༆ ཤཱཀྱའི་རྒྱལ་པོ་ ཟས་གཙང་གཤགས་པའི་ཤུལ་ལུ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཡབ་ཟས་གཙང་གི་ སྐུ་པུར་ལུ་ མཆོདཔ་དེ་ཚུ་ ཕུལ་བ་གིས་མ་ཚད་པར་ མཆོད་རྟེན་ཚུ་ཡང་ བཞེངས་པ་ལུ་བརྟེན་ཏེ། དགེ་སློང་ཚུ་ ཐེ་ཚོམ་གྱི་ངང་ལས་ རྒྱལ་བ་ལེགས་ཤོམ་སྦེ་ སངས་རྒྱས་ཏེ་ འཇིག་རྟེན་གྱི་ བྱ་བ་ཚུ་ སྤངས་ཚར་རུང་ འཇིག་རྟེན་པ་དང་ ཅོག་འཐདཔ་སྦེ་ ཕ་མ་ལུ་ གུས་ཞབས་མཛད་མི་དེ་ ཡ་མཚན་ཆེ་བས་ལགས་ཟེར་ཞུ་ནུག།
སངས་རྒྱས་ཀྱིས་ འཇིག་རྟེན་གྱི་ཁམས་འདི་ནང་ བླམ་གིས་ཡང་ མཆོད་པའི་འོས་ལུ་གྱུར་མི་ ཕམ་གཉིས་ཨིནམ་ལས་ མཆོད་ཡུལ་གེ་རའི་ནང་ལས་ ཕམ་རྩ་ཆེ་ནི་དེ་གིས་ ཕམ་ལུ་ མཆོདཔ་མ་ཕུལ་མི་ཚུ་གི་ ཆོས་དེ་ཡང་ ལོག་པའི་ཆོས་ཨིནམ་ད་ ང་གིས་ ཧེ་མར་ཡང་ ཕམ་ཚུ་ལུ་ གུས་ཞབས་འབད་བའི་ ལོ་རྒྱུས་ལེ་ཤ་ཡོད།
དེ་ཡང་ ཧེ་མར་ ཀ་ཤིའི་གྲོང་ཁྱེར་ལུ་ བྲམ་ཟེ་ཅིག་གི་མནའམ་ གཽ་ཏ་མི་ལུ་ བུ་རིགས་དང་ སྤྱོད་པ་གཙང་མ་ སྔོ་གཙང་ཅན་ཟེར་མི་ཅིག་ བྱུང་པའི་ཤུལ་ལུ། ཁོ་གི་ཕམ་གཉིས་ ལོ་ན་རྒས་པའི་ཁར་ མིག་ཏོ་ཡང་ ཞར་སོངཔ་ལས་ བུ་དེ་ལུ་ ཁྱིམ་གྱི་བདག་འགན་སྤྲོད་དེ་ ཤིང་ནགས་ཀྱི་ དགོན་པར་ཡར་སོང་ནུག།
བུཚ་དེ་ གྲོང་ཁྱེར་དེ་ཁའི་ རྒྱལ་པོ་གིས་ བློན་པོར་བསྐོས་པའི་ཚེ་ཡང་ ལུང་མའི་ནང་ སོང་ཞིནམ་ལས་ ཆུ་དང་ མེ་ཏོག་ ཤིང་འབྲས་ཚུ་གིས་ ཕ་མར་མཆོད་དེ་ བསྡད་སྡོད་པར་ ཉིནམ་ཅིག་འབདཝ་ད་ རི་དྭགས་ཤི་ཤི་བའི་ པགས་ཀོ་གྱོན་ཏེ་ ཆུ་ལེན་པར་འགྱོཝ་ད་ རྒྱལཔོ་ཚངས་བྱིན་ཟེར་མི་ ལུང་མའི་ནང་ ཤ་བདའ་བར་ བྱོན་ནི་དང་ ཁ་ཐུག་རྐྱབ་ནུག།
རྒྱལཔོ་དེ་གིས་ ས་ཐག་རིང་ས་ལས་ རི་དྭགས་དང་ ངོ་འཛོལ་ཏེ་ སྔོ་བསངས་ཅན་ལུ་ མདའ་ཕོག་སྟེ་ བསྒྱེལ་སོངཔ་ལས་ རྒྱལཔོ་དེ་ སྦོ་ལོགས་ཁར་ལྷོདཔ་ད་ སྔོ་བསངས་ཅན་གྱིས་ ང་ལུ་ ཉེས་པ་མེདཔ་བཞིན་དུ་ རྒྱལ་པོ་གིས་ མདའ་རྐྱབ་སྟེ༌ བསད་པ་ཅིན་ ངེད་ཀྱི་ཕམ་གཉིས་ཡང་ བསདཔ་དང་འདྲ་ཟེར་ ཞུ་ཡོདཔ་མ་ཚད། རྒྱལཔོ་ཁྱོད་ཀྱི་ མི་གསུམ་བསད་ཅི་གོ་ཟེར་ ན་ཟུག་གིས་ འདྲེགས་མ་ཚུགས་པར་ བྱེད་སྐད་ཤོར་ཏེ་ སྒལ་རིལ་བསྒྱུར་སར་གཟིགས་ནུག།
