རྒྱལ་སྲུང་གཞི་རྟེན་ལས་འགུལ་ནང་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་འགོ་འབྱེད། 

ཨྱོན་ཚེ་རིང་།

སྤྱི་ཟླ་ ༥ པའི་ཚེས་ ༢ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་གི་ འཁྲུངས་སྐར་དུས་དྲན་དང་བསྟུན་ཏེ་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ཐོག་ལས་ རྒྱལ་སྲུང་ལས་འགུལ་ཁག་ ༥ གི་ནང་ མཐུན་རྐྱེན་སྣ་ཚོགས་ཀྱི་ གཞི་རྟེན་བཟོ་བསྐྲུན་འབད་ནི་ འགོ་བཙུགས་ཡོདཔ་ད་ ལས་འགུལ་དེ་ཡང་ རྒྱལ་སྲུང་གཞི་རྟེན་དང་ མཉམ་འབྲེལ་ཐོག་ལུ་ ལག་ལེན་འཐབ་ནི་ཨིན་པས།

འདས་པའི་ལོ་ངོ་ ༢ ཀྱི་ནང་ ནད་ཡམས་ཀོ་ཝིཌ་-༡༩ ལུ་ གདོང་ལན་འབད་དགོཔ་ བྱུང་ཡོད་རུང་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ཐོག་ལས་ ཆུ་དང་ འཁོར་ལམ་ ཤིང་འབྲས་ཀྱི་ ལྕངམ་འཛུགས་སྐྱོང་ རྒྱལ་ཡོངས་རོ་ཁྱིའི་ འབོར་ཚད་འཛིན་སྐྱོང་ལས་འགུལ་ཚུ་ མཐར་འཁྱོལ་ཅན་ཅིག་སྦེ་བྱུང་ནུག།

དེ་སྦེ་ བདེ་སྲུང་རྒྱལ་ཡོངས་ཞབས་ཏོག་ གཞི་བཙུགས་འབད་མི་དེ་ཡང་ བདེ་སྲུངཔ་ཚུ་གིས་ རྒྱལ་སྲུང་ཤེས་ཡོན་སྤེལ་ཁང་ཚུ་ བཟོ་བསྐྲུན་ལས་སྣ་ཚུ་ནང་ ཞབས་ཏོག་ཞུ་ནི་གི་ གོ་སྐབས་བྱིན་ཐབས་ལུ་ཨིནམ་ད་ རྒྱལ་སྲུང་ཤེས་ཡོན་སྤེལ་ཁང་ཚུ་ནང་ ལོ་བསྟར་བཞིན་དུ་ འབྲུག་པའི་ན་གཞོན་ སྟོང་ཕྲག་ལེ་ཤ་ཅིག་གིས་ རྒྱལ་སྲུང་གི་ སྦྱོང་བརྡར་འབད་ནི་ཨིན་པས།

ད་རེས་ བདེ་སྲུངཔ་ཚུ་གིས་ ག་ནི་བ་ གལ་གནད་ཆེ་བའི་ རྒྱལ་ཡོངས་ལས་སྣ་ཚུ་ནང་ འགན་ཁག་འབག་སྟེ་ ཕྱག་ཞུ་མི་དེ་ལུ་ དཔའ་ཉམས་བསྐྱེད་དགོ་མི་དེ་ཡང་ རྒྱལ་ཁབ་ཀྱི་ དྲན་རྟེན་དང་ ཤུལ་བཞག་སྦེ་ ལུས་ནི་ཨིན་མི་ གཞི་རྟེན་ཁང་ཚུ་ བཟོ་བསྐྲུན་འབད་མི་དེ་གིས་ ཁོང་རའི་ཨ་ལོ་ཚུ་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

དུས་ཅི་ སྤྱི་ཟླ་ ༤ པའི་ཚེས་ ༢༥ ལས་ བསམ་རྩེ་རྒྱ་མཚོ་གླིང་དང་ གསར་སྤང་རྟ་རས་ཐང་ དབང་འདུས་ཕོ་བྲང་ མཁོ་ཐང་ཁ་ མོང་སྒར་སྦོང་སྡེ་མ་ བསམ་གྲུབ་ལྗོངས་མཁར་ པདྨ་ཐང་ཚུ་ལུ་ བཟོ་བསྐྲུན་དང་འབྲེལ་བའི་ ལཱ་འབད་ནིའི་དོན་ལས་ བདེ་སྲུངཔ་ ༡༠༦ བགོ་བཀྲམ་འབད་ཡོདཔ་ད་ སྤྱི་ཟླ་ ༤ པའི་ཚེས་ ༡༨ ལས་ བདེ་སྲུངཔ་ ༥༠ དེ་ཅིག་གིས་ རྒྱ་མཚོ་གླིང་ལུ་ ཀི་ལོ་མི་ཊར་ ༧ འབད་མི་ ཆུ་བཀྲམ་སྤེལ་གྱི་ ལཱ་འགོ་ཡང་ བཙུགས་ཡོདཔ་ཨིན་པས།

བདེ་སྲུངཔ་ཚུ་གིས་ ལཱ་འབད་བའི་ནམ་དུས་ལུ་ བཟོ་བསྐྲུན་དང་འབྲེལ་བའི་ རིག་རྩལ་གལ་ཅན་ཚུ་ འཐོབ་ནི་ཨིན་པའི་ནང་ལས་ ལྷག་པར་དུ་ཡང་ རྒྱ་པཱན་གྱི་ མཁས་མཆོག་ཚུ་གིས་ བཟོ་བཀོད་འབད་མི་ འཕྲུལ་ཆས་ལུ་བརྟེན་ཏེ་ རིག་རྩལ་གཞན་ཡང་ ལེ་ཤ་ཅིག་ར་ འཐོབ་ཚུགས་ཟེར་བཀོད་ནུག།

  རྒྱལ་སྲུང་ས་ཁོངས་ ༥ གི་ནང་ མཐུན་རྐྱེན་སྣ་ཚོགས་ཀྱི་ གཞི་རྟེན་བཟོ་བསྐྲུན་ འགོ་འབྱེད་ལས་རིམ་ནང་ རྫོང་ཁག་བདག་སྐྱོང་དང་ ས་གནས་གཞུང་གི་འགོ་དཔོན་ དྲག་ཁག་ ༣ གྱི་དམག་མི་ དེ་ལས་ བདེ་སྲུངཔ་དང་ རྒྱལ་སྲུང་གཞི་རྟེན་ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།