
བདེ་སྐྱིད་ཆོས་སྒྲོན།
སྤྱི་ཟླ་ ༤ པའི་ཚེས་ ༡༨ ལུ་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ སྤྱི་ལོ་ ༢༠༢༡ ལོའི་ སློབ་རིམ་ ༡༢ པའི་བཀོད་ཚོགས་ཆོས་རྒྱུགས་ཀྱི་ གྲུབ་འབྲས་གསལ་སྟོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་ ༢༠༢༠ དང་ཕྱདཔ་ད་ སྤྱི་ལོ་ ༢༠༢༡ ལུ་ སློབ་ཕྲུག་ཚུ་གི་ མཐར་འཁྱོལ་གྲུབ་འབྲས་ བརྒྱ་ཆ་ ༨.༦༣ མར་བབས་སོང་ནུག་ཟེར་ཨིན་པས།
ཆོས་རྒྱུགས་དེ་གི་དོན་ལས་ སློབ་ཕྲུག་ཡོངས་བསྡོམས་ ༡༣,༨༥༦ ཐོ་བཀོད་འབད་ཡོད་རུང་ སློག་ཕྲུག་ ༡༣༧༠༠ རྐྱངམ་གཅིག་གིས་ ཆོས་རྒྱུགས་ཕུལ་ཡོདཔ་ད་ སྤྱི་ལོ་ ༢༠༢༡ ལུ་ སློབ་ཕྲུག་མཐར་འཁྱོལ་མི་ བརྒྱ་ཆ ༨༢ དང་ སྤྱི་ལོ་ ༢༠༢༠ ལུ་ ༩༠.༦༣ ཡོདཔ་ཨིན་པས།
ཤེས་རིག་བློན་པོ་ ཇའི་བི་རའི་གིས་ གསུངས་དོ་བཟུམ་འབད་བ་ཅིན་ མཐར་འཁྱོལ་གྲུབ་འབྲས་ དེ་སྦེ་ མར་བབས་འགྱོ་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཏེ་ཨིན་ན་ བརྟག་ཞིབ་འབད་འབདཝ་མེད་རུང་ དུས་ཅི་ལས་ སློབ་ཕྲུག་ཚུ་གི་ མཐར་འཁྱོལ་ཚད་གཞིའི་སྲིད་བྱུས་ བསྒྱུར་བཅོས་འབད་ནི་དེ་གིས་ འོང་ནི་མས་ཟེར་ཨིན་པས།
དེ་ཡང་ དུས་རྒྱུན་དབྱེ་ཞིབ་དང་ ཆོས་རྒྱུགས་གཉིས་ཆ་་ལས་ སྐུགས་ ༤༠ རེ་ ཐོབ་དགོཔ་ད་ ཧེ་མ་འབད་བ་ཅིན་ དུས་རྒྱུན་དབྱེ་ཞིབ་ཀྱི་ སྐུགས་བསྡོམས་ཐོག་ལུ་ མཐར་འཁྱོལ་བ་ཅིན་ མཐར་འཁྱོལ་བའི་གྲངས་སུ་ བརྩི་འཇོག་འབདཝ་ཨིན་པས།
དེ་མ་ཚད་ ནད་ཡམས་ཀོ་ཝིཌ་-༡༩ ལུ་བརྟེན་ཏེ་ ཆོས་རྒྱུགས་དེ་ཡང་ ལན་ཐེངས་ ༢ དེ་རེ་ ཕར་འགྱངས་འབད་དགོཔ་ བྱུང་ཡོདཔ་ལས་ སློབ་ཕྲུག་ཚུ་ ཆོས་རྒྱུགས་ཀྱི་དོན་ལུ་ གྲ་སྒྲིག་མེདཔ་ འོང་ནི་མས་ཟེར་ ཆོས་རྒྱུགས་བརྟག་ཞིབ་འགོ་དཔོན་ ཤེས་རབ་རྒྱལ་མཚན་གྱིས་ བཤདཔ་ཨིན་པས།
ག་དེ་སྦེ་ཨིན་རུང་ ཚན་རིག་ཆོས་ཚན་ནང་ རྩི་རང་འགྲམ་ཕུག་སློབ་གྲྭ་ལྟེ་བ་ལས་ ཨ་བིན་ཅ་པ་གའི་གིས་ སྐུགས་ཚད་བརྒྱ་ཆ་ ༩༡.༧༥ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ སྤ་རོ་རྒྱལ་འཛིན་ཤེས་ཡོན་སློབ་ཁང་ལས་ ཁམས་གསུམ་དབང་འདུས་ཀྱིས་ བརྒྱ་ཆ་ ༩༡.༥༠ ཐོབ་སྟེ་ ཨང་ ༢ པ་དང་ སྤ་རོ་ཀརྨ་ཤེས་ཡོན་སློབ་ཁང་ལས་ འཇིགས་མེད་སྟོབས་ལྡན་ཆོས་གྲགས་ཀྱིས་ བརྒྱ་ཆ་ ༩༠.༧༥ ཐོབ་སྟེ་ ཨང་ ༣ པ་ཐོན་ནུག།
ཚོང་རིག་ནང་ སྤ་རོ་ཀརྨ་ཤེས་ཡོན་སློབ་ཁང་ལས་ ཆོས་ཉིད་འོད་ཟེར་རྡོ་རྗེ་གིས་ བརྒྱ་ཆ་ ༨༨.༥༠ ཐོབ་སྟེ་ ཨང་ ༡ པ་ ཐོན་ཡོདཔ་མ་ཚད་ ད་རུང་ སློབ་གྲྭ་དེ་ནང་ལས་ར་ པདྨ་གཡུ་སྒྲོན་གྱིས་ བརྒྱ་ཆ་ ༨༧.༧༥ ཐོབ་སྟེ་ ཨང་ ༢ པ་དང་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མ་ལས་ པདྨ་དབྱངས་ཅན་གྱིས་ བརྒྱ་ཆ་ ༨༧.༢༥ ཐོབ་སྟེ་ ཨང་ ༣ པ་ ཐོན་ཡོདཔ་ཨིན་པས།
ནང་རིག་ནང་ཡང་ སྤ་རོ་ཀརྨ་ཤེས་ཡོན་སློབ་ཁང་ལས་ འཆི་མེད་གསལ་སྒྲོན་གྱིས་ བརྒྱ་ཆ་ ༨༧.༧༥ ཐོབ་སྟེ་ ཨང་ ༡ པ་དང་ མོང་སྒར་འབྲིང་རིམ་སློབ་གྲྭ་གོང་མ་ལས་ མཚོ་སྐྱིད་ལྷ་མོ་དང་ སྤུ་ན་ཁ་ ཨོ་རྒྱན་རིག་པའི་བྱུང་གནས་ལས་ གཞན་དོན་ཆོས་སྒྲོན་ དེ་ལས་ ད་རུང་ སྤ་རོ་ཀརྨ་ཤེས་ཡོན་སློབ་ཁང་ལས་ ཀརྨ་གསལ་སྒྲོན་ ༣ གྱིས་ བརྒྱ་ཆ་ ༨༧.༢༥ རེ་ཐོབ་སྟེ་ ཨང་ ༢ པ་ ཐོན་ཡོདཔ་ད་ གོང་གཟིམ་ཨོ་རྒྱན་རྡོ་རྗེ་སློབ་གྲྭ་ལྟེ་བ་ལས་ ལྷ་སྐྱིད་སྒྲོལམ་གིས་ བརྒྱ་ཆ་ ༨༧ ཐོབ་སྟེ་ ཨང་ ༣ པ་ཐོན་ནུག།
སྐད་ཡིག་དང་ ལམ་སྲོལ་དབྱེ་ཁག་ནང་ སྟག་རྩེ་སློབ་གྲྭ་ལྟེ་བ་ལས་ རྒྱ་མཚོ་གིས་ སྐུགས་བརྒྱ་ཆ་ ༨༥.༥༠ ཐོབ་སྟེ་ ཨང་ ༡ པ་དང་ ད་རུང་ སློབ་གྲྭ་དེ་ནང་ལས་ར་ ལས་སྐྱིད་མཁའ་འགྲོ་གིས་ བརྒྱ་ཆ་ ༨༡.༢༥ ཐོབ་སྟེ་ ཨང་ ༢ པ་ ཐིམ་ཕུག་སྡེ་སྲིད་སློབ་གྲྭ་ཆེ་བ་ལས་ ཀུན་བཟང་ཆོས་སྒྲོན་གྱིས་ བརྒྱ་ཆ་ ༨༠.༠༠ ཐོབ་སྟེ་ ཨང་ ༣ པ་ ཐོན་འདུག་པའི་གནས་ཚུལ།







Users Today : 1094
Users Yesterday : 3537
This Month : 47899
This Year : 484892
Total Users : 1196708
Views Today : 1307
Total views : 3234011
Who's Online : 12