༆ ཧེ་མར་ སངས་རྒྱས་བཅོམ་ལྡན་འདས་ ཞལ་བཞུགས་པའི་སྐབས་ལུ་ རྒྱལ་པོའི་ཁབ་ཟེར་སར་ ཚོང་དཔོན་ཕྱུགཔོ་ཅིག་གིས་ རིགས་རུས་མཉམ་པའི་ ཨམ་སྲུ་ཅིག་དང་ གཉེན་སྦྱོར་འབད་བའི་ཤུལ་ལུ་ དགའ་མགུ་སྤྲོ་གསུམ་གྱི་སྒོ་ལས་ ཕོ་བའི་ནང་ ཨ་ལོ་དང་པ་ ཆགས་ཡོད་རུང་ ཨ་ལོ་དེ་ ཕོ་བའི་ནང་ བསྡད་སྡོད་པར་ ཨ་ལོ་གཞན་ ༡༠ སྐྱེས་ཡོདཔ་ཨིན་པས།
ནམ་ཅིག་གི་ཚེ་ ཨམ་སྲུ་དེ་ ན་བ་ལུ་བརྟེན་ཏེ་ སྨན་བཅོས་རིམ་གྲོ་ཚུ་ ག་བཟུམ་འབད་རུང་ དྲག་མ་ཚུགས་པར་ ཤི་ནིའི་གུ་ལྷོདཔ་ད་ ཨམ་སྲུ་དེ་གིས་ ཚོང་དཔོན་ལུ་ ང་ཤི་བའི་ཤུལ་ལུ་ ངེའི་ཕོ་བའི་ནང་ཡོད་མི་ ཨ་ལོ་དང་པ་དེ་ མཆན་ལོགས་གཡས་པ་ མཚོན་ཆ་གིས་སྤེད་དེ་ གཏོན་སྨ་རེད་ཟེར་ སླབ་ཞིནམ་ལས་ ཤི་སོང་ནུག།
ཚོང་དཔོན་དེ་གིས་ ཨམ་སྲུའི་ཕུངམོ་དེ་ དུར་ཁྲོད་བསིལ་བའི་ཚལ་ལུ་ བསྐྱལ་བའི་ཤུལ་ལས་ སྨན་པའི་རྒྱལ་པོ་ འཚོ་བྱེད་ཀྱིས་ ཨམ་སྲུ་ཤི་མིའི་ ཕོ་བའི་ནང་ལས་ ཨ་ལོ་དེ་ མ་བཏོན་པའི་ཧེ་མར་ ཁྱབ་བསྒྲགས་བཏངམ་ལས་ སངས་རྒྱས་བཅོམ་ལྡན་འདས་ འཁོར་དང་བཅས་པ་གིས་གཙོས་པའི་ ཕྱི་རོལ་པའི་ སྟོན་པ་ ༦ དང་ མི་མང་འབུམ་ཕྲག་ ལེ་ཤ་ཅིག་ སྤུངས་འཛོམས་འབད་ནུག།
དེ་སྦེ་ མི་མང་འཛོམས་པའི་སྦུག་ན་ ཨ་ལོ་དེ་ ཕོ་བའི་ནང་ལས་ བཏོན་པའི་སྐབས་ལུ་ སྐྱ་དཀརཔོ་དང་ ཡན་ལག་ཚུ་ག་ར་ གཉེར་མ་གིས་གང་པའི་ གཟུགས་སྟོབས་ཆུང་ཀུ་ཅིག་བྱུངམ་ད་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཁྱོད་ མི་རྒསཔོ་ཨིན་ན་ཟེར་ གསུངས་པའི་ལན་ལུ་ ང་ མི་རྒསཔོ་ཨིན་ལགས་ཟེར་ཞུཝ་ལས་ མིང་ཡང་ རྒན་པོ་སྐྱེས་ཟེར་བཏགས་ནུག།
རྒན་པོ་སྐྱེས་དེ་ ཁྱིམ་ནང་སྡོད་དེ་ སྐྱེས་ལོ་ ༧༠ ལངམ་ད་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱི་ བསྟན་པ་ལུ་ རབ་ཏུ་བྱུང་ཞིནམ་ལས་ བྱ་རྒོད་ཕུང་པོའི་རི་ལུ་ དགེ་སློང་ ༢༥ དང་ཅིག་ཁར་ དབྱར་གནས་འཚོགས་ནི་གི་ ཁས་བླངས་འབདཝ་བཞིན་དུ་ འཚོགས་ཡོདཔ་ཨིན་པས།
དེ་བསྒང་ དགེ་སློང་གཞན་ག་ར་གིས་ ཟླ་ངོ་ ༣ ལུ་ དགྲ་བཅོམ་པའི་ གོ་འཕང་ཐོབ་ཡོད་རུང་ རྒན་པོ་སྐྱེས་དེ་ སོ་སོའི་སྐྱེ་བོ་སྦེ་ར་ ལུས་སོང་ནི་དེ་གིས་ དགེ་འདུན་པའི་ གནས་བརྟན་དགག་དབྱེ་འབདཝ་ད་ ཚོགས་པའི་སྦུག་ལས་ བཏོན་བཏངམ་ལས། སོ་སོ་སྐྱེ་བོར་འདུག་བཞིན་དུ། །སྟོན་པའི་ཐད་དུ་ཇི་ལྟར་འགྲོ། །དོན་མེད་གསོན་པ་ཅི་དགོས་ཀྱིས། །བདག་ནི་མཚོན་གྱིས་ལྕེབས་ཏེ་བཏང་། །
