དྲིན་ལན་ལོག་པར་མཇལ་བའི་ ཉེས་དམིགས་མདོར་བསྡུས།

༆   སྔོན་གྱི་དུས་ལུ་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ ནགས་ཚལ་དཔལ་དང་ལྡན་པ་ཟེར་སར་ སྤྱ་ཅིག་གི་ སྐུ་སྐྱེས་བཞེས་ཏེ་ བཞུགས་པའི་སྐབས་ལུ་ ནོར་འཚོལ་མི་ཅིག་ ལམ་འཛོལ་སོངཔ་ལས་ ལྟོ་བཀྱེས་ཏེ་ ཉམ་ཐག་བཞིན་དུ་ ས་གནས་དེ་ཁར་ ལྷོད་ཡོདཔ་ཨིན་པས།

དེ་བསྒང་ ས་གནས་དེ་ཁའི་ བྱག་ཅིག་གུ རྡོག་མ་བཏགས་མི་ ལྗོན་ཤིང་ཅིག་ཡོད་མི་དེ་ཁར་ ལྟོ་བཀྱེས་པའི་ཤུགས་ཀྱིས་ རྡོག་མ་བཏོག་ནི་སྦེ་ འཛེགས་པའི་སྐབས་ལུ་ ཤིང་གི་གཞལ་ལག་ ཆག་ཡར་སོངཔ་ལས་ བྱག་གུ་ལས་མར་ རྦོབ་རིལ་ཏེ་ ཆུ་རྫིང་ཅིག་ནང་ བུད་སོང་ནུག།

དེ་འབདཝ་ད་ གཟུགས་ཁར་གནོད་སྐྱོན་ ག་ནི་ཡང་ མ་བྱུངམ་ལས་ ཡར་ལོངས་ཏེ་བལྟཝ་ད་ ག་ཏེ་ལས་ཡང་ འགྱོ་སའི་ལམ་མེད་པར་ བྱེལ་སྐད་རྐྱབ་སྟེ་ སྔུ་མི་དེ་ བྱང་ཆུབ་སེམས་དཔའ་ སྤྱ་དེ་གིས་ གསན་ཞིནམ་ལས་ ས་གནས་དེ་ཁར་བྱོན་ཏེ་ ག་ཏེ་ལས་ འོང་འོངམ་སྨོ་ཟེར་དྲིས་ནུག།

མི་དེ་གིས་ སྔོན་གྱི་ལོ་རྒྱུས་ཚུ་ སླབ་ཐོག་ལུ་ ལགཔ་ཐལ་མོ་སྦྱར་ཞིནམ་ལས་ བྱེལ་སྐད་ཤོར་ཏེ་ བྱག་དེ་ཁ་ལས་ ཐལ་ཚུགསཔ་ཅིག་གི་ མགོན་སྐྱབས་མཛད་གནང་ཟེར་ ཞུཝ་བཞིན་དུ་ བྱང་ཆུབ་སེམས་དཔའ་དེ་གིས་ སྙིང་རྗེ་བསྐྱེད་ཐོག་ལུ་ ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ལས་ མི་དེ་ ཕྱི་ཁར་བཏོན་པའི་ཤུལ་ལུ་ འུ་སྡུག་ཐང་ཆད་མི་དེ་ ངལ་རངས་ནིའི་དོན་ལུ་ གཉིད་ལོག་དགོ་མནོ་སྟེ་ བྱང་ཆུབ་སེམས་དཔའ་དེནི་ རང་བཞིན་ བཟང་པའི་ཁར་ མི་དེ་ཡང་ དྲིན་གྱིས་བསྐྱངསམ་ལས་ གནོདཔ་བཀལ་འོང་མནོ་བའི་ དོགས་པ་རྩ་ལས་མེད་པར་ སྟག་དང་ གཟིག་ལ་སོགས་པའི་ གནོད་པ་འབྱུང་པ་ཅིན་ ཁྱོད་ཀྱིས་སྲུང་སྨ་རེད་ཟེར་སླབ་སྟེ་ རྡོ་ལེབ་ཅིག་གུ་ གཉིད་ལོག་སོང་ནུག།

མི་དེ་གིས་ བཀའ་དྲིན་བསམ་ནི་ཕར་བཞག་ ངན་སེམས་བསྐྱེད་ཐོག་ལུ་ རྡོ་ཅིག་འཐུ་སྟེ་ སྤྱའི་མིག་ཏོ་ཁར་བླུགསཔ་ད་ རྡོ་ལེབ་གུ་ཕོག་སྟེ་ ཆག་འགྱོ་མིའི་ གྲ་དུམ་ཅིག་གིས་ དཔྱལ་བར་ཕོགཔ་ལས་ གཉིད་སད་དེ་བལྟཝ་ད་ མི་དེ་ ངོ་ཚ་སྟེ་ ག་ནི་ཡང་ སླབ་མ་ཚུགསཔ་ཨིན་པས།

བྱང་ཆུབ་སེམས་དཔའི་ སྤྲུལ་པ་དེནི་ རང་ལུ་གནོདཔ་བཀལ་མི་ མནོ་བསམ་མ་བཏང་པར་ མི་དེ་ལུ་ ཡིད་ཐང་ཆད་དེ་ སྙིང་རྗེའི་སྒོ་ལས་ ཁྱོད་ཀྱིས་ མིའི་ལུས་རྟེན་ཐོབ་རུང་ བཀའ་དྲིན་དྲན་མ་ཤེས་པར་ དེ་བཟུམ་མའི་ ལཱ་འབད་བ་ཅིན་ ཁྱོད་ལུ་ བློ་གཏད་མི་ཚུགས་ནི་ཨིན་པས།

ང་ ཧེ་མར་སོང་ཞིནམ་ལས་ ཤིང་ཐོག་དེ་ཚུ་ ལམ་ཁར་སྤུངས་བཞག་སྟེ་ གཡུས་ཀྱི་སྦོ་ལོགས་ཁར་ཚུན་ཚོད་ ལམ་སྣ་འཁྱིད་དེ་ བསྐྱལ་ནི་ཨིནམ་ལས་ ཁྱོད་རང་ རྟིང་ཤུལ་བདའ་སྟེ་ ང་ག་འགྱོ་བལྟ་ཡི་ར་ ཤོག་སྨ་རེད་ གསུངསམ་བཞིན་དུ་ གཡུས་ཁ་ལུ་ ལེགས་ཤོམ་སྦེ་ བསྐྱལ་གནང་ནུག།

དེ་ལས་ མི་དེ་ལུ་ མཛེ་ནད་ཟུན་ཏེ་ གཡུས་ཁའི་མི་ཚུ་གིས་ ལུང་སྟོང་ཅིག་ནང་ བསྐྱལ་བཞག་པའི་ཤུལ་ལུ་ མི་གཟུགས་ཨིནམ་ མ་ཤེས་པར་ གྱུར་ཏེ་སྡོད་ནུག།

ལུངམ་དེ་ཁའི་རྒྱལཔོ་ཅིག་ ས་གནས་དེ་ཁར་ ཤ་བདའ་བར་བྱོནམ་ད་ གཟུགས་གེ་ར་ རྣག་དང་ ཁྲག་གིས་གང་སྟེ་ དྲིམ་ཧག་ཧག་སྦེ་མཐོངམ་ལས་ ཁྱོད་འདྲེ་དང་ ཡི་དྭགས་ ག་ཅི་ཨིན་ན་ཟེར་ གསུངས་པའི་ལན་ལུ་ མི་ཨིན་ལགས་ཟེར་ཞུ་ནུག།

རྒྱལཔོ་གིས་ དེ་བཟུམ་མའི་ སྡུག་བསྔལ་མྱོང་དགོཔ་ ག་ཅི་ལུ་བརྟེན་ཏེ་ཨིནམ་ཟེར་ དྲི་བ་གསུངས་པའི་ལན་ལུ། བྱམས་པ་སྙིང་རིང་བྱས་པ་ཡི། །མེ་སྟག་ཙམ་ཞི་འདིར་སྨིན་ཏེ། །འཇིག་རྟེན་གཞན་དུ་བརྣག་དཀའ་བའི། །དམྱལ་བའི་སྡུག་བསྔལ་སླད་ཀྱི་མཆི། །ཟེར་ཞུཝ་ལས་ རྒྱལཔོ་དེ་ཡང་ མི་དེ་ལུ་ སྙིང་རྗེ་དྲག་པོ་བསྐྱེད་དེ་ དགེ་བའི་ལཱ་ལུ་བརྩོན་ནུག།

དེ་སྦེ་ རང་ལུ་ ལེགས་ཤོམ་འབད་བའི་མཐའ་མར་ མནོ་བསམ་ཟོགཔ་གཏང་པ་ཅིན་ ལས་ཀྱི་རྣམ་པར་སྨིན་པ་དེ་ རང་ལུ་ར་ འཁོར་ནི་ཨིནམ་ལས་ བསམ་པ་ངན་པ སྤངས་ཏེ་ བཀའ་དྲིན་དྲན་ཤེས་ཀྱི་སྒོ་ལས་ དྲིན་ལན་འཇལ་དགོཔ་དེ་ ག་ནི་བ་ གལ་ཆེ་ནི་ཨིན་ནོ། །

Please follow and like us: