ཐིམ་ཕུ་ཕ་ཇོ་ལྡིངས་ཀྱི་ ལྷ་ཁང་ཚུ་ ཉམས་གསོ་ཞུ་ཚར་ཏེ་ ལོ་ ༡ མ་ལངམ་ལས་ར་ ཉམས་ཆག་ཤོར་ཡོདཔ།

ཡིག་ཚང་ལས་བྱེདཔ།
ཐིམ་ཕུའི་རི་མགོ་ ཕ་ཇོ་ལྡིངས་ལུ་ མཛེས་ཆ་དང་ལྡན་པའི་ཁར་ ག་ནི་བ་ རྩ་ཆེ་བའི་ ལྷ་ཁང་ཚུ་ བཞེངས་གནང་སྟེ་ མི་ལོ་ ༢༦༠ ལྷགཔ་ཅིག་ ཡར་སོངཔ་ལས་ ཉམས་ཆག་ཤོར་མི་ཚུ་ ལོག་སྟེ་ར་ ཉམས་གསོ་ཞུ་ཡོད་རུང་ ལོ་ ༡ མ་ལངམ་ལས་ར་ འཐིང་གཞི་ཨེན་ཏ་ཚུ་ རུལ་ཡོདཔ་མ་ཚད་ ལྕམ་ཚུ་ལས་ཡང་ ཤ་མུ་ཚུ་ སྐྱེས་ཏེ་ཡོདཔ་ཨིན་པས།
དེ་ཡང་ ཁང་བཟང་ལྷ་ཁང་དང་ བྱམས་པ་ལྷ་ཁང་ འོག་མིན་གཉིས་པ་ཚུ་ཨིནམ་ད་ གནས་ཚུལ་འབྱུང་ཁུངས་དང་འཁྲིལ་བ་ཅིན་ ལྷ་ཁང་དེ་ཚུ་ བསྒྲུབས་ཚརཝ་ཅིག་ར་ ཉམས་ཆག་ཤོར་ཏེ་ཡོདཔ་མ་ཚད་ སྡོད་སྒར་ཚུ་བཤུབ་པའི་ རག་རོག་ཚུ་ཡང་ ཕྱགས་བདར་མ་རྐྱབ་པར་ དེ་སྦེ་ར་ བཀོག་བཞག་ཡོདཔ་ལས་ འགྲོ་བ་མི་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ བྱ་སྟབས་མ་བདེཝ་སྦོམ་སྦེ་ར་ འཐོན་བཞིན་དུ་ཡོད་ཟེར་ཨིན་པས།
ལྷ་ཁང་དེ་ཚུ་ རྒྱ་གར་གཞུང་གི་ གྲོགས་རམ་ཐོག་ལས་ དངུལ་ཀྲམ་ས་ཡ་ ༢༠༠ དེ་ཅིག་ ཟད་འགྲོ་བཏང་སྟེ་ ལོ་ ༥ དེ་ཅིག་གི་རིང་ལུ་ ཉམས་གསོ་ཞུ་བའི་ཤུལ་ལས་ ན་ཧིང་ སྤྱི་ལོ་ ༢༠༢༡ ལུ་ བསྒྲུབས་ཡོདཔ་ཨིན་པས།
དེ་བསྒང་ ལས་འགུལ་འཛིན་སྐྱོང་པ་ཨིན་མི་ བདེ་ཆེན་རྡོ་རྗེ་གིས་ རྩོམ་སྒྲིག་འགོ་དཔོན་ཅིག་ལུ་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་ཁ་ཐུག་ལས་ བརྟག་ཞིབ་འབད་ཚར་ཡོདཔ་བཞིན་དུ་ སྤྱི་ཟླ་ ༥ པའི་ནང་ར་ ལཱ་འབད་མི་ སྡེ་ཚན་ཅིག་ བསྐྱར་གསོ་འབད་བར་ གཏང་དོ་ཟེར་ཨིན་པས།
ཐིམ་ཕུ་ཕ་ལྡིངས་ལུ་ ཁང་བཟང་ལྷ་ཁང་དང་ བྱམས་པ་ལྷ་ཁང་ ༢ རྗེ་མཁན་ཁྲི་རབས་ ༩ པ་ སྐྱབས་རྗེ་ཤཱཀྱ་རིན་ཆེན་མཆོག་གིས་ སྤྱི་ལོ་ ༡༧༤༤-༥༥ ལུ་ བཞེངས་གནང་ཡོདཔ་ད་ འོག་མིན་གཉིས་པ་དེ་ རྗེ་མཁན་ཁྲི་རབས་ ༡༦ པ་ སྐྱབས་རྗེ་ཤེས་རབ་སེངྒེ་མཆོག་གིས་ སྤྱི་ལོ་ ༡༧༨༤-༩༡ ལུ་ བཞེངས་གནང་འདུག་པའི་གནས་ཚུལ།