
ཡར་ཚལ་ནང་ལེ་ཀོ་མིག་དམར་ཅིག །ཡར་སྒང་གི་སྟོང་སྟོང་བྱ་པོ་གཉིས། །བྱ་བྱ་ལུས་ཐོབ་འདྲན་འདྲ་ཨིན། །ནམ་དུས་བཟུང་བ་ང་ལྷག་པས། །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་གི་གཅིག །ང་རྫོང་གི་ཚོ་མ་སྒར་པ་གཉིས། །མི་ལུས་ཐོབ་འདྲན་འདྲ་ཨིན། །སྐྱེསཔ་ཕོ་ལུས་ཐོབ་པ་ང་ལྷགཔས། །བྱ་ལུས་མ་ཐོབ་བྱལུས་ཐོབ། །བྱ་ལྟས་ཕངས་ལུས་ལུ་ཐོབ་ལས་འདི། །ཆུངམ་སྒོང་རྡོག་ཙམ་ལས་ཡལ་སོངམ་དྲག །དཔྱེ་མ་ཤེས་འདི་དང་ཆ་འདྲཝ་ཅིག །མི་ལུས་མ་ཐོབ་མི་ལུས་ཐོབ། །ཟམི་བུད་མེད་ལུས་ལུ་ཐོབ་ལས་འདི། །ཡུམ་ཨ་མའི་ལུས་ལས་ཡལ་སོངམ་དྲག །ཁྱོད་ངོ་རིས་དཔོན་གྱི་བུམོ་ལེགས་པས། །རང་ལྟ་དགོ་རང་གི་བརྩེ་མཛའ་བདེ། །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །དགའཝ་བརྩེ་ལུ་དགའཝ་དམ་ཚིག་ཨིན། །ཁྱོད་དམ་ཚིག་མེད་པའི་བརྩེ་མཛའ་འབདན། །ཁྱོད་ལྷ་བས་ལེགས་རུང་ང་མིན་དགོ །
བྱ་འཕུར་བ་བྱ་མདངས་ཕོ་གཅིག་འཕུར། །ང་ཆགས་ས་ག་ངོ་མ་ཤེས་པར། །མར་པ་སངས་སྒོ་གཟར་ཐོག་ལུ་ཆགས། །བུམོ་ཨ་ཐང་རིག་འཛིན་པདྨོ་གིས། །མཇུག་ཚདཔ་བྱ་བཏུབ་པས་མནོ་སྟེ། །རྐང་ཐག་ཟུང་གཅིག་བཏགས་ད་ཡི། །བྱ་བཙུགས་མའི་ཀུ་ཏོའི་ནང་ལུ། །བྱ་རིན་ཆེན་སྲོག་དང་འབྲལ་ནི་མས། །ཁྱོད་རིན་ཆེན་སྲོག་དང་འབྲལ་རུང་འབྲལ། །ང་རྐང་ཐག་རྩ་ལས་མི་གཏང། །ཕུ་ཡས་ཀྱི་བྲག་དམར་ལོགས་ལས། །གྱང་ཐོག་གསུམ་གུ་ལས་མར་མི་བུད། །མར་བུད་རུང་བལ་གྱི་གཞུང་ནང་ཨིན། །བལ་གྱི་གཞུང་ནང་བུད་བར། །མི་ང་ལུ་གན་ཡང་འབད་མི་ཚུགས། །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །ཡར་རི་མགོ་ཇ་ཤིང་གང་རུང། །ཇ་བཟོ་ཇ་ཐབ་ཁར་མི་བཀལ། །མར་རི་མཇུག་རྒྱ་མཚོ་འཁྱིལ་རུང། །ང་ཇ་ཆུ་མཚོ་ལས་མི་དབོག །ངི་ཡབ་ཆེན་ནོར་དད་ཆེ་སྟེ། །ཡར་གཡག་ནོར་ལ་ཁར་ཡོད། །ཡུམ་ཆེན་སེམས་བསྐོར་མཁས་ཏེ། །མར་ཚོང་དཔོན་རྒྱ་ལུ་ཡོད། །ཇ་ཇ་རིལ་ལོགས་ལས་སྤོག་སྟེ་བཏབ། །མར་ཤེད་སྐེད་པ་བཏོག་སྟེ་བཙུག །ཇ་གར་སླ་མར་གྱིས་བཟོ་ནི། །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་འདི། །ཁྱོད་བྱད་དང་ངོ་རིས་ཡོད་ཟེར། །ཁྱོད་ར་ཨིན་ཟེར་མ་མནོ། །ཁྱོད་བྱད་དང་ངོ་རིས་ཡོད་རུང། །གཉེན་གྲོགས་གཉིས་ཀྱི་བར་ན། །ཁྱོད་བསྟེན་པའི་དམ་ཚིག་ཆུང་མས། །ཕྲལ་དམ་ཚིག་ཆུངམ་དང་ཁྲོམ་བཤལ་རྐྱབ། །ཁྲོམ་བཤལ་རྐྱབ་པའི་ཁེ་སང་འདི། །མཇུག་ནད་གཞི་ཨེདྲིས་དང་ཕྱད་པའི་ཚེ། །སྨན་བཅོས་རྩ་ལས་མིན་འདུག་གོ །ཁྱོད་བྱད་དང་ངོ་རིས་ལེགས་རུང་ལེགས། །སྟོན་པའི་རྣམ་འགྱུར་བྱ་རུང་བྱ། །སླབ་པའི་སོ་གཞི་དཀར་རུང་དཀར། །ལོ་གཅིག་ལོ་གཉིས་རྒྱབ་ལས། །ཁྱོད་འཛམ་གླིང་སྤང་སྟེ་འགྱོ་དགོ །ཁྱོད་འཛམ་གླིང་སྤངས་ཏེ་འགྱོ་བའི་ཚེ། །བདག་ཡབ་ཡུམ་གཉིས་ལུ་སྡུག་བསྔལ་བཀལ། །སྡུག་བསྔལ་བཀལ་བའི་སྨན་ཆུང་ཁྱོད། །ང་རྩ་དང་པུ་ལས་མིན་དགོ །
ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་འདི། །སྐུ་ཤ་ལྟསཔ་བྱ་གནགམོ་མས། །སྐུ་གཟུགས་ཐི་ལེ་རྒྱལམོ་མས། །ཕྱི་པགས་ཀོ་གནག་པ་ཁྱོད་རང་གནོད། །ནང་བསམ་སྦྱོར་གནག་པ་ཀུན་ལུ་གནོད། །ཕྱི་ནང་གཉིས་ལུ་གནག་པའི་སྨན་ཆུང་ཁྱོད། །ཚེ་ད་རིས་བུད་མེད་ལུས་ལུ་སྐྱེས། །ཕྱི་མ་རྡོ་རྗེ་དམྱལ་བར་སྐྱེ། །ཁྱོད་རྡོ་རྗེ་དམྱལ་བར་སྐྱེས་མི་འདི། །བུམོ་ཁྱོད་ར་བསམ་སྦྱོར་ངན་པའི་རྟགས། །ཤར་ལུགས་ལེགས་ཅི་ཤར་ལུགས་ལེགས། །སྐརམ་དཀར་གསལ་མངམ་ཤར་ལུགས་ལེགས། །ཡར་ཤར་ལུགས་ལེགས་པའི་ཕྱོགས་སུ། །སྐརམ་དཀར་གསལ་ལེགས་ངོ་མ་ལྟ་བར། །ཡར་དགུང་སྔོན་ཡས་ལུ་ཡལ་མི་ཆོག །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་གི་གཅིག །ང་རྫོང་གི་ཚོ་མ་སྒར་པ་གཉིས། །རང་འཛོམས་ལུགས་ལེགས་ཅི་འཛོམས་ལུགས་ལེགས། །ཁྱིམ་ཁང་བཟང་ཁྲ་མོར་འཛོམས་ལུགས་ལེགས། །རང་འཛོམས་ལུགས་ལེགས་པའི་ཕྱོགས་སུ། །གསུང་སྙན་ཧིང་ཚར་ཅིག་མ་ལྟ་བར། །སོ་སོར་རང་ས་འགྱོ་མི་ཆོག །
ང་རྫོང་གི་ཚོ་མ་སྒརཔ་འདི། །རྫོང་ཆེན་བཞེངས་པའི་རྡོ་གི་གཅིག །ཡར་ལྷ་ཁང་བཞེངས་པའི་རྡོ་གི་གཉིས། །མཆོད་རྟེན་བཞེངས་པའི་རྡོ་གསུམ། །ང་སངས་ཆུང་རྒྱས་པའི་རྡ་གསུམ་ཨིན། །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་འདི། །གདངས་རི་སྦུག་གི་རྡོ་གི་གཅིག །གསང་སྤྱོད་འོག་གི་རྡོ་གི་གཉིས། །སྒོ་ཐིམ་འོག་གི་རྡོ་གི་གསུམ། །ཁྱོད་དམྱལ་བར་འགྱོ་བའི་རྡོ་གསུམ་ཨིན། །ཁྱོད་ཕུ་ཀྲུ་མཇུག་སྒྲོ་རིང་རུང། །ངིའི་མདའ་ཡི་མདའ་མི་བཀལ། །ང་བྱུ་རུ་པུད་ཀྱིས་ཟ་རུང། །ནོར་བུའི་གྲངས་སུ་ཚུདཔ་ཨིན། །
ལ་མོ་དར་ལམ་དུང་ལམ། །ལ་མོ་ལབ་རྩ་མེད་མི། །ཚོང་འགྱོ་འགྲུལ་ཉུང་མས་ལེནམ་ཨིན། །ཁྱོད་རྪོང་གི་ཚོ་མ་སྒརཔ་འདི །ཚོ་མ་བརྩེ་མཛའ་མེད། །གདོང་རོ་གདོང་ཉེས་པས་ལེནམ་ཨིན། །ང་ད་རེས་ནང་ལུ་འོང་མི་འདི། །བློ་ཟེ་འགྲན་བསྡུར་ཕྱད་པ་ཨིན། །བརྩེ་མཛའ་ཁྱོད་ལུ་སྟོན་པ་མེན། །ངི་བརྩེ་མཛའ་ཞིབ་དཔྱད་རྐྱབ་མིན་དགོ །ངིའི་བརྩེ་མཛའ་བལྟ་དགོ་མནོ་ཆི་སྦོ། །ངིའི་བརྩེ་མཛའ་བལྟ་དགོ་མནོ་བ་ཅིན། །ངིའི་ཁང་བཟང་ཁྲ་མོར་ལོག་ཤོག །ངིའི་བརྩེ་མཛའ་བལྟ་བ་འཇམ་འཇམ་མེད། །ངིའི་བརྩེ་མཛའ་བལྟ་རང་བལྟ་དགོན། །ལགཔ་གཡས་པར་ཞོ་དང་མར་ཆང་སྒྲིག །གཡོན་མར་སྙན་དར་ཏི་རུ་འབག །ངིའི་ཁང་བཟང་ཁྲ་མོར་འོང་སྟེ། །ངིའི་བརྩེ་མཛའ་བལྟ་བར་ཤོག་སྨ་རེད། །ཆུམ་ཕུད་ཏ་གང་གི་རྫམ་ཆུམ། །ཁྱོད་རྦ་རླབས་རང་མ་འཁྲུགས། །ཁྱོད་རྦ་རླབས་དེ་རང་འཁྲུགསན། །རོགས་མཚོ་ཆེན་བརྒྱད་པའི་ཟངས་ཆེན། །ས་ག་སྟེ་ཕྱོགས་ལུ་ཆ་བཞག་ནི། །
ཟམ་རྡོ་ཁ་ཟམ་པའི་འོག་ལུ། །ཉམོ་རྡོ་དྲེགསཔ་ཟ་སྟེ་མི་སྡོད་ག །ཉམོ་རྡོ་དྲེགསཔ་ཟ་སྟེ་མ་སྡོདན། །མཇུག་སྲམ་ཆུང་ང་དང་འཕྱད་གེ །ཆང་གསུམ་ཆང་སྦང་མའི་ལྷག་མ། །ང་བདུད་རྩི་ཨིན་རུང་མི་འཐུང། །ཤ་དང་རུས་པའི་ལྷག་མ། །ང་ཕག་ཤ་ཨིན་རུང་མི་ཟ། །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །བརྩེ་དང་གྲོགས་ཀྱི་ལྷག་མ། །བུམོ་ཤེས་ལྕམ་ཨིན་རུང་ང་མེན་དགོ །ཕུ་ཡས་ཀྱི་ཤེལ་རྔ་རོང་ཆུ། །འབགན་བྱི་ལི་རོ་ཡང་མི་ཐེག །སྐད་གནམ་གྱི་འབྲུག་དེ་མ་ལྡིར། །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །ཁྱོད་བྱམོ་གྱིས་བུད་བའི་སྒོང་རྡོག །སྒོང་སྐད་དེ་རང་མ་རྐྱབ། །སྒོང་སྐད་དེ་རང་རྐྱབན། །རོགས་སངས་རྒྱས་འཁྲུངས་པའི་ཡུམ་ཆེན། །ས་ག་སྟེ་ཕྱོགས་ལུ་བཞག་ནིསྨོ། །
རྒྱ་རྡོ་རྗེ་གདན་གྱི་ཀ་ཀུ་རུ། །སོན་བསྐྱུར་བ་ཀ་ལི་ཕུ་ལུ་བསྐྱུར། །སྐྱེ་བ་ཚ་ལུ་མ་འཕེལ་སྐྱེས། །གཡུར་ཐག་རྡོ་ཅོག་ལ་ཁར་བསྣར། །མེ་ཏོག་ལ་གཡག་གླིང་བཞིར་ཤར། །རྡོག་མ་མགར་ས་རྫོང་ལུ་བཏགས། །ཡར་མགར་ས་དཔོན་གྱི་བཞེསན་བཞེས། །མི་རྣམས་གཞན་གྱིས་འདི་མི་ཐོབ། །ཤར་གྱེས་ཤིང་རང་བང་རོགས་བང་འདི། །སྟེང་ལྷ་གིས་སླབ་ཚེ་ལྷ་བང་ལོ། །ཡར་ལྷ་ཡང་མི་བང་ཞུ་ནི་མེད།་།རྩེདམོ་པད་ལྕོག་གནམ་ལུ་སྟོནམ་ད། །ལྷ་དགྱེས་་པའི་ཕྱོགས་སུ་པད་ལྕོག་བཞེས། །བར་བཙན་གྱིས་སླབ་ཚེ་བཙན་བང་ལོ། །བཙན་ཡང་མི་བང་ཞུ་ནི་མེད། །རང་ཞལ་ལག་བར་ལུ་བཀྲམ་ད། །བཙན་དགྱེས་པའི་ཕྱོགས་སུ་ཞལ་ལག་བཞེས། །འོག་ཀླུ་གིས་སླབ་ཚེ་ཀླུ་བང་ལོ། །ཀླུ་བང་མི་བང་ཞུ་ནི་མེད། །རྩཝ་ར་ཏོ་ས་ལུ་བཀྲམ་ད། །ཀླུ་དགྱེས་པའི་ཕྱོགས་སུ་ར་ཏོ་བཞེས། །དཔྱེ་མ་གཞི་འདི་དང་ཆ་འདྲཝཅིག །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་འདི།་།ཡབ་ཨ་པས་སླབ་ཚེ་ཨཔ་བང་ལོ། །ཡབ་ཨཔ་ཡང་མི་བང་ཞུ་ནི་མེད། །ཆུངམ་རྐང་ཐང་ཨ་པས་དྲངས་ཡི། །ཡུམ་ཨ་མས་སླབ་ཚེ་ཨམ་བང་ལོ། །ཡུམ་ཨ་མ་མི་བང་ཞུ་ནི་མེད།་།ཆུངམ་ཨོ་རྩེ་ཨ་མས་བྱིན་ཡི། །དཔྱེ་མ་གཞི་དང་ཆ་འདྲཝ་ཅིག་།དགའཝ་བརྩེ་གིས་སླབ་ཚེ་བརྩེ་བང་ལོ། །བརྩེ་ཡང་མི་བང་ཞུ་ནི་མེད། །མགུ་ཧང་ཤིང་གཅིག་ལུ་འཛོམས་དོ་བ། །བརྩེ་བང་མི་ཕྱོགས་སུ་དམ་ཚིག་བཞག །
བྲག་རྡོ་རྗེ་བྲག་གི་སྐེད་པ་ལུ། །ཤིང་གཅིག་བཅགས་པས་ལོ་འདབ་རྒྱགས། །ཆུ་ཐིག་པ་ཙམ་གྱི་རྒྱ་མཚོ་འཁྱིལ། །ཡར་གཡས་ལས་ངག་དབང་རྣམ་རྒྱལ་བཞུགས། །གཡོན་ལས་སྒྲོལ་མའི་སྐུ་ཅིག་བཞུགས། །བར་ལས་རིགས་བཟང་མཁའ་འགྲོ་བཞུགས། །དབང་རང་ལས་རོགས་ལུ་གནངན་གནང། །ང་རོགས་ལས་མི་ཞུ་ཐག་ཆོད་ཨིན། །
མགུ་ལྡེམ་པ་ཅིག་མགུ་ལྡེམ་པ། །སྒང་ལ་ཡི་གདུང་ཤིང་མགུ་ལྡེམ་པ། །མགུ་ལྡེན་པའི་ཕྱོགས་སུ་བུ་ཡུག་སྡང། །མགུ་ལྡེམ་པའི་ཕྱོགས་ཀྱི་བུ་ཡུག་འདི། །ཉིམ་དྲོ་བ་ཙམ་ལས་ཡལ་སོང་ཡི། །རྩཝ་ར་བར་གཉིས་ལུ་ཁེགས་ཀྱིས་བསྡམས། །རྩཝ་ར་བར་གཉིས་ཀྱི་ཁེགས་ཁ་འདི། །དགུང་ཁྲི་གདུགས་ཤར་རུང་བཞུ་མ་བཏུབ། །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་འདི། །ཕྱི་ལུས་ཀྱི་གཟུགས་འདི་དྲེག་པ་གང། །ནང་ཁོག་པའི་ཧིང་ལུ་སྐྱོ་མས་གང། །ཕྱི་ལུས་ཀྱི་གཟུགས་ཀྱི་དྲེང་པ་འདི། །གཟར་ཤེལ་དཀར་གཟར་ལས་འབབ་པའི། །ཆུ་ཀུ་ཅུ་གང་གིས་དག་ཅི་པ། །ནང་ཁོག་པའི་ཧིང་གི་སྐྱོ་མ་འདི། །དགའཝ་གདོང་སྐོར་རྐྱབ་རུང་སངས་མ་བཏུབ། །