དེ་སྦེ་ སླབ་ཐོག་ལུ་ རང་སྲོག་ལྕེབས་ཏེ་ ཤི་ནི་འབདཝ་ལས་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ མངོན་པར་མཁྱེན་ཏེ་ རྫུ་འཕྲུལ་གྱིས་སྦེ་ ཁོ་གི་གདོང་ཁར་ བྱོན་ཞིནམ་ལས་ ཆོས་གསུངས་པ་ལུ་བརྟེན་ཏེ་ དགྲ་བཅོམ་པའི་ གོ་འཕང་ཐོབ་ནུག།
དེ་ལས་ དགེ་སློང་ཚུ་གིས་ སངས་རྒྱས་བཅོམ་ལྡན་འདས་ལུ་ རྒན་པོ་སྐྱེས་དེ་གིས་ ལཱ་ག་ཅི་འབད་དེ་ མི་ལོ་ ༦༠ ཚུན་ཚོད་ ཨའི་གི་ཕོ་བའི་ནང་ ལུས་སོངཔ་ཨིན་ན་དང་ ལས་ག་ཅི་བསགས་ཏེ་ རིག་པ་དམན་པར་ གྱུར་སོངཔ་ཨིན་ན་ ད་རེས་ དགྲ་བཅོམ་པ་ཐོབ་མི་དེ་ ག་ཅི་སྦེ་ཨིན་ན་ཟེར་ཞུ་ནུག།
དེ་གི་ལན་ལུ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཧེ་མར་ བསྐལ་པ་བཟང་པོའི་དུས་ལུ་ སངས་རྒྱས་འོད་སྲུང་ འཇིག་རྟེན་འདི་ནང་ བྱོན་པའི་ བསྒང་ ཚོང་པའི་བུ་ཅིག་ དགྲ་བཅོམ་པ་ འདོད་ཆགས་སྤངས་ཚར་མི་ བླམ་གནས་བརྟན་ཅིག་ལས་ དགེ་སློང་ཞུ་སྟེ་ སྡོད་པའི་བསྒང་ གཡུས་ཚན་ཅིག་ནང་ ལོ་དུས་ཀྱི་ དགའ་སྟོན་ཅིག་ བརྩི་སྲུང་འབདཝ་ལས་ དགེ་སློང་དེ་གིས་ བླམ་གནས་བརྟན་ལུ་ ལྟདམོ་གཟིགས་པར་ བྱོན་གེ་ཟེར་ ལོག་ཅི་ར་ཞུ་རུང་ གནས་བརྟན་གྱིས་ ད་ལྟོ་ཧ་བས་ ཁ་ཐུན་དགེ་སྦྱོར་ལུ་ བརྩོན་ཅིག་ཟེར་ གསུངས་བཞུགསཔ་ལས་ ཁོ་ ཙིགཔ་ཟ་སྟེ་ བློ་མ་ཧན་པའི་ ཚིག་རྩུབ་ལེ་ཤ་ཅིག་ ཞུ་བའི་ཁར་ མི་ལོ་དྲུག་ཅུའི་བར་ན་ ཁྱིམ་ནང་ལས་ མ་ཐོན་པར་ གནག་དུང་ནང་ར་ བཞུགས་སྨ་རེད་ཟེར་ སླབ་ཐོག་ལས་ དགེ་སློང་དེ་ ལྟདམོ་བལྟ་བར་ ཡར་སོངཔ་ཨིན་པས།
དེ་བསྒང་གི་ དགེ་སློང་བུཚ་དེ་ རྒན་པོ་སྐྱེས་ཨིནམ་ད་ དགྲ་བཅོམ་པ་ལུ་ ཞེ་སྡང་ལངས་ཏེ་ ཚིག་རྩུབ་སླབ་པའི་ རྣམ་སྨིན་གྱིས་ མི་ལོ་དྲུག་ ཅུའི་བར་ན་ ཨའི་གི་ཕོ་བའི་ནང་ སྡུག་བསྔལ་མྱོང་སྟེ་ སྡོད་དགོཔ་བྱུང་པའི་ཁར་ ཧེ་མར་ ཆོས་ལུ་སེར་སྣ་བསྐྱེད་ནི་དེ་གིས་ རིག་པ་དམན་པར་ གྱུར་སོང་རུང་ བླམ་གནས་བརྟན་གྱི་ སྐུ་མདུན་ལས་ བསླབ་པ་དང་ ཕུང་ཁམས་ རྟེན་འབྲེལ་ལ་སོགས་པ་ཚུ་ལུ་ མཁས་པར་སྦྱངས་ནི་དེ་གིས་ ངེད་ཀྱི་བསྟན་པ་ལུ་ རབ་ཏུ་བྱུང་སྟེ་ དགྲ་བཅོམ་པའི་ གོ་འཕང་ཐོབ་ཨིན་ཟེར་ གསུངས་གནང་ནུག་གོ །