣམ་རྒྱལ་མཆོག་ ཀྲོང་གསར་ཆ་འོག་ མང་སྡེ་བོན་སྦིས་ལུ་ འཁྲུངས་ཡོདཔ་ད། ཆུང་ཀུའི་བསྒང་ལས་ སྒར་ལྟོའི་གྱལ་ཁར་ འཛུལ་ཞུགས་ཀྱིས་ དམག་འཁྲུགས་ལངས་པའི་སྐབས་ལུ། ངོ་སྲུང་མིན་པའི་ ཕྱག་ཕྱིད་གང་དྲག་ཞུ་བའི་ཁར། སྡེ་སྲིད་འཇིགས་མེད་རྣམ་རྒྱལ་མཆོག་གི་ ཡབ་ཀྱི་ནུ་གཅུང་ པཱ་ལ་མགོན་པོ་རྣམ་རྒྱལ་གྱི་ སྲས་ཨིནམ་ལས་ རིམ་པ་བཞིན་དུ་ གོང་གཟིམ་གྱི་ གོ་གནས་ལུ་བསྐོས་གནང་ནུག།

སྤྱི་ལོ་ ༡༨༧༣ རབ་བྱུང་ ༡༥ པའི་ ཆུ་བྱ་ལོར་ སྡེ་ཁྲིར་བྱོན་ཏེ། བཀྲ་ཤིས་ཆོས་རྫོང་ནང་ མི་འཁྲུགས་པའི་ ལྷ་ཁང་དང་ ཕ་ཇོ་ལྡིངས་ཀྱི་འོག་ལུ་ སྐྱིད་པའི་ཚལ་ཟེར་མི་ གཟིམ་ཅུང་གཙུག་ལག་ཁང་དང་བཅས་པ་ གསར་བཞེངས་མཛད་དེ་ མི་ལོ་ ༦ གི་རིང་ བསྟན་སྲིད་བསྐྱངས་པའི་མཐར། སྤྱི་ལོ་ ༡༨༧༩ ས་ཡོས་ལོར་ སྡེ་སྲིད་ཀྱི་ ཁྲི་ཐོག་ཁར་ གཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་ལྔ་བཅུ་པ།

༆   ཆོས་རྒྱལ་བཟང་པོ་མཆོག་ ཐིམ་ཕུ་ཝང་དར་ལུང་ལས་ ཨུ་མ་དྷེ་བའི་ ཚ་བོར་འཁྲུངས། འདུས་སྡེར་འཛུལ་ཞུགས་མཛད་རུང་ གྲྭ་ཚང་ལས་ཐོན་ཏེ་ ཨ་ཞང་གི་ སྲོག་ལན་ལུ་ གཟིམ་དཔོན་གྲྭ་ཅུང་བཀྲོངསམ་ལས། གཞུང་ཕྱོགས་ལུ་ སྡོད་སྟབས་མ་བདེ་བར་ ཆོས་རྩེ་དཔོན་སློབ་ འཇིགས་མེད་རྣམ་རྒྱལ་གྱི་ ཞབས་སར་བཅར་ཏེ་ སྒྲིག་རྒྱུག་སྡོད་པའི་མཐར། འཇིགས་མེད་རྣམ་རྒྱལ་མཆོག་ སྡེ་ཁྲིར་བྱོནམ་ད་ གཞུང་མགྲོན་གཉེར་གྱི་ གོ་གནས་ཁར་ བསྐོ་བཞག་མཛད་ནུག།

སྤྱི་ལོ་ ༡༨༧༩ རབ་བྱུང་ ༡༥ པའི་ ས་ཡོས་ལོར་ སྡེ་ཁྲིར་བྱོན་ཏེ་ མི་ལོ་ ༣ གྱི་རིང་ བསྟན་སྲིད་བསྐྱངས་བཞིན་དུ། སྤྱི་ལོ་ ༡༨༨༢ ཆུ་རྟ་ལོར་ སྐུ་ཚེ་གིས་ མ་ཟིན་པར་ ཁྲི་ཐོག་ལུ་ བཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་ང་གཅིག་པ།

༆   བླམ་ཚེ་དབང་ངམ་ བསོད་ནམས་རྒྱལ་མཚན་མཆོག་ ཐིམ་ཕུ་ཀ་ཝང་གྱང་སར་ འཁྲུངས་ཡོདཔ་ད། ཧེ་མར་ མི་རྗེ་འཇིགས་མེད་རྣམ་རྒྱལ་གྱི་ དགྲ་བྱང་ཕྱད་ཨིན་རུང་། ཤུལ་ལས་ སྤ་རོ་དཔོན་སློབ་ ཚེ་དབང་ནོར་བུ་གིས་ ངོ་རྒོལ་དང་། དབང་འདུས་རྫོང་དཔོན་ ཨང་འབྲུག་དང་། སྤུངས་ཐང་རྫོང་དཔོན་ དངོས་གྲུབ་ཚུ་གིས་ དམག་འཁྲུགས་ལངས་པའི་སྐབས་ལུ། དམ་ཚིག་བསྟེན་ཏེ་ ངོ་སྲུང་མིན་པའི་ ཕྱག་ཕྱིད་ཞུཝ་ལས་ ཐིམ་ཕུ་རྫོང་དཔོན་ལུ་ བསྐོ་བཞག་མཛད་ནུག།

དེ་ལས་ སྤྱི་ལོ་ ༡༨༨༢ རབ་བྱུང་ ༡༥ པའི་ ཆུ་རྟ་ལོར་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་གིས་ སྡེ་ཁྲིར་བསྐོས་གནངམ་ལས་ མི་ལོ་ ༣ གྱི་རིང་ལུ་ བསྟན་སྲིད་བསྐྱངས་པའི་མཐར། སྤྱི་ལོ་ ༡༨༨༤ ཤིང་སྤྲེལ་ལོར་ སྡེ་སྲིད་ཀྱི་ ཁྲི་ཐོག་ཁར་ བཤགས་སོང་ནུག།

སྡེ་སྲིད་ཁྲི་རབས་ང་གཉིས་པ།

༆   དགའ་བ་བཟང་པོ་མཆོག་ ཐིམ་ཕུ་ཆ་འོག་ དཀར་སྤེ་འབྱུང་གཞི་ནང་འཁྲུངས་ཏེ། ཆུང་ཀུའི་བསྒང་ལས་ དགེ་འདུན་འདུས་སྡེར་ འཛུལ་ཞུགས་ཀྱིས་ གར་ཐིག་དབྱངས་གསུམ་ཚུ་ལུ་ སྦྱངས་པ་མཐར་ཕྱིན་ མཛད་ཞིནམ་ལས་ རིམ་པ་བཞིན་དུ་ གྲྭ་ཚང་མཆོད་དཔོན་མཛད་ནུག།

སྤྱི་ལོ་ ༡༨༨༤ རབ་བྱུང་ ༡༥ པའི་ ཤིང་སྤྲེལ་ལོར་ སྡེ་ཁྲིར་བྱོན་པའི་ཤུལ་ལུ། ཐིམ་ཕུ་རྫོང་དཔོན་ ཨ་ལོ་རྡོ་རྗེ་དང་ སྤུངས་ཐང་རྫོང་དཔོན་ ཕུན་ཚོགས་རྡོ་རྗེ་གཉིས་ཀྱིས་ ཆོས་རྩེ་དཔོན་སློབ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ལུ་ ངོ་རྒོལ་གྱིས་ ནང་འཁྲུག་ལངས་པ་ལུ་བརྟེན་ཏེ། སྤྱི་ལོ་ ༡༨༨༦ མེ་ཁྱི་ལོར་ དགོངས་ཞུས་ཀྱིས་ མདོ་སྡེ་བྲག་ལུ་ བྱོན་སོང་ནུག།

སྡེ་སྲིད་ཁྲི་རབས་ང་གསུམ་པ།

༆   སངས་རྒྱས་རྡོ་རྗེ་མཆོག་ སྤ་རོ་སྤངས་པའི་སར་ གཏེར་བཏོན་ཤེས་རབ་མེ་འབར་གྱི་ གདུང་བརྒྱུད་ལས་ སྐུ་འཁྲུངས་ཏེ། གཞུང་དགེ་འདུན་གྲྭ་ཚང་ནང་ འཛུལ་ཞུགས་ཀྱིས་ དབྱངས་ཐིག་གར་གསུམ་ལ་སོགས་པ་ཚུ་ལུ་ སྦྱངས་པ་མཐར་ཕྱིན་མཛད། རིམ་པ་བཞིན་དུ་ དབྱངས་སློབ་མཛད་དེ་ བཞུགས་པའི་སྐབས་ལུ་ སྡེ་སྲིད་འཇིགས་མེད་རྣམ་རྒྱལ་མཆོག་གི་ བཀའ་གྲོསཔ་ཡང་མཛད་ནུག།