དེ་བསྒང་ རྒྱལཔོ་དེ་ནི་་ ཐུགས་ཀྱིས་མ་བཟོད་རུང་ བྱ་ཐབས་མེད་པར་ ཐུགས་གདུང་སྟེ་བཞུགསཔ་ད་ སྔོ་བསངས་ཅན་དེ་ཡང་ ཙིགཔ་མ་ཟ་བར་ རྒྱལ་པོ་རིན་པོ་ཆེ་ སེམས་ཅན་གེ་ར་ རང་སོའི་ལས་ཀྱི་སྣམ་སྨིན་མྱོང་དགོཔ་ལས་ ཐུགས་གདུང་དགོཔ་མེད། ངེད་ཀྱི་ཕམ་གཉིས་ ཁ་སྐོམ་སྟེ་ཡོདཔ་འོང་། རྒྱལ་པོ་གིས་ ཆུའི་བུམ་པ་འདི་ སྐྱེལ་གནང་ཟེར་ ཞུཝ་བཞིན་དུ་ རྒྱལཔོ་དེ་ཁར་བྱོན་རུང་ ཐག་ཉེ་སར་ བྱོན་མ་ནུམ་པར་བཞུགས་ནུག།
ཕམ་མིག་ཞར་གཉིས་ཀྱིས་ རྐང་མའི་དིག་གོ་སྟེ་ བུ་ཟེར་འབོཔ་ད་ རྒྱལ་པོ་གིས་ ང་ ཁྱེད་ཀྱི་བུ་མིན། ཁྱེད་ཀྱི་བུ་དེ་ རྒྱལཔོ་སྡིག་ཅན་ངེད་ཀྱི་ མདའ་གིས་ཕོག་ཅི་ཟེར་ ལོ་རྒྱུས་ཚུ་ སྦ་གསང་མེད་པར་གསུངསམ་ལས་ ཕམ་གཉིས་ དྲན་མེད་བརྒྱལ་སོང་རུང་ རྒྱལ་པོ་གིས་ ཆུ་གཏོར་ཏེ་ དྲནམ་གསོ་ནུག།
དེ་ལས་ ཕམ་གཉིས་ཀྱིས་ རྒྱལ་པོ་ལུ་ བུ་ཡོད་སར་ སྐྱེལ་གནང་ཟེར་ ཞུཝ་བཞིན་དུ་ གོ་ལེ་སྦེ་ཁྱིད་དེ་ བུ་ཡོད་སར་ལྷོདཔ་ད་ བུ་དང་ མདའ་ལུ་ ལག་པ་གིས་ སྒྲིང་སྒྲིང་སྦེ་ བཟུང་ཞིནམ་ལས་ བུ་ཁྱོད་ཀྱིས་ ང་བཅས་ཕམ་གཉིས་ལུ་ སྙིང་རྗེ་དང་ གུས་ཞབས་བསྐྱེད་དེ་ དུས་རྒྱུན་མཆོད་པའི་ བསོད་ནམས་དཔག་མེད་ཡོདཔ་ལས་ དེ་གི་བདེན་པ་དང་ སྦྱིན་འབྲས་ཀྱིས་ ཁྱོད་ལོག་སྟེ་ར་ དྲག་བཅུག་ཅི་ཟེར་ མདའ་བཏོནམ་ཅིག་ ལྷ་དབང་བརྒྱ་བྱིན་གྱིས་ ལྷའི་བདུད་རྩི་སྦྲོནམ་ལས་ ཨ་རྟག་ཧར་ལུགས་ བདེ་ཏོག་ཏོ་སྦེ་ དྲག་སོང་ནུག།
དེ་སྦེ་ ང་གིས་ ཚེ་ཧེ་མར་ སྔོ་བསངས་ཅན་སྦེ་ སྡོད་པའི་སྐབས་ལུ་ཡང་ ཕམ་གཉིས་ལུ་ གུས་པའི་སྒོ་ལས་ མཆོདཔ་ཕུལ་ཡོདཔ་ད་ ད་ལྟོ་ སངས་རྒྱས་པའི་སྐབས་ལུ་ཡང་ ཕ་མ་ལུ་ གུས་ཞབས་འབདཝ་ཨིན་ཟེར་གསུངསམ་ལས་ འཁོར་ག་ར་ ཕ་མ་ལུ་ གུས་ཞབས་བསྐྱེད་དེ་ ག་དེ་དྲག་དྲག་ ཕྱག་ཞུ་ནི་ལུ་ བརྩོན་འགྲུས་སྐྱེད་ནུག་གོ །