སྒང་གཡས་སྐོར་རྐྱབ་པའི་ཤ་རོག་པ། །ཤ་ཕོ་མོ་ནོན་པའི་མདའ་ཡོད་ག །ཤ་ཕོ་མོ་ནོན་པའི་མདའ་མེདན་། །མདའ་མ་རྐྱབ་གོང་ལས་རྩང་རང་བཞག །མཚོ་གཡོན་སྐོར་རྐྱབ་པའི་ཉ་རོགསཔ། །ཉ་ཕོ་མོ་ནོན་པའི་དྲྭཝ་ཡོད་ག །ཉ་ཕོ་མོ་ནོན་པའི་དྲྭཝ་མེདན། །དྲྭཝ་མ་རྐྱབ་གོང་ལས་ཙང་རང་བཞག །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །གསུང་མཉམ་གཅིག་བསྒྱུར་བའི་གསུང་རོགས་པ། །གསུང་གསུང་ལོག་ཐུཔ་པའི་གསུང་ཡོད་ག །གསུང་གསུང་ལོག་ཐུབ་པའི་གསུང་མེདན། །གསུང་མ་བསྒྱུར་གོང་ལས་ཙང་རང་བཞག །ཆུམོ་གངས་བར་གསེབ་ཀྱི་ཨུམ་ཆུ། །ཆུམོ་ཁྱོད་རས་བྱུང་བྱུངམ་ཨིན་ཟེརཝ་སྨོ། །རོགས་ཀྱིས་འཁྱིལ་འཁྱིལཝ་ཨིན་ཟེརཝ་སྨོ། །ཁྱོད་རས་བྱུང་བྱུངམ་ཨིན་ཟེརན། །ང་འཕྲལ་གྱི་ཁ་སྐོམ་སངས་ནི་མས། །མཇུག་གི་ལྟོ་ཆུ་བཀོལ་ནི། །ཆུམོ་རོགས་ཀྱིས་འཁྱིལ་འཁྱིལཝ་ཨིན་ཟེརན། །མཇུག་ལྟོ་ཆུ་བཀོལ་བའི་རྩིས་མ་རྐྱབ། །འཕྲལ་ཁ་སྐོམ་སངས་རུང་ཞལ་ཁྲེལ་བས། །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་འདི། །གསུང་ཁྱོད་རས་བསྒྱུར་བའི་ཟེརཝ་སྨོ། །རོགས་ཀྱིས་སྟོནམ་ཨིན་ཟེརཝ་སྨོ། །གསུང་ཁྱོད་རས་བསྒྱུར་བའི་ཟེརན། །ང་འཕྲལ་གྱི་བློ་ཕམ་གསལ་ནི། །མཇུག་གི་གཉེན་གྲོགསའབད་ནི། །གསུང་རོགས་ཀྱིས་སྟོནམ་ཨིན་ཟེརན། །མཇུག་གཉེན་གྲོགས་འབད་བའི་རྩིས་མ་རྐྱབ། །ཕྲལ་བློ་ཕམ་གསལ་རུང་ཞལ་ཁྲེལ་བས། །་
རྟ་ལེགས་པའི་དུང་དཀར་དམར་ཁྲ་འདི། །ཡར་སྒོ་འགོ་གསེར་གྱིས་སྤུར། །སྒ་མཇུག་དངུལ་གྱིས་སྤུར། །སྒ་བར་དར་གྱིས་བརྒྱན། །ཡབ་ཐག་གསེར་ཁྲ་དངུལ་ཁྲ་བཏགས། །རྟ་འདི་ཚུ་བཞོན་མི་མིན་འདུག །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །ཕར་སྤ་རོ་ཚོང་འདུས་ཚལ་ཁར། །རོགས་ཡོད་པ་དར་དང་གོས་ཆེན། །རང་མེད་པ་ཀ་བལ་དཀར་ཅུང། །རོགས་ཡོད་པའི་དར་དང་གོས་ཆེན། །ལྷ་ཁང་ཁྲ་མོར་མ་བཞེས། །རང་མེད་པའི་ཀ་བལ་དཀར་ཅུང། །ཡར་ལྷ ཁང་ཁྲ་མོར་བཞེས་ཆི་ཡི། །
ཕར་བུམ་ཐང་བྱམས་པ་ལྷ་ཁང། །གནས་ཡ་མཚན་ཆེ་བའི་བློ་རང་མས། །རྒྱ་རྡོ་རྗེ་གདན་དང་ཕྱད་ཚེ། །གནས་ཡ་མཚན་ཆེ་བ་མིན་འདུག་གོ །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །ལམ་མར་གྱི་ཚར་ཟ་བུལ་ལོ། །ལམ་འགྱོ་དགོ་བདེཝ་ཡང་མིན་འདུག་གོ །རང་ཕ་གཡུས་ས་ཐག་རིང་ཚེ། །ལམ་འགྱོ་དགོ་བདེཝ་ཡང་མིན་འདུག་གོ །
ཤིང་ནགས་ཚལ་སྦུག་གི་ཁག་ཤིང་འདི། །རྩཝ་ས་ལས་སྐྱེས་ཚེ་ཕྲང་མི་ཕྲང། །ཡར་རྩ་མོར་ལྷོད་ཚེ་གཡོ་ཅིག་འདུག །གཡོ་ཡོད་པའི་ཤིང་ཆེན་རང་མི་དགོ །རང་དགོ་པའི་ཙན་དན་དཀརམོ་འདི། །རྩཝ་ས་ལས་ཨིན་རུང་བརྡབ་ནི། །རྩཝ་དུམ་བཅད་རྐྱབ་ཚེ་ཧུམ་མི་ཧུམ། །སྟ་ཁམ་སྤོག་ཚེ་ལེགས་མི་ལེགས། །སྟ་ཁམ་གྱི་གཞོག་རྐྱབ། །གྱི་གཞོག་པ་ཏྲ་བརྐ། །པ་ཏྲ་གསེར་ཆུ་གཏང། །གསེར་ཆུ་གཡུ་ཁྲ་བརྡབ། །ང་ལྷ་མོའི་སྒོ་ཤིང་བཙུག་ནི། །ཁྲོད་གཡུས་ཀྱི་མཉམ་རོགས་གཞོནམ་ཚུ། །ཧོད་སྲུང་ཕྱེད་ཀྲམ་མེད་རུང། །རང་སྙན་དར་ཏི་རུ་འབག་སྟི། །ལགཔ་དཀྱི་ལི་མར་བལྟབ་ཁྱུ། །ལྟོ་རས་ཀྱིས་ཁ་རས་རཀྱབ། །ངིའི་ལྷ་མོའི་སྒོ་ཤིང་མཇལ་བར་ཤོག །
རྟ་གྲུང་གྲུང་ཨིན་ན་བང་ཐང་དགོ །བང་ཐང་མེད་པའི་གྲུང་གྲུང་འབདན། །སྒ་གསེར་སྒ་རྐྱབ་རུང་ང་མེན་དགོ །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ། །དགའཝ་བརྩེ་མཛའ་ཨིན་དམ་ཚིག་དགོ །དམ་ཚིག་མེད་པའི་བརྩེ་མཛའ། །ལྷ་བས་ལེགས་རུང་ང་མིན་དགོ །
ལམ་རྡོ་ཅོག་ལ་མོའི་ཐང་ན། །ནོར་ལེགས་རེ་ལེགས་ཚད་དཔོན་གྱི་ནོར། །བྱ་རེ་བྱ་ཚད་ཕྱུག་པའི་ནོར། །གླང་ལེགས་པའི་མགོ་དཀར་ཚེ་རིང་འདི། །འཕྲལ་གཉའ་ཤིང་ཁྱོད་ལུ་བཀལཝ་ད། །མཇུག་ནོར་དཔོན་ཐུགས་ལུ་མི་ཕོག་ག །མཇུག་ནོར་དཔོན་ཐུགས་ལུ་ཕོག་རུང། །གཏམ་ཚིག་ཐེངས་གཅིག་གི་འོག་རང་ཨིན། །
ཕྲལ་གཞོན་པའི་རྩེདམོ་འདི་སྐུ་རྩེད་དགའ། །འཕྲལ་སྐུ་རྩེད་དགའ་ས་ནོར་སྐལ་སྦོམ། །མཇུག་ནོར་རྒུད་ཕོག་ཡང་མི་ཕོགཔ་འོང། །མཇུག་ནོར་རྒུད་ཕོག་རང་ཕོག་རུང། །ཡར་སྒང་སྟོད་ཡས་ལུ་གཡག་ནོར་ཡོད། །གཡུས་བཟང་བདེ་མོར་རྟ་ནོར་ཡོ། །སྒརཔ་རང་གི་གློ་ལུ་བན་ཡོད། །
ལམ་དགེ་ལེགས་ལ་མོའི་གཞོལ་ལུ། །ལམ་ངལ་གསོ་ཡོདཔ་ཀུན་གྱི་ཤེས། །ང་ཏོག་མ་བཞོན་འགྲོས་རྐྱབ་མི་འདི། །འུ་སྡུག་པ་ཕན་པ་མནོ་སྟེ་ཨིན། །ས་སྤ་རོ་ཚོང་འདུསཚལ་ཁར། །ཆང་སིང་ཆང་ཞིམ་པ་ཀུན་གྱིས་ཤེས། །ཨཔ་པ་ལང་བཞོན་འགྲོས་རྐྱབ་མི་འདི། །ཁ་སྐོམ་ས་ཕན་པ་མནོ་སྟེ་ཨིན། །
ངིའི་བློ་ཟེ་བློ་ཟེ་ཟེར་མེན་དགོ །ངིའི་བློ་ཟེ་ཧིག་མ་དུང་ཅུང་ཨིན། །ཧིག་མ་དུང་ཅུང་བཅོ་ལྔ་ཡོད། །མཁའ་འགྲོ་ཉི་ཤུ་རྩ་ལྔ་ཡོད། །ཕར་ཕར་དགྲ་དང་ཕྱདན། །ལྕགས་ཡང་གཞུ་དེ་བཀུགཔ་ཨིན། །ཚུར་ཚུར་གཉེན་དང་ཕྱདན། །རྡོ་ཡང་དྲོནམ་དེ་བསྣདཝ་ཨིན། །
ས་དབང་འདུས་རྟ་གནག་པདྨོ་འདི། །སྒརཔ་འགྱོ་སའི་ལམ་ཁར་སྡོདཔ་ལས། །ཆང་ཆུ་གང་གང་དོ་དོ། །རང་མི་འཐུང་མནོ་རུང་འཐུངམ་ཨིན། །མར་དབང་འདུས་ཟམ་པའི་འོག་ལུ། །ཉམ་རྡོ་དྲེགཔ་ཟ་སྟེ་མ་སྡོདན། །མཇུག་སྲམ་ཅུང་ང་དང་ཕྱད་གེ །
ནོརབུ་ཤར་གྱི་བ་མེན་གདོང་དཀར། །མཐོཝ་ཤར་ཕྱོགས་ལ་ལས་འཐོནམ་ད། །དཔྱལཝ་ཚེས་བརྒྱད་ཟླ་བ་ཉི་ཟླ་ཡོད། །རྐང་ལག་བཞི་པར་པད་སྐོར་ཡོད། །སྒལཔ་གཤོང་རིས་ཕྲ་མོར་སྟག་རིས་ཡོད། །མཇུགམ་དར་ཕུད་ཅན་མ་ཕོད་སྐོར་ཡོད། །ནོརབུ་དར་ཕུད་ཅན་གྱི་གཡུས་ཁར། །ནོར་ཕྲ་བམ་མང་དྲགས་ཆེ་བས། །གླང་རྒྱ་ཚ་ལྟེམ་ལྟེམ་མིན་འདུག །གླང་རྒྱ་ཚ་དངོས་གྲུབ་ཞུ་ནི་ཨིན། །
བུམོ་མིང་ཅན་གཅིག་དང་མིང་མེད་གཉིས། །བུམོ་མིང་ཅན་ཤེས་ལྕམ་སྒྲོལམོ་ཨིན། །མིང་མེད་སྨན་ཆུང་བུམོ་ཨིན། །མིང་མེད་སྨན་ཆུང་བུམོ། །བུམོ་དངས་རིས་སྦུག་ལུ་ཡལ་སོང་ཡི། །མིང་ཅན་ཤེས་ལྕམ་སྒྲོལམོ་འདི། །འདི་ཧེན་མ་རང་གི་དགའ་ཤོས་ཨིན། །ད་ག་དང་ག་གིས་དགའ་དོ་ག །
ཤིང་ན་ཧིང་སྐྱེས་རེ་སྐྱེས་ཚེ། །ཁྲི་ལི་ཤིང་རང་ཨིན་པས། །དུས་ཅི་བཏགས་རེ་བཏགས་ཚེ། །ཁྲི་ལི་རྡོག་མ་ཨིན་པས། །ལེགས་རེ་ལེགས་ཚེ་བཏོག །བྱ་རེ་བྱ་ཚེ་བཏོག །འཚོ་རེ་འཚོ་ཚེ་བཏོག །དཀར་པོའི་ཤོག་ཀ་བསྡམ། །གནག་པའི་ཐེའུ་ཨེབ། །སེམས་དགའ་བའི་ལག་རྟགས་བསྐྱལན། །ཟས་ཞིམ་མས་འབག་ཤོག་མི་སླབ་ག །
ཆུ་བསིལ་ཤོས་བསིལ་ཤོས་གངས་ཀྱི་ཆུ། །འཕྲལ་བསིལ་བ་གངས་ཀྱི་ཆུ་མ་འཐུང། །འཕྲལ་འཐུང་བའི་དགའ་ཚོར་མེད་པ། །སྐོམ་པའི་སྡུག་བསྔལ་མི་ཐེག་པས། །མེ་དྲོ་ཤོས་དྲོ་ཤོས་ལ་གི་མེ། །འཕྲལ་དྲོ་ཤོས་ལ་གི་མེ་མ་བསྲོ། འཕྲལ་དྲོ་བའི་དགའ་ཚོར་མེད་རུང་། །མཇུག་གྱང་མའི་སྡུག་བསྔལ་མི་ཐེག་པས། །བརྩེ་དགའ་ཤོས་དགའ་ཤོས་རྒྱང་གི་བརྩེ། །འཕྲལ་དགའ་ཤོས་རྒྱང་གི་བརྩེ་མ་འཚོལ། །འཕྲལ་འཕྱད་པའི་དགའ་ཚོར་མེད་པར། །མཇུག་བྲལ་བའི་སྡུག་བསྔལ་མི་ཐེག་པས། །
དགུང་ཧིང་བདེ་ལ་ཡངས་དང་གཅིག །ཁྲི་གདུགས་གྲོད་དང་ལྡན་པ་གཉིས། །དཀར་གསལ་འདི་ལུ་འོད་དང་གསུམ། །འདི་གསུམ་ལུ་བལྟ་སྟེ་འབྲལ་མ་ཧུམ། །ཚེ་ལན་གཅིག་འཛོམས་པའི་སྨོན་ལམ། །དགུང་ཧིང་དཀྱིལ་ལུ་བཏབ་བཞག་གེ །གངས་སྟོད་བདེ་ལ་ཡངས་དང་གཅིག །དར་སེང་གཡུ་རལ་ལྡན་དང་གཉིས། །དར་ཕྲུག་འདི་ལུ་འཛོམས་པ་གསུམ། །འདི་གསུམ་བལྟ་སྟེ་འབྲལ་མ་ཧུམ། །ཚེ་ལན་གཅིག་འཛོམས་པའི་སྨོན་ལམ། །གངས་སྟོད་འདི་ལུ་བཏབ་བཞག་གེ །སྤང་གཤོངས་བདེ་ལུ་ཡངས་དང་གཅིག །ཤཝ་རྒོད་རྭ་བཅུ་ལྡན་དང་གཉིས། །ཤ་ཕྲུག་འདི་ལུ་འཛོམས་པ་གསུམ། འདི་གསུམ་བལྟ་སྟེ་འབྲལ་མ་ཧུམ། །ཚེ་ལན་གཅིག་འཛོམས་པའི་སྨོན་ལམ། །སྤང་གཤོང་འདི་ལུ་བཏབ་བཞག་གེ །
ཐིམ་ཕུག་ལྷ་མོའི་སྒྲུབ་མཆོད། །ལམ་ས་ཐག་རིང་སྟེ་མ་ལྷོད་། །དབང་འདུས་སྒར་པའི་ཚེས་བཅུ། །བཟང་གོས་མེད་པར་ལུས་སོང་ཡི། །སྤུརས་ཐང་མགོན་པའི་དབང་ཆེན། །ལས་སྨོན་ལམ་མེད་པར་མཇལ་མ་ཚུགས། །ཤར་གྱི་བ་ལབོང་ཀོ། །ཉལ་ཡི་ཉལ་ཡི་བལྟ་གེ །
ཤིང་ལུང་མའི་ནང་གི་ཁག་ཤིང་འདི། །ངིའི་ཁག་ཤིང་འཛེར་པ་མེད་ག །ངིའི་ཁག་ཤིང་འཛེར་པ་ཡོདན། །འཛེར་ཁ་སྟྭ་རེས་སྙོམ། །སྟ་ཁམ་གྱི་གཞོག་རྐྱབ། །གྱི་ཞོག་པ་ཏྲ་བརྐོ། །པ་ཏྲ་གསེར་ཆུ་གཏང། །གསེར་ཆུ་གཡུ་ཁྲ་བརྡབ། །ཚེས་བརྒྱད་དང་བཅོ་ལྔ་གནམ་གང་གསུམ། །ངིའི་ལྷ་མོའི་སྒོ་ཤིང་བཙུགས་ནི། །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་ཚེ། །ཧོད་སྲུང་བལ་ཀྲམ་མེད་རུང། །སྙན་དར་ཏི་རུ་འབག་སྟེ། །སྤོས་དང་དཀར་མེ་བཏེགས། །ཡར་ལྷ་མོའི་མཇལ་ཁ་ཁྱེད་མི་ཐོབ། །མར་སྒོ་ཤིང་མཇལ་བ་ཤོག་སྨ་རེད། །
བྱ་འཕུར་དང་ལྡིང་དང་ཆགས་དང་གསུམ། །བྱ་རྒོད་རང་གི་ལས་དབང་ཨིན། །རྒོད་རང་གི་ལུས་ལུ་སྲིདཔ་དེ་ཅིག །བྱ་སྣ་དམང་ལུ་སྲིད་མ་བཅུག །སྲིདན་སྲིད་པའིབྱ་སྣ་སྡི་ཆེ་བས། །འཁོརན་འཁོར་བའི་བྱིའུ་ཅུང་ཧིང་ཚ་བས། །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །རང་ཚེ་གཅིག་ཚོ་མསྒརཔ་འདི། །སེམས་དགའ་དང་སྐྱོ་དང་འཁྲིལ་དང་གསུམ། །སྒརཔ་ཚོ་མ་རང་གི་ལས་དབང་ཨིན། །སྒརཔ་རང་གི་ལུས་ལུ་སྲིདཔ་དེ་ཅིག །མཉམ་རོགས་དམང་ལུ་སྲིད་མ་བཅུག །སྲིདན་སྲིད་པའི་མམཉམ་རོགས་སྡི་ཆེ་བས། །འཁོརན་འཁོར་བའི་སྨན་ཆུང་ཧིང་ཚ་བས། །
ང་དར་ཅིག་འཕྱར་ར་མི་འཕྱར། །ང་དར་ཅིག་འཕྱར་རང་འཕྱརན། །དགུང་ཧིང་མཐོན་པོར་འཕྱར་ནི། །དར་ཤིང་ཁྲི་གདུགས་ཉིམ་ཨིན། །འཁོར་ལོ་ཞོ་ཤེལ་ཟླཝ་ཨིན། །རལ་གྲི་སྐར་མའི་དཔལ་བཟང་ཨིན། །བྲག་རྡོ་རྗེ་བྲག་གི་ནང་ལས། །ནོརབུ་དུང་དཀར་གཡས་འཁྱིལ་འཕུ་རུང། །ངིའི་དར་ཤིང་གསུམ་འཛོམས་མི་འཕྱར།
ཡར་སྒང་གི་སྟོང་ཕུག་དཀར་ཅུང་འདི། །རྩེམོ་ཀོང་རྩེ་སྒོང་པའི་དུས་ཚོད། །བྱ་སྣ་དམང་གི་སེམས་གསོ། །རྐེདཔ་ཨ་རྟག་མངར་བའི་དུས་ཚོད་། །ནོར་རྫིབ་དམང་གི་སེམས་གསོ། །རྩཝ་མེ་ཕྱི་ཚ་བའི་དུས་ཚོད། །ཡུམ་ཆེན་ཨ་མའི་སེམས་གསོ། །སྟོང་ཕུག་ར་ལས་སྦོག་སྟི། །ལུང་མའི་མདོ་ལུ་འཛུལ་ཚེ། །ཁྱོད་སེམས་གསོ་འབད་མི་མིན་འདུག །
སྒང་གཅིག་སྒང་གཉིས་སྒང་དང་གསུམ། །སྒང་འདི་ཚུ་བརྒལ་བའི་ཕར་རྒྱབ་ན། །གཤོང་གཅིག་གཤོང་གཉིས་གཤོང་དང་གསུམ། །གཤོང་འདི་ཚུ་བརྒལ་བའི་ཕར་རྒྱབ་ན། །ཐང་སྦོམ་ཡང་མི་སྦོམ་པདྨའི་ཐང། །ཆུང་ཡང་མི་ཆུང་པདྨའི་ཐང། །ཐང་པདྨའི་ཐང་གི་སྟེང་ལུ། །མཚོ་སྦོམ་ཡང་མི་སྦོམ་མེ་ལོང་ཙམ། །ཆུང་ཡང་མི་ཆུང་མེ་ལོང་ཙམ། །མཚོ་མེ་ལོང་ཙམ་གྱི་སྦུག་ལས། །ཤིང་སྦོམ་ཡང་མི་སྦོམ་ཁྱུ་གང་ཙམ། །ཆུང་ཡང་མི་ཆུང་ཁྱུ་གང་ཙམ། །ཤིང་ཁྱུ་གང་ཙམ་གྱི་རྩེ་མོ་ལུ། །བྱ་སྦོམ་ཡང་མི་སྦོམ་ཐེབ་སོར་ཙམ། །ཆུང་ཡང་མི་ཆུང་ཐེབ་སོར་ཙམ། །བྱ་ཁོ་རའི་གཤོག་སྒྲོ་གཡོས་པའི་འོག །སྐྱེསཔ་མཁལ་ལྔ་དང་བརྒྱད་ཀྱི་ཚོང་ཁང་ཡོད། །ཚོང་རྐྱབ་མཁས་ཡོདན་རྐྱབ་ཤོག །རྐྱབ་མཁས་མེད་ན་རྩང་རང་བཞག །བྱ་ང་རའི་གཤོག་སྒྲོ་གཡོན་པའི་འོག །ཟམ་མཁལ་ལྔ་དང་བརྒྱད་ཀྱི་བལ་ཐང་ཡོད། །བལ་འཁལ་མཁས་ཡོདན་འཁལ་ཤོག །འཁལ་མཁས་མེདན་ཙང་རང་བཞག །བྱ ང་རའི་སྒལ་པའི་སྟེངསྟེང་ན། །སྐྱེསཔ་མཁལ་ལྔ་དང་བརྒྱད་ཀྱི་མདའ་རྩེད་ཡོད། །མདའ་རྐྱབ་མཁས་ཡོདན་རྐྱབ་རྐྱབ་ཤོག །རྐྱབ་མཁས་མེདན་ཙང་རང་བཞག །བྱ་ང་རའི་སྒལ་ཚིག་སྦུག་ལུ། །ཐག་འཁལ་བཅུ་གསུམ་འཐག་ས་ཡོད། །ཐག་འཐག་མཁས་ཡོདན་འཐག་ཤོག །འཐག་མཁས་མེདན་ཙང་རང་བཞག །བྱ་ང་རའི་ལྐོད་མའི་སྦུག་ལུ། །དར་གྱི་མདུད་ཕུད་བཅོ་བརྒྱད་ཡོད། སེམས་དང་རིག་པས་འཁྱོན་ཁྱོལ། །སོ་དང་སེན་མོས་ཁྱོལ་མི་ཚུགས། །
བོད་ཀྱི་ཆོས་འཁོར་ལྷས། །ཐངམ་ཆེ་བ་བརྡལ་ཅིག་ཆུང་ཡང་བརྡལ། །ཆེ་བ་གཡུ་དང་བྱུ་རུ་བརྡལ། །ཆུང་མ་མུ་ཏིག་སྤོས་བཤལ་བརྡལ། །འདི་ལུ་ཤང་ཤང་ཟུང་ཅིག་འཁོར། །ཞྭ་ཞྭ་ཟེར་ཏེ་ཕར་མི་བདའ། །ཏི་ཏི་ཟེར་ཏེ་ཚུར་མི་འབོ། །བྱ་ཁོ་རའི་ཐང་ཁ་བཏང་ནི་ཨིན། །
མར་རྒྱ་ནག་གསེར་ཁྲི་གྱལ་ཁར། །ཐམ་ཆེ་བ་བརྡལ་ཅིག་ཆུང་ཡང་བརྡལ། །ཆེ་བ་དར་དང་གོས་ཆེན་བརྡལ། །ཆུང་མ་སྨན་རྩིས་སྟོང་རས་བརྡལ། །འདི་ལུ་རྨ་བྱ་ཟུང་ཅིག་འཁོར། །ཞྭ་ཞྭ་ཟེར་ཏེ་ཕར་མི་བདའ། །ཏི་ཏི་ཟེར་ཏེ་ཚུར་མི་འབོ། །བྱ་ཁོ་རའི་ཐང་ཁ་བཏང་ནི་ཨིན། །
གཟི་མིག་ཏོ་བཅུ་གསུམ་ནོར་བུའི་གཟི། །གཟི་འདི་ཚུ་ལེགས་པའི་དུས་ཚོད་ལུ། །སྐུདཔ་དར་སྐུད་གཅིག་ལུ་བརྒྱུ་སྟེ་གིས། །སྦུག་ལས་གཡུ་ཁྲ་བརྡབ་བརྡབ་ཨིན། །ཚུར་མཚམས་མཐའ་བྱུ་རུ་བརྒྱུ་བརྒྱུཝ་ཨིན། །ད་གཟི་འདི་ཚུ་རྒས་པ་གྱུར་སོངམ་ལས། །མཚམས་བྱུ་རུ་ཚུ་ཡང་འགག་སོང་ནུག །ཕར་སྦུག་གི་གཡུ་ཁྲ་བུད་སོང་ནུག །སྐུདཔ་དར་སྐུད་སྐེ་ལས་བཏོགས་ཏེ་གིས། །ལམ་གསུམ་འཛོམས་སྦུག་ལུ་བཀོག་བཞགན། །ཕར་གཡུས་ཀྱི་མཉམ་རོགས་གཞོནམ་གིས། །ཐོབ་ཅི་སེམས་ཁར་མ་མནོ། །ལགཔ་ཐལ་འདྲེས་རྐྱབ་སྟེ་མི་འཐུ་ག །ངིའི་ཧིང་མའི་དུང་ཅུང་ནང་ལུ། །གསུང་སྙན་པའི་ཀོང་ཐང་ཆ་གཅིག་ཡོད། །སྐུད་པ་དར་སྐུད་སྟོང་སྐུད་བཏགས། །སྟོང་སྐུད་དབང་འདུས་རྫོང་ལས་ཞུ། །དར་སྐུད་སྤུངས་ཐང་རྫོང་ལས་ཞུ། །ངིའི་སྐུད་པ་ཡར་འཁལ་རྐྱབ་སོང་པ། །སྐུད་པ་འགྲིམ་ལྷོད་ཞུགས་སོང་ནུག །ཁྱོད་གཡུས་ཀྱི་མཉམ་རོགས་གཞོནམ་གིས། །ངིའི་སྐུད་པའི་འགྲིམ་ལྷོད་སངས་གནང་མས། །ང་རྫོང་གི་མཚོ་མ་སྒརཔ་འདི། །རྒྱ་རྡོ་རྗེ་གདན་གྱི་ཀ་ཀུར་འདྲ། །བཙུགས་པ་ཀ་ལི་ཕུག་ལུ་བཙུགས། །གཡུར་ཐག་ཧ་དང་སྤ་རོ་བསྣར། །མེ་ཏོག་ལ་གཡག་གླིང་བཞི་ཤར། །དོག་མ་མགར་ས་རྫོང་ལུ་བཏགས། །ཚོདམ་བཙོ་བསྤུངས་ཐང་རྫོང་ལུ་བཙོ། །བཞེས་ཚེ་ཨ་རྒས་སྡེ་པས་བཞེས། །ཨ་རྒས་སྡེ་པའི་གསོལ་ལྷག་འདི། །ཁྱོད་སྨན་ཆུང་བུམོ་ལུ་དྲངསན། །གཏམ་ལོ་རྒྱུས་ག་ཅི་ཟེར་ནི་སྨོ། །
སྒརཔ་ཁྱོད་དང་ཉ་སི་སྦོབས་ཅུ་འདྲ། །མ་འཚོ་བས་དུ་ཧོ་དོག་དོ། །འཚོ་ཅིག་འཚོ་ཅིག་གནག་དོག་དོ། །བུམོ་ང་དང་ལྡུམ་ར་ཧུམ་པ་འདྲ། །མ་འཚོ་བར་དུ་ཧོ་དོག་དོ། །འཚོ་ཅིག་འཚོ་ཅིག་སེར་དོག་དོ། །བཏོགས་ཚེ་ཤེས་ལྕམ་སྒྲོལ་མས་བཏོགས། །བཞེས་ཚེ་ཨ་རྒས་སྡེ་པས་བཞེས། །
ཤིང་ལུང་མའི་ནང་གི་ཆ་སེ། །འདབ་མ་ནོར་གྱི་མི་ཟ། །མེ་ཏོག་ལྷ་གིས་མི་བཞེས། །བར་ལས་དུམ་གཅིག་བཏོན་ཏེ། །ཕག་པའི་གཟར་གོ་འབད་སྨ་རེད། །ཤིང་ལུང་མའི་ནང་གི་ཁག་ཤིང། །རྩཝ་ས་ལས་སྐྱེས་ཚེ་གཡོ་མིན་འདུག །རྩེམོ་གུ་ལུ་ལྷོད་ཚེ་གཡོ་ཅིག་འདུག །གཡོ་ཡོད་པའི་ཤིང་ཆེན་རང་མི་དགོ །གཡོ་མེད་པའི་ཙན་དན་དཀརམོ་འདི། །ས་ག་ལས་བལྟ་རུང་གདོང་སྐོར་ཨིན། །
གངས་རྫ་བར་ནང་གི་ཨུམ་ཆུ། །འཁྱིལ་ནུག་ཟེརཝ་ར་མ་གོ་བ། །ཆུ་འཁྱིལ་ཚེ་ཁྱེགསཀྱིས་བསྡམས་ཆི་ནུག །ཤིང་ལེགས་པའི་དཔག་བསམ་ལྗོན་ཤིང། །ཤིང་འཁྲུངས་ནུག་ཟེརཝ་ར་མ་གོ་བ། །འཁྲུངས་ཚེ་རུབ་སྦྱེལ་བསྒོར་ཆི་ནུག །གཡུས་ཀྱི་སྟག་ཤར་གཞོནམ། །སྐྱེས་ནུག་ཟེརཝ་ར་མ་གོ་བ། །སྐྱེས་ཚེ་གྲོགས་ཀྱི་བསྒོར་ཆི་ནུག །
ཐལ་ཉོ་དོ་ཅིག་ཐལ་ཉོ་དོ། །ཆུམོ་རྐྱང་ཆབ་རྒྱ་ལུ་ཐལ་ཉོ་དོ། །ཆུམོ་རྐྱང་ཆབ་རྒྱ་ལུ་ཐལ་རུང། །རང་རྡར་རྡོ་ཡན་ལག་མེད་པར། །ཆུམོ་རྐྱང་ཆབ་སྒོར་རོགས་མ་ཕན། །གསེར་མིག་གཤོག་སྒྲོ་འབག་སྟི། །རྐྱང་ཆབ་སྒོར་རོགས་འབྱོན་གནང། །
ཐལ་ཉོ་དོ་གཅིག་ཐལ་ཉོ་དོ། །བསྐྱི་སེར་བོད་ལུ་ཐལ་ཉོ་དོ། །བསྐྱི་སེར་བོད་ལུ་ཐལ་རུང། །རང་ཤིང་ཆེན་ཡན་ལག་མེད་པར། །ངིའི་བསྐྱི་སེར་སྒོར་རོགས་མ་ཕན། །བྱ་སྣ་གཤོག་སྒྲོ་འབག་སྟི། །བསྐྱི་སེར་སྒོར་རོགས་འབྱོན་གནང། །ཐལ་ཉོ་དོ་གཅིག་ཐལ་ཉོ་དོ། །མི་རང་སེམས་རྒྱང་ལུ་ཐལ་ཉོ་དོ། །མི་རང་སེམས་རྒྱང་ལུ་ཐལ་རུང། །རང་སྨན་ཆུང་བློ་རིག་མེད་པར། །རང་སེམས་སྒོར་རོགས་མ་ཕན། །
གཡུ་དྲུག་དཀར་ཅིག་དང་དྲུག་དམར་གཉིས། །གཡུ་ལེགས་པའི་ཕུགས་མཐའ་ཆོད་ཅི། །ལུང་ཕྲང་མའི་ཕུགས་མཐའ་རང་མ་ཆོད། །སྐུདཔ་དར་སྐུད་གཅིག་ལུ་བསྒྱུར་ཏེ་གིས། །ལུང་ཕྲང་མའི་ཕུགས་མཐའ་གཅད་ནི། །གཡུས་ཀྱི་སྟག་ཤར་གཞོནམ། །གཞོནམ་ལེགས་པའི་ཕུགས་མཐའ་ཆོད་ཅི། །སེམས་སྤྱང་བའི་ཕུགས་མཐའ་མ་ཆོད། །མི་རང་སེམས་ཁོང་ལུ་འཛུལ་ཏི་གིས། །སེམས་སྤྱང་བའི་ཕུགས་མཐའ་གཅད་ནི། །
ཕུ་ཡས་ཀྱི་ཆུ་དཀར་མེ་ཏོག་འདི། །འབུར་འབུར་ས་ལས་སྦུད་པའི་བསྒང། །གངས་རྫ་བར་གཉིས་ཀྱི་སེམས་གསོ། །ལྕོག་མར་དར་ཕུད་ལེགས་པའི་བསྒང། །ལྷ་དང་ལྷ་མོའི་སེམས་གསོ། །རྐེདཔ་མཉེན་ལྕུག་ལྡན་པའི་བསྒང། །མགོ་ནག་མི་གི་སེམས་གསོ། །མགོ་ནག་མི་གི་སེམས་གསོ་འདི། །ལྕོགམ་ལེགས་པའི་དར་ཕུད་སད་ཀྱིས་བཅོམ། །རྐེདཔ་མཉེན་ལྕུག་ལྡནམ་འབུབགིས་ཟ། །རྩཝ་ཨུམ་ཆུ་འཁྱིལཝཁྱེགས་ཀྱིས་བསྡམས། །གངས་ཆུ་དཀར་མ་དགའཝ་འདི་ཧིན་པས། །
ཤིང་ལས་ག་ཅི་སྐྱོ་ཟེརན། །ཨོག་ཁར་གོན་ཐེམ་སྐྱོ་བས། །སྡོདན་ཁྱི་ཕག་གཉིས་ཀྱིས་གོམ་ས་མས། །འགྱོན་སྒོ་ཤིང་གཉིས་ཀྱིས་གཏང་མ་བཏུབ། །བཟོཝ་དྲིན་ཅན་མཁན་ཆེན་ཡོད་ཟེརན། །ས་བོད་ཀྱི་ཆོས་འཁོར་ལྷ་ས་ལུ། །རོགས་ལྷ་ཁང་སྒོ་སྒྲིག་འགྲིགསན། །བཟོཝ་ཁྱོད་ཡང་སངས་ཆུང་རྒྱས་ནི་གཅིག །ཤིང་ང་ཡང་མཐོ་རིས་འཛེག་ནི་གཉིས། །
ཁྲི་གསེར་ཁྲི་དངུལ་ཁྲང་དུང་ཁྲི་གསུམ། །གསེར་གྱི་ཁྲི་ཡི་སྟེང་ལུ། །མཚན་ལྡན་བླ་མ་བཞུགས་ས། །དངུལ་གྱི་ཁྲི་ཡི་སྟེང་ལུ་། །དབང་ཆེན་དཔོན་པོ་བཞུགས་ས། །དུང་གི་ཁྲི་ཡི་སྟེང་ལུ། །ཡབ་ཡུམ་གཉིས་པོ་བཞུགས་ས། །གསེར་གྱི་ཁྲི་ཡི་སྟེང་ལས། །མཚན་ལྡན་བླ་མའི་བྱིན་རླབས། །རང་སྟག༌ཤར༌གཞོནམ༌གྱིས༌ཞུ༌དགེ།དངུལ༌གྱི༌ཁྲི༌ཡི༌སྟེང༌ལས། །དབང༌ཆེན༌དཔོན༌པོའི༌ཁ༌དབང། །རང༌སྟག༌ཤར༌གཞོནམ༌གྱིས༌ཞུ༌དགེ།དུང༌གི༌ཁྲི༌ཡི༌སྟེང༌ལས།།ཡབ༌ཡུམ༌གཉིས༌ཀྱིས༌ལོངས༌སྤྱོད།།རང༌སྨན༌ཆུང༌བུམོ༌གིས༌ཞུན།།གཏམ༌ལོ༌རྒྱུས༌ག༌ཅི༌ཟེར༌ནི༌མས།།
ཤིང༌ལེགས༌པའི༌དཔག༌བསམ༌ལྗོན༌ཤིང།།རྩཝ༌ཕྲང༌མའི༌ཕྱོགས༌སུ༌རྩེམོ༌ཕྲང༌ག།རྩཝ༌ཕྲང༌མའི༌ཕྱོགས༌སུ༌རྩེམོ༌ཕྲངན།།རྩཝ༌ཕྲང༌མའི༌ཕྱོགས༌ལས༌ཨེན༌ཏ༌སྤོག།ལུས༌དྲོ༌བའི༌ཨེན༌ཏ༌འཐིང༌ནི།།རྩེམོ༌མའི༌ཕྱོགས༌སུ༌གྱིམ༌ཐོག༌སྤུབས།།ཆརཔ༌ཐུབ༌པའི༌ཁྱིམ༌ཐོག༌སྤུབསཆི༌ནི།།ཁྱོད༌གཡུས༌ཀྱི༌སྟག༌ཤར༌གཞོནམ།།ཁ༌སྤྱང༌མའི༌ཕྱོགས༌སུ༌ཧིང༌སྤྱང༌ག།ཁ༌སྤྱང༌མའི༌ཕྱོགས༌སུ༌ཧིང༌སྤྱང༌ན།།ཧིང༌སྤྱང༌མའི༌ཕྱོགས༌སུ༌གཡོ༌ཆི༌ནི།།
གཟི་མིག་ཏོ་བཅུ་གསུམ་ནོར་བུའི་གཟི། །ནོར་བུའི་གཟི་སྦེ་སྡོད་པའི་བསྒང་། །སྐུད་པ་དར་སྐུད་སྟོང་སྐུད། །སྟོང་སྐུད་དབང་འདུས་རྫོང་ལས་ཞུ། །དར་སྐུད་སྤུངས་ཐང་རྫོང་ལས་ཞུ། །ཟམོ་རང་གི་སྐེ་སྲུང་འབད་ཡི། །ད་གཟི་གོ་རྒས་པར་གྱུརཝ་ལས། །དར་སྐུད་ར་ལས་བཏོགས་ཏེ། །ལམ་གསུམ་འཛོམས་སྦུག་ལུ་བཀོག་བཞག་ཡི། །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་ཚུ། །ལགཔ་ཐལ་འདྲེས་རྐྱབ་སྦེ་འཐུ་སྟེ། །ཐོབ་ཅི་ཟེར་ཏེ་མ་མནོ། །ང་གཡུས་ཀྱི་སྨན་ཆུང་བུམོ་འདི། །ནོརབུ་ལགཔ་ལས་ཤོར་རུང་མི་ཕང། །
ཤིང་འདལ་གྱིས་སླབ་ཚེ་འདལ་སྐྱོ་ལོ། །ཟར་གྱིས་སླབ་པ་ཟར་སྐྱོ་ལོ། །ང་འདལ་ཤིང་གན་སྦེ་སྐྱོཝ་སྨོ། །བཅགན་གེ་སར་རྒྱལཔོ་གིས་བཅག །བཤུདན་ཤེས་ལྕམ་སྒྲོལ་མས་བཤུ། །བཙོནི་མེ་དང་ཐལ་བས་བཙོ། །བརྡུངན་རྡོ་དང་ལྟས་ཐག་བརྡུང། །ཆེ་བ་བཀའ་འགྱུར་བསྟན་བསྒྱུར་བཞེངས། །སྡོད་ས་རྔ་དང་རོལ་མའི་སྦུག །ནུབ་སུ་སྤོས་དང་མར་གྱི་སྦུག །ཁྱོད་སྐྱོ་ར་སྐྱོན་ཟར་ཤིང་སྐྱོ། །བྱཱ་ཆརཔ་གིས་བརྡུངས་ཚེ་ལོ་འདབ་མེད། །དགུན་ཁྱེགས་ཀྱིས་བསྡམས་ཚེ་ལྤགས་ཀོ་མེད། །
ཤིང་ལས་སྐྱོ་གཅིག་སྐྱོ་གཉིས། །ཟར་གྱི་ཤིང་རང་སྐྱོ་བས། །ཟར་གྱི་ཤིང་འདི་སྐྱོ་བསཅིན། །དཔལ་འབྲུག་པའི་ལྷ་དར་ལྷོང་མི་འདི། །ཤིང་ཟར་གྱི་ཤིང་སྦེ་ཆ་བཞགཔ་ཨིན། །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་གི །རྣམ་རྟོག་འདྲེ་དེ་མ་ལངས། །
ཀྲབ་ཀྲ་དེ་མའི་གདན་མི་བཏུབ། །གདན་བཏུབ་པའི་ཨེན་ཏ་གཞོག་དགོ་པས། །སི་སི་ལོ་འདབ་རླུང་མི་ཐུབ། །རླུང་ཐུབ་པའི་གྱང་ཅིག་བརྡུང་དགོ་པས། །ང་རྫོང་གི་ཚོ་མ་སྒརཔ་འདི། །གླང་རྒྱ་ཚ་སྨིན་དྲུག་རྡོ་རྗེ་འདྲ། །ང་ཆག་ཐེངས་རེ་རེ་ཟ་སར། །ཕག་དུང་དགུདགུ་ཟ་ཡི། །ཕར་གོམ་ཐེངས་རེ་རེ་སྤོ་སར། །རྡོ་གཅལ་བཞི་བཀག་རྐྱབ་ཨིན། །ང་སྐད་ཐེངས་རེ་རེ་རྐྱབ་སར། །ལུངམ་ཆེན་དགུ་དགུ་གངམ་ཨིན། །ང་རོ་ཕོག་རེ་རེ་རྐྱབ་སར། །བར་ཚིགས་དགུ་དགུ་བརྡལ་ཚུགས། །ཤིང་སྒང་གི་ཨེ་ཏོག་མེ་ཏོག །གཏན་ཀྱང་སྒང་ལུ་མི་ཤར། །གཏན་ཀྱང་སྒང་ལུ་ཤརན། །སྒང་གི་རྒྱན་ཆ་བཏུབ་པས། །
ཆུ་སྤ་ཆུ་ཝང་ཆུ་རྦ་མཐོ་རུང། །ཟམ་རྡོ་ཁ་ཟམ་པའི་འོག་རང་ཨིན། །ཁྱོད་སྟག་ཤར་ངོ་རིས་ལེགས་རུང། །སྨན་ཆུང་བུ་མོའི་བྱ་རོགས་ཨིན། །ས་ལས་གནམ་ལུ་ལྷོད་ལྷོད་། །གོམ་ཐེངས་ག་ཚོད་ཡོདཔ་སྨོ། །གནམ་ལས་ས་ལུ་ལྷོད་ལྷོད། །གོམ་ཐེངས་ག་ཚོད་ཡོདཔ་སྨོ། །བོད་ལས་རྒྱ་ལུ་ལྷོད་ལྷོད་། །གོམས་ཐེངས་ག་ཚོད་ཡོདཔ་སྨོ། །རྒྱ་ལས་བོད་ལུ་ལྷོད་ལྷོད། །གོངས་ཐེངས་ག་ཚོད་ཡོདཔ་སྨོ། །ས་ལས་གནམ་ལུ་ལྷོད་ལྷོད། །སྒརཔ་རང་གིས་འགྱོ་སྟེ་མ་བལྟ། །ས་སྨུག་དཀརཔོ་གིས་འགྱོ་ཚེ། །གོམ་ཐེངས་གཅིག་རང་ཨིན་མས། །གནམ་ལས་ས་ལུ་ལྷོད་ལྷོད་། །སྒརཔ་རང་གིས་འགྱོ་སྟེ་མ་བལྟ། །གནམ་ཆར་འབབས་སར་བལྟ་ཚེ། །གོམ་ཐེངས་གཅིག་རང་ཨིན་མས། །རྒྱ་ལས་བོད་ལུ་ལྷོད་ལྷོད་། །སྒརཔ་རང་གིས་འགྱོ་སྟེ་མ་བལྟ། །བསྐྱི་སེར་རླུང་མས་འགྱོ་ཚེ། །གོམ་ཐེངས་གཅིག་རང་ཨིན་མས། །བོད་ལས་རྒྱ་ལུ་ལྷོད་ལྷོད་། །སྒརཔ་རང་གིས་འགྱོ་སྟེ་མ་བལྟ། །རྐྱང་ཆབ་ཆུ་མོས་འགྱོ་ཚེ། །གོམ་ཐེངས་གཅིག་རང་ཨིན་མས། །
མཚོ་མས་ཀྱི་མཚོའི་འགྱམ་མ། །ཉ་ཉ་ཁུར་ལངས་པའི་ཉ་མེད་རུང། །ཁྱོད་ལྐོད་མར་གཟུགས་པའི་རྩང་ཅིག་འོང། །དཔྱེ་མ་གཞི་འདི་དང་ཆ་འདྲཝ་ཅིག །བྲག་ཕར་གྱི་བྲག་གི་རྐེད་པར། །སྦྱང་སྦྱང་ཁུར་ལངས་པཡི་སྦྱང་མེད་རུང། །ཁྱོད་རོ་ཁ་སྦོ་པའི་སྦྱངམཅིག་འོང། །
ཆུ་མས་དང་རྐྱང་ཆབ་རབ་ལས་བསྒྱུར། །གྱེན་ཕི་དང་ཐར་པའི་གྱེན་འདྲ་བས། །ཆུམོ་རྐྱང་ཆབ་རབ་ལས་བསྒྱུར། །ཐར་པའི་གྱེན་ལས་འཛེགས། །དགོནམ་གནས་རི་བྲག་ལུ་ལྷོད་ཚེ། །ལྷ་ཤིང་ཤིང་གི་རྩེ་མོར། །བྱ་ཚེ་རིང་སྤུན་གསུམ་ཆགས་ནུག་ལོ། །བྱ་མོ་རའི་སྤུ་བཀྱག་གཞའ་རིས་འདྲ། །སྐྱེསཔ་རང་དང་རྒྱ་ཆེན་སྣ་ལྔ་འདྲ། །ནང་གཞའ་རིས་སྣེ་ལྔ་འགྲིགསན། །བདག་ཡབ་ཡུམ་གཉིས་ཀྱིས་སླབ་མི་ཆོག །
ཡབ་ཆེན་རི་རྒྱལ་རྩེ་ལས་ཨིན། །ཁྱོད་རི་རྒྱལ་སྐོར་ར་རྐྱབ་ཧུམ་ག །ང་ཡུམ་ཆེན་མཚོ་མའི་གཏིང་ལས་ཨིན། །ཁྱོད་མཚོ་ལས་ནོར་བུ་བཏོན་ཧུམ་ག །གསུང་མང་པའི་མང་ལུགས་བཤད་མི་དགོ །གསུངས་མང་པའི་མང་ལུགས་བཤད་དགོན། །ཕར་སའི་དབྱིབས་དང་འདྲན་འདྲ་ཨིན། །ཁྱོད་སྐོར་གསལ་གྱངས་ཁ་ཆོད་ག །གསུང་རིང་མི་རིང་ལུགས་བཤད་མི་དགོ །གསུང་རིང་མི་རིང་ལུགས་བཤད་དགོན། །ཆུམ་རྐྱང་ཆབ་ཆུམོ་དང་འདྲན་འདྲ་ཨིན། །ཁྱོད་རྐྱང་ཆབ་འདོམ་གྱིས་འཇལ་ཚུགས་ག །གསུང་སྦོམ་པའི་སྦོམ་ལུགས་བཤད་མི་དགོ །གསུང་སྦོམ་མི་སྦོམ་ལུགས་བཤད་དགོན། །ཕར་རི་རྒྱལ་ཕི་དང་འདྲན་འདྲ་ཨིན། །ཁྱོད་རི་རྒྱལ་ཕང་པར་འཁོར་ག་ལོ། །
ཁྱིམ་སྐར་ཁུང་མེད་པའི་གནག་དུང་ན། །བརྩེ་མིག་གཞི་མེདཔ་ཅིག་ལྷོད་ཅི། །ལྟོ་ཁར་སྤགས་ཅིག་བཀལ་དགོ་མནོ། །ཕག་པར་ཐལ་རང་བཏང་མ་ཚུགས། །ཇ་ཤུལ་ཆང་ཅིག་སྦང་དགོ་མནོ། །ཆང་གླུ་མར་ཕོབ་རང་བཏབ་མ་ཚུགས། །ནགས་ཀྱི་འདོམ་ཅུང་ཧིང་དཀར། །ལོ་གསུམ་ནགས་ཚལ་འགྱིམ་ཅི། །ཧང་སེམས་ཅན་སྟག་དང་ཕྱད་མ་མྱོང། །ང་ཚེ་གཅིག་ཚོ་མ་སྒརཔ་འདི། །ཆུ་གསུམ་འཛོམསསར་རྩལ་རྐྱབ་ཅི། །རྩལ་རྐྱབ་ཕར་ཁར་ཐོནམ་ཨིན། །རྩལ་མེད་རོང་ནང་འཐིམ་མ་མྱོང། །ཁྲོམ་མི་དམང་འཛོམས་སར་གསུང་བསྒྱུར་ཡི། །ཧང་མི་ལུ་རྒྱལ་ཁ་ཤོར་མ་མྱོང། །དོ་རུང་མི་ཤོར་ཐག་ཆོད་ཨིན། །
བྱ་ཨོ་རོག་ལྡིང་ལྡིང་ག་ལས་ལྡིང། །ཨོ་རོག་ལྡིང་ལྡིང་ཉི་མའི་ཤར་ལས་ལྡིང། །ཤར་དར་དཀར་ཡོ་ལི་བསྒོར་ཡོད། །བྱ་ཨོ་རོག་ལྡིང་ལྡིང་ག་ལས་ལྡིང། །ཨོ་རོག་ལྡིང་ལྡིང་ཉི་མའི་ལྷོ་ལས་ལྡིང། །ལྷོ་ཙན་དན་སྡོང་མོ་བསྒོར་ཡོད། །བྱ་ཨོ་རོག་ལྡིང་ལྡིང་ག་ལས་ལྡིང། །ཨོ་རོག་ལྡིང་ལྡིང་ཉི་མའི་ནུབ་ལས་ལྡིང། །ནུབ་ཙན་དན་པ་ཏྲ་བསྒོར་ཡོད། །བྱ་ཨོ་རོག་ལྡིང་ལྡིང་ག་ལས་ལྡིང། །ཨོ་རོག་ལྡིང་ལྡིང་ཉི་མའི་བྱང་ལས་ལྡིང། །བྲག་རྡོ་རྗེ་བྲག་གི་བསྒོར་ཡོད། །
ཤིང་ལ་ཁའི་དུང་ཤིང་མགོ་ལྡེམ་ལྡེམ། །མགོ་ལྡེམ་པའི་ཕྱོགས་སུ་བུ་ཡུག་སྡང། །རྩཝ་ར་བར་གཉིས་ལུ་ཁྱེགས་ཁ་སྡང། །མགོ་ལྡེམ་པའི་ཕྱོགས་ཀྱི་བུ་ཡུག་འདི། །ཁྲི་གདུགས་དྲོད་ཤར་ཙམ་ལུ་བཞུ་སོང་ཡི། །རྩཝ་ར་བར་གཉིས་ཀྱི་ཁྱེགས་ཁ་འདི། །ཁྲི་གདུགས་སྤུན་བདུན་ཤར་རུང་བཞུ་མ་བཏུབ། །
རི་ཕར་གྱི་རི་དང་ཚུར་གྱི་རི། །བར་ན་འཛུལ་བའི་ཤིང་ཆེན། །ལོ་ན་ཧིང་ལྟ་ཚེ་ཧོ་ཤོང་ཤོང། །དུས་ཅི་ལྟ་ཚེ་གསེར་ཤོང་ཤོང། །ཁྱོད་གསེར་ཤོང་ཧོ་ཤོང་འབད་མི་དགོ །མ་དགའན་མེ་ཤིང་འཐུ་ནི། །དགའན་མགོ་དཀྱི་རྐྱབ་ནི། །འདི་དང་འདི་ཡང་མེད་ཟེརན། །ཤིང་ཆེན་རྩཝ་ལས་བརྡབ་སྟེ་། །ལུང་པའི་མདོ་ལུ་གཏང་ནི།
།རི་ཕར་གྱི་ལོགས་ཀྱི་ཆུ་གཟར་འདི། །ན་ཧིང་ལྟ་ཚེ་ཧོ་རུང་རུ། །དུས་ཅི་ལྟ་ཚེ་སེར་དུ་དུ། །ཁྱོད་ཧོ་དུང་སེར་དུང་འབད་མི་དགོ །དགའན་ཁ་སྐོམ་འཐུང་ནི། །མ་དགའན་ལྟོ་ཆུ་བསྐོལ་ནི། །འདི་དང་འདི་ཡང་མེན་ཟེརན། །ཆུ་འགོ་རྐ་ལས་བསྒྱུརཏི། །མར་ལུང་པའི་གཤོང་ལུ་གཏང་ནི། །
གཡུས་ཀྱི་སྨན་ཆུང་བུམོ་འདི། །ན་ཧིང་ལྟ་ཚེ་འཛུམ་སེག་སེ། །དུས་ཅི་ལྟ་ཚེ་གནག་ལོག་ལོ། །ཁྱོད་འཛུམ་སེག་གནག་ལོག་འབད་མི་དགོ །དགའན་བརྩེ་མཛའ་འབད་ནི། །མ་དགའན་བློ་ཕམ་གསལ་ནི། །འདི་དང་འདི་ཡང་མེན་ཟེརན། །གཏམ་ཚིག་གསུམ་བར་ལུ་བཙུགས་ཏེ། །བློ་ཚིག་གི་འབྲས་བུ་བཤད་ནི། །
དགུང་དང་སྤྲིན་གྱི་མཚམས་ལས་། །བྱིའུ་ཅུང་འཁྲུལ་སྣང་ཅིག་གིས། །བསྟུན་ས་བསྟུན་ར་ཟེར་དོ། །ག་ཅི་བསྟུན་ན་མནོ་བ། །སེམས་དགའ་བའི་མི་དང་བསྟུན་ཟེརཝ་མས། །ནགས་དང་སྤང་གི་མཚམས་ལས། །ནགས་ཀྱི་སྤང་བྱ་གླེ་མ། །སྤང་ས་སྤང་ར་ཟེརཝ་མས། །ག་ཅི་སྤང་ན་མནོ་བ། །སེམས་མ་དགའ་བའི་མི་རང་སྤང་ཟེརཝ་མས། །
ཆུམོ་གངས་ལས་འབབ་པའི་ཤར་ཤར། །ཆུམོ་གངས་ལས་འབབཔ་ཀུན་གྱིས་ཤེས། །རྒྱ་གཡུས་བསྐོརཝ་མིག་གིས་མཐོང། །ཁྱོད་ཕྲང་ཕྲང་རྒྱ་གཡུས་བསྐོར་སོང་ཅིག །ཁྱོད་རྒྱ་གཡུས་བསྐོར་སའི་ལམ་ཁ་ལུ། །རྒྱ་རྣམ་རྒྱལ་མཆོད་རྟེན་དཀར་ཅུང་འདི། །རྩཝ་ནང་གཟུངས་སྤུད་ཀྱིས་ཟ་མི་ཟ། །ཕྱི་སྐུ་དཀར་ཆརཔ་གིས་བཤལ་མི་བཤལ་། །ཁྱོད་རྐྱང་ཆབ་མར་འགྱོ་ཡར་མེད་རུང། །འཐེན་བསྐྱི་སེར་རླུང་ལུ་གཏང་གནང་མས། །སྒརཔ་ལཱ་དང་གཡོག་གི་བར་ལས། །ང་དལ་ལོང་ཁོམ་ལོང་མེད་རུང། །སྒང་རི་གསུམ་འཛོམས་ས་འགྱོ་སྟི་གི །འཐེན་བསྐྱི་སེར་རླུང་ལས་ཉན་ཆི་གེ །
བྲག་སི་རི་བྲག་གཅིག་སི་རི་བྲག །བྲག་སི་རི་བྲག་གི་བྱིའུ་ཅུང། །བྲག་སི་རི་བྲག་ལས་ཉན་སོང་པ། །མར་རྒྱ་ནག་གསེར་ཁྲིའི་གྱལ་ཁར། །ཟས་ཞིམ་པའི་ཤིང་ཏོག་འཚོ་ནུགལོ། །སེམས་དགའ་བའི་བྱ་སྣ་འཛོམས་ནུག་ལོ། །ལུས་དྲོ་བའི་ཁྲི་གདུགས་ཤར་ནུག་ལོ། །བྲག་སི་རི་བྲག་གི་བྱིའི་ཅུང། །མར་རྒྱ་ནག་གཡུས་ལུ་ལྷོད་ཚེ། །ཟས་ཞིམ་པའི་ཤིང་ཏོག་ལུང་ལས་གྲོལ། །སེམས་དགའ་བའི་བྱ་སྣ་སོ་སོ་འགྱེས། །ལུས་དྲོ་བའི་ཁྲི་གདུགས་ནུབ་ཁར་གཡོ། །བྲག་སི་རི་བྲག་གི་བྱིའུ་ཅུང། །ལོག་སི་རི་བྲག་ལུ་ལོག་དགོ་པས། །
བརྩེ་གཅིག་འཚོལ་ར་མི་འཚོལ། །བརྩེ་གཅིག་འཚོལ་ར་འཚོལན། །དབང་ཆེན་དཔོན་པོ་འཚོལ། །ཁྱོད་སྟག་ཤར་སྦག་ཏ་སྦོག་ཏོ། །འཚོལ་དགོ་མནོཝ་རང་མིན་འདུག །དཔྱེ༌མ༌གཞི༌འདི༌དང༌ཆ༌འདྲཝ༌ཅིག །ཤ༌ཅིག༌ཟ༌རང༌མི༌ཟ། །ཤ༌གཅིག༌ཟ༌རང༌ཟན། །གཡངམ༌ལུག༌གི༌ཤ༌རང༌ཟ༌ནི། །ཕག༌ཤ༌རག༌ཀ༌རོག༌ཀོ། །ཟ༌ཟ༌འདྲཝ༌རང༌མིན༌འདུག །གཡངམ༌ལུག༌གི༌ཤ༌འདི༌ཟན། །ཤ༌ཡིས༌ཤ༌ཁྱད༌ཆོད༌པས། །
ཨེན༌ཏ༌སྦུག༌གི༌ཀི༌ཤི། །ཉམས༌དགའ༌བས༌མནོ༌སྟི༌མི༌ཤ༌ཟ། །སེམས༌དགའ༌བས༌མནོ༌སྟི༌ཡར༌འཕར༌རྐྱབ། །ནམ༌མཇུག༌མཇུག༌གི༌མཐའ༌མར། །མལ༌ཆ༌བར༌ལས༌བཟུང༌སྟི། །སེན༌མོ༌བར༌ལུ༌བཙུགསཏི། །རྣམ༌ཤེས༌ཨུབ༌ལས༌འབལ༌གེ །
སྒོགཔ༌དང༌འོད༌སུའི༌བར༌ལས། །གྱོན༌ཅུང༌འཁྲུལ༌སྣང༌ཅན༌ཅིག །ཧོ༌སྒྱེས༌བཟོ༌གེ༌ཟེར༌མི། །བསམ༌དང༌གྱངས༌ཀྱིས༌མི༌ཆོད། །ཟམོ༌གྱི༌ཅུང༌མེད༌པར༌བཞག༌བཞགཔ༌མེན། །ཟམ༌བློ༌འདོད༌མེད༌པར༌བཞག༌བཞགཔ༌ཨིན། །
ཡར༌སྒང༌གཅིག༌སྒང༌གཉིས༌སྒང༌དང༌གསུམ། །སྒང༌འདི༌གསུམ༌བརྒལ༌བའི༌ཕར༌རྒྱབ༌ན། །ཕར༌གཤོང༌གཅིག༌གཤོང༌གཉིས༌གཤོང༌དང༌གསུམ། །གཤོང༌འདི༌གསུམ༌བརྒལ༌བའི༌ཕར༌རྒྱབ༌ན། །མཚོ༌སྦོམ༌ཡང༌མི༌སྦོམ༌མེ༌ལོང༌ཙམ། །ཆུང༌ཡང༌མི༌ཆུང༌མེ༌ལོང༌ཙམ། །མཚོ༌མེ༌ལོང༌ཙམ༌གྱི༌སྦུག༌ལས། །ཤིང༌སྦོམ༌ཡང༌མི༌སྦོམ༌ཁྱུ༌གང༌ཙམ། །ཆུང་ཡང་མི་ཆུང་ཁྱུ་གང་ཙམ། །ཁྱུ་གང་ཙམ་གྱི་སྦུག་ལུ། །བྱ་སྦོམ་ཡང་མི་སྦོམ་ཐེབ་སོར་ཙམ། །ཆུང་ཡང་མི་ཆུང་ཐེབ་སོར་ཙམ། །བྱ་ཁོ་རའི་གཤོག་སྒྲོ་གཡས་པའི་འོག །གླང་གླང་མཁལ་བཅུ་གསུམ་རྨོ་ས་ཡོད། །གླང་རྨོ་མཁས་ཡོདན་རྨོ་ཤོག །གླང་རྨོ་མཁས་མེད་ན་ཙང་རང་བཞག །བྱ་ང་རའི་གཤོག་སྒྲོ་གཡོན་པའི་འོག །སོན་སོན་མཁལ་བཅུ་གསུམ་སྟོར་ས་ཡོད། །སོན་སྟོར་མཁས་ཡོདན་གཏོར་ཤོག །སོན་སྟོར་མཁས་མེད་ན་ཙང་རང་བཞག །བྱ་ང་རའི་སྒལ་ཚིག་སྦུག་ལུ། །ཐག་འཐག་མཁས་བཅུ་གསུམ་འཐག་ས་ཡོད། །ཐག་འཐག་མཁས་ཡོདན་འཐག་ཤོག །འཐག་མཁས་མེདན་ཙང་རང་བཞག །བྱ་ང་རའི་ལྐོད་མའི་གྱི་བ་ལུ། །དར་གྱི་མདུད་ཕུད་བཅོ་བརྒྱད་ཡོད། །སེམས་དང་རིག་པས་འཁྱོལན་འཁོལ། །སོ་དང་སེན་མོས་འཁྱོལ་མི་ཚུགས། །
སྤང་དང་ནགས་ཀྱི་མཚམས་ལུ། །དྲི་ཞིམ་པའི་ཛ་ཏི་མེ་ཏོག །དྲོ་པ་སོང་བའི་སྔ་དྲོ་ལས། །མེ་ཏོག་ཟིལཔ་དང་ལྡན་ནུག །ཟམོ་རང་གི་ལགཔ་ལུ་དགོ་ནི་འབད། །རང་གཡུས་ཀྱི་སྨན་ཆུང་བུམོ་འདི། །དྲོ་པ་སོང་བའི་སྔ་དྲོ་ལས། །སྤང་དང་ནགས་ལུ་ལྷོད་ཚེ། །རོགས་ཉི་ཟེར་མདངས་དང་ལྡན་ཏེ། །ངིའི་མེ་ཏོག་ཟིལ་ཆུ་སྤུད་ད་ནུག །མེ་ཏོག་ཟིལ་ཆུ་སྤུད་པའི་ལ་གཡོག་འདི། །མཉམ་རོགས་དམང་ལུ་འཁོརན་འཁོར། །ང་སྨན་ཆུང་གཅིག་ལུ་འཁོར་མ་བཅུག །
ཕྱི་ཤེལ་དཀར་དམ་སྦྱིས་མེནམ་ལས། །ནང་གང་ཡོད་ཕྱི་ལས་མི་མཐོང་མས། །ཁྱོད་གཡུས་ཀྱི་སྨན་ཆུང་བུམོ་དང། །ང་གཡུས་ཀྱི་སྟག་ཤར་གཞོནམ། །ཉིམ་ཧང་ལས་ད་ལྟོ་ཚུན་ཚོད། །མི་ཁྱོད་ངོ་ང་གི་མི་ཤེས། །མི་ང་ངོ་ཁྱོད་ཀྱི་མི་ཤེས། །ཉིམ་ད་རེས་དཔལ་གྱི་ཉིམ་ལས། །མི་ང་ངོ་ཁྱོད་ཀྱི་ཤེས། །མི་ཁྱོད་ངོ་ང་གི་ཤེས། །ད་བརྗེད་ནི་མེད་པའི་དམ་བཅའ། །ཁོག་པའི་ཧིང་ལུ་བཙུགས། །འཁྱོལ་ནི་མེད་པའི་མདུད་ཕུད། །ཟོང་རས་ཀྱི་མཐའ་མར་བཏབ་བཞག་གེ །