སྤྱི་ལོ་ ༡༨༨༦ རབ་བྱུང་ ༡༥ པའི་ མེ་ཁྱི་ལོར་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་གིས་ སྡེ་ཁྲིར་བསྐོས་གནངམ་ལས། བཀྲ་ཤིས་ཆོས་རྫོང་ནང་ ཚེ་དཔག་མེད་ཀྱི་ སྐུ་གསར་བཞེངས་དང་། རིག་མ་བཅུ་དྲུག་གི་ རུས་རྒྱན་དང་ གོས་ཆེན་གྱི་འཆམ་བགོ་ རྒྱལ་མཚན་ཕྱེ་འཕུར་ལ་སོགས་པའི་ མཆོད་རྫས་སྣ་ཚོགས་ གསར་བསྒྲུབས་དང་། དགེ་འདུན་གྲྭ་ཚང་ནང་ མིག་དཔེར་འོས་པའི་ མཛད་བྱ་བཟང་པོ་ མཛད་ཐོག་ལུ། རྒྱལ་ཁབ་ནང་ ནད་ཡམས་ དམག་འཁྲུག་ཟེར་བའི་ མིང་ཙམ་ཡང་མེད་པར་ མི་ལོ་ ༡༨ ཀྱི་རིང་ལུ་ བསྟན་པ་བསྐྱངས་པའི་མཐར། སྤྱི་ལོ་ ༡༩༠༣ ཆུ་ཡོས་ལོར་ ཁྲི་ཐོག་ཁར་ སྐུ་ཞི་བར་གཤེགས་ནུག།

སྡེ་སྲིད་ཁྲི་རབས་ང་བཞི་པ།

༆   ཞབས་དྲུང་གསུང་སྤྲུལ་ལྔ་པ་ ཕྱོགས་ལས་ཡེ་ཤེས་དངོས་གྲུབ་མཆོག་ བུམ་ཐང་སྟངས་ལུ་ སྤྱི་ལོ་ ༡༨༥༡ རབ་བྱུང་ ༡༤ པའི་ ལྕགས་ཕག་ལོར་ ངོ་མཚར་བའི་ རྟགས་མཚན་དང་བཅས་པའི་སྒོ་ལས་ སྐུ་འཁྲུངས་ཡོདཔ་ད། སྐུ་ན་ཆུང་ཀུ་ལས་ གོང་མའི་གདན་ས་ གསང་ཆེན་ཆོས་འཁོར་ལུ་ གདན་འདྲེན་ཞུ་སྟེ་ མངའ་གསོལ་ཞུ་ནུག།

དེ་ལས་ རྗེ་མཁན་ཡོན་ཏན་རྒྱལ་མཚན་དང་ ཡོངས་འཛིན་ངག་དབང་དོན་ལྡན་ཚུ་ལས་ མདོ་སྔགས་རིག་གནས་དང་ སྨིན་གྲོལ་གྱི་ གདམས་ངག་ཚུ་ གསན་བཞེས་མཛད་པའི་མཐར། སྔོན་འགྲོ་བཞི་སྦྱོར་གྱི་ ཆོས་འཁོར་བསྐོར་གནང་སྟེ་ གདུལ་བྱ་ཚུ་ སྨིན་གྲོལ་གྱི་ལམ་ལུ་ བཀོད་གནང་ནུག།

དགུང་ལོ་ ༥༣ བཞེས་པའི་ སྤྱི་ལོ་ ༡༩༠༣ རབ་བྱུང་ ༡༥ པའི་ ཆུ་ཡོས་ལོར་ སྡེ་ཁྲིར་ཕེབས་ཏེ་ མི་ལོ་ ༣ གྱི་རིང་ལུ་ བསྟན་སྲིད་བསྐྱངས་པའི་མཐར། དགུང་ལོ་ ༥༦ སྤྱི་ལོ་ ༡༩༠༦ མེ་རྟ་ལོར་ སྡེ་ཁྲི་ལས་ དགོངས་ཞུས་མཛད་དེ་ སྤ་གྲོ་ཀུན་དགའ་ཆོས་གླིང་གི་ གདན་ས་བཏབ་གནང་ནུག།

དགུང་ལོ་ ༦༥ སྤྱི་ལོ་ ༡༩༡༥ ཤིང་ཡོས་ལོར་ མཁན་ཁྲིར་ཕེབས་ཏེ་ ལོ་ངོ་ ༢ ཀྱི་རིང་ལུ་ བསྟན་པ་བསྐྱངས་བཞིན་དུ་ དགུང་ལོ་ ༦༧ སྤྱི་ལོ་ ༡༩༡༧ མེ་སྦྲུལ་ལོར་ མཁན་ཁྲི་ཐོག་ལུ་ སྐུ་ཞི་བར་གཤེགས་ནུག།

Please follow and like us: