
ཨྱོན་ཚེ་རིང་།
རང་ཟླ་ ༣ པའི་ཚེས་ ༡༠ སྤྱི་ཟླ་ ༥ པའི་ཚེས་ ༡༡ ལུ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ ཞབས་དྲུང་སྐུ་མཆོད་དང་འབྲེལ་ཏེ་ གཞུང་དགེ་འདུན་གྲྭ་ཚང་ གཞི་བཙུགས་གནང་སྟེ་ མི་ལོ་ ༤༠༠ འཁོར་བའི་ དུས་དྲན་ཁྱད་པར་ཅན་ བརྩི་སྲུང་ཞུ་ཡི།
དུས་དྲན་བརྩི་སྲུང་གི་ རྟེན་འབྲེལ་དེ་ནང་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ དེ་ལས་ མི་དབང་སྐུ་འཁོར་ལྷན་རྒྱས་ཚུ་གིས་ དབུ་ཞུགས་མཛད་གནང་ཡོདཔ་མ་ཚད་ མི་རྗེ་བློན་པོ་ཚུ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ནུག།
དེ་བསྒང་ མི་དབང་མངའ་ཞབས་མཆོག་དང་ མི་དབང་འབྲུག་རྒྱལ་བཞི་པ་ སྐྱབས་རྗེ་མཆོག་གིས་ སྤུ་ན་རྫོང་གི་ མ་ཆེན་ལྷ་ཁང་ནང་ ག་ནི་བ་ རྩ་ཆེ་བའི་ ཞབས་དྲུང་མ་ཆེན་གྱི་ སྐུ་མདུན་ལུ་སྦེ་ ཐུགས་སྨོན་ཚུ་ གནང་ཡོདཔ་ཨིན་པས།
དེ་ལས་ སྤུ་ན་ཁ་རྫོང་གི་ ཀུན་རྭ་ནང་སྦེ་ དམིགས་བསལ་གསུང་ཆོག་ བླ་མ་མཆོད་པ་ གནང་ཐོག་ལས་ སྐུ་གསུང་ཐུགས་རྟེན་གྱི་ མནྜལ་ཚུ་ཡང་ཕུལ་ནུག།
སྤྱི་ལོ་ ༡༦༢༢ ལུ་ ཞབས་དྲུང་རིན་པོ་ཆེ་ དཔལ་ངག་དབང་རྣམ་རྒྱལ་མཆོག་གིས་ འབྲུག་རྒྱལ་ཁབ་འདི་ནང་ གཞུང་དགེ་འདུན་གྲྭ་ཚང་འདི་ འགོ་དང་པ་ ཐིམ་ཕུ་ལྕགས་རི་རྡོ་རྗེ་གདན་ལུ་སྦེ་ གཞི་བཙུགས་གནང་ཡོདཔ་ཨིན་པས།
འདི་བཟུམ་མའི་ གཞུང་དགེ་འདུན་གྲྭ་ཚང་ གཞི་བཙུགས་གནང་མི་འདི་ རྒྱལ་རབས་ནང་ རྩ་ཅན་ཅིག་སྦེ་ བརྩི་དགོ་མི་དེ་ཡང་ དུས་རབས་ ༡༧ པའི་ནང་ འབྲུག་རྒྱལ་ཁབ་འདི་ རང་དབང་རྒྱལ་ཁབ་ཅིག་སྦེ་ གཅིག་བསྒྲིལ་བཟོ་མིའི་ནང་ གོམ་པ་དང་པ་ མདུན་སྤོ་འབད་བའི་ བརྡ་མཚོན་སྟོནམ་ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1388628
Views Today :
Total views : 5000
Who's Online :