
སྤྱི་ཟླ་ ༥ པའི་ཚེས་ ༡༡ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ རྫོང་ཁག་ ༡༨ ཀྱི་ རབ་སྡེ་ཁག་གི་ ཡོངས་འབྲེལ་འཆར་སྒོ་དང་ ལྷོ་འབྲུག་བསྟན་པའི་མཛེས་རྒྱན་རྣམས་ཟེར་མི་ ལས་འགུལ་ཅིག་ འགོ་འབྱེད་མཛད་ཡོདཔ་ཨིན་པས།
ལས་འགུལ་དེ་ གཞུང་དགེ་འདུན་གྲྭ་ཚང་ གཞི་བཙུགས་གནང་སྟེ་ མི་ལོ་ ༤༠༠ འཁོར་བའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ དམིགས་བསལ་གྱི་ ལས་འགུལ་ཅིག་ཨིནམ་མ་ཚད་ འབྲུག་གི་བླ་སློབ་ཡོངས་ལུ་ གུས་བཏུད་ཞུ་ཐབས་ལུ་ཡང་ཨིན་ཟེར་ གཞུང་དགེ་འདུན་གྲྭ་ཚང་གི་ མི་སྡེའི་བརྡ་བརྒྱུད་ ཕེགཛ་བུག་ནང་བཀོད་ནུག།
དེ་ལས་ སྐྱབས་རྗེ་མཆོག་གིས་ རིགས་གཅིག་མཁས་པའི་ མཆོག་འཛིན་གྱི་ སློབ་ཕྲུག་ཤོ་ཐེངས་དང་པ་ལུ་ མཐར་འཁྱོལ་ལག་ཁྱེར་གནང་པའི་ཁར་ སློབ་ཕྲུག་ཤོ་ཐེངས་ ༢ པ་ཚུ་ལུ་ཡང་ བཀྲ་ཤིས་ལེགས་དར་ གནང་ཡོདཔ་ཨིན་པས།
དུས་སྟོན་དེ་ཁར་ ཞབས་དྲུང་མཐོང་གྲོལ་དང་ ནང་རྟེན་གཙོ་བོ་ རང་བྱོན་ཁར་ས་པ་ཎི་ཚུ་ དད་ལྡན་མི་སེར་ཡོངས་ལུ་ མཇལ་ཁ་གནང་ཡོདཔ་ད་ ཉིནམ་དེ་གི་ཧེ་མར་ ཀུན་མཁྱེན་པདྨ་དཀར་པོ་དང་ གུ་རུའི་མཐོང་གྲོལ་ཚུ་ཡང་ མི་མང་ལུ་ མཇལ་ཁ་གནང་འདུག་པའི་གནས་ཚུལ།



Users Today : 43
Users Yesterday : 1379
This Month : 43
This Year : 228884
Total Users : 940700
Views Today : 91
Total views : 2739134
Who's Online : 5