མི་མང་གིས་ འཕྲོད་བསྟེན་དང་ལྡན་པའི་ བཞེས་སྒོའི་རིགས་ ཟ་དགོ་པའི་ གོ་བརྡའི་ལས་རིམ།

བདེ་སྐྱིད་ཆོས་སྒྲོན་དང་
སྒྲོལ་མ་ཡེ་ཤེས།
སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ གསོ་བའི་ལྷན་ཁག་ མི་མང་གསོ་བའི་ལས་ཁུངས་ཀྱིས་ གཞུང་དང་ ལས་འཛིན་ ལས་སྡེ་ཁག་གི་ མགྲིན་ཚབ་ཚུ་ལུ་ འཕྲོད་བསྟེན་དང་ལྡན་པའི་ བཞེས་སྒོའི་རིགས་ ཟ་དགོ་པའི་སྐོར་ལས་ གོ་བརྡའི་གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ རྒྱལ་ཁབ་ནང་ འབུ་ནད་མིན་པའི་ ནད་གཞི་ཐོབ་མི་ ཡར་སེང་འགྱོ་མི་དེ་ སྔོན་འགོག་འབད་ཐབས་ལུ་ཨིན་པས།
མི་མང་གསོ་བའི་ལས་ཁུངས་ཀྱི་ ལས་རིམ་འགོ་དཔོན་དང་ ཟས་བཅུད་མཁས་མཆོག་ ཧ་རི་པར་སཱད་ པོག་རེལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྤྱིར་བཏང་མི་མང་གི་སེམས་ཁར་ ཤིང་འབྲས་ཚུ་ལུ་ ཟད་འགྲོ་ལྕི་དྲགས་ གནས་དོ་བཟུམ་སྦེ་ཚོར་རུང་ དངུལ་ཀྲམ་ ༡༠༠ སྤྲོད་དེ་ ཨེ་པཱལ་ཀེ་ཇི་ ༡ ཉོ་བ་ཅིན་ ཨེ་པཱལ་དེ་གིས་ མི་ལེ་ཤ་ཅིག་ལུ་ ཁྱབ་ཚུགས་ནི་དང་ གལ་སྲིད་ དངུལ་ཀྲམ་ ༡༠༠ སྤྲོད་དེ་ མོ་མོ་ཉོ་བ་ཅིན་ པད་སྡེར་ ༢ མ་གཏོགས་ མ་ཐོབ་མི་དེ་གིས་ མི་ ༢ ལུ་མ་གཏོགས་ ལང་མི་ཚུགས་ཟེར་ཨིན་པས།
དེ་མ་ཚད་ འཕྲོད་བསྟེན་དང་ལྡན་པའི་ བཞེས་སྒོ་དེ་ཚུ་གིས་ གཟུགས་ཁམས་འཕྲོད་བསྟེན་ལུ་ ཁེ་ཕན་དང་ འབུ་ནི་མིན་པའི་ ནད་གཞི་འཐོབ་ནི་ལས་ཡང་ སྔོན་འགོག་འབད་ཚུགས་པའི་ཁར་ གོམས་འདྲིས་ཡང་ ཚུད་ཚུགས་ཟེར་ཨིན་པས།
དེ་འབདཝ་ལས་ ད་ལས་ཕར་ ཞལ་འཛོམས་དང་ གྲོས་འཛོམས་ལ་སོགས་པ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ གསོ་བའི་ལྷན་ཁག་གི་ ཁ་ཐུག་ལས་ ལྟ་རྟོག་དང་ དབྱེ་ཞིབ་ཚུ་ འགོ་དྲེན་འཐབ་ནི་ཨིནམ་ལས་ འགོ་འཛིན་ཚུ་གིས་ ལམ་ལུགས་དེ་ ངེས་བརྟན་བཟོ་དགོ་ཟེར་ཨིན་པས།
མི་མང་གསོ་བའི་ལས་ཁུངས་ཀྱི་ མདོ་ཆེན་ངོ་ཚབ་ རིག་འཛིན་རྒྱ་མཚོ་གིས་ རྒྱལ་ཁབ་ནང་ འབུ་ནད་མིན་པའི་ ནད་གཞི་ཐོབ་མི་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་དེ་ ནད་གཞི་དེ་གི་སྐོར་ལས་ མི་མང་ལུ་ གོ་བརྡ་སྤྲོད་མ་ཚུགས་ནི་དེ་གིས་ཨིན་པའི་ཁར་ སྨན་ཁང་ཚུ་གི་ནང་ཡང་ དཀའ་ངལ་འཐོན་དོ་ཟེར་ བཤདཔ་ཨིན་པས།
གཟུགས་ཁམས་འཕྲོད་བསྟེན་དེ་ སྒྲིང་སྒྲིང་ཡོད་པ་ཅིན་ དེ་བཟུམ་མའི་ ནད་གཞི་ཚུ་ མར་ཕབ་འབད་ཚུགས་ཟེར་ རིག་འཛིན་རྒྱ་མཚོ་གིས་ བཤད་པའི་ཁར་ འབུ་ནད་མིན་པའི་ ནད་གཞི་ལུ་ གཙོ་རིམ་བཟུང་དགོཔ་ གལ་ཆེ་མི་དེ་ཡང་ ལོ་ ༡ ནང་ མི་བརྒྱ་ཆ་ ༦༩-༧༠ ལུ་ ནད་གཞི་དེ་ ཐོབ་མས་ཟེར་ཨིན་པས།
གསོ་བའི་འགོ་དཔོན་ཚུ་གིས་ ནད་གཞི་དེ་ གཙོ་བོ་ར་ འཕྲོད་བསྟེན་དང་མ་ལྡན་མི་ བཞེས་སྒོ་ཚུ་ལུ་བརྟེན་ཏེ་ ཐོབ་དོ་ཡོདཔ་ད་ སྤྱི་ལོ་ ༢༠༡༩ ལས་ འབུ་ནད་ཅན་གྱི་ ནད་གཞི་ལས་ འབུ་ནད་མིན་པའི་ ནད་གཞི་དེ་ མང་སུ་ཐོན་ནུག་ཟེར་ བཤདཔ་ཨིན་པས།
ནད་གཞི་དེ་གི་སྐོར་ལས་ རྫོང་ཁག་དང་ ས་གནས་གཞུང་གི་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་ འབོ་ཞིནམ་ལས་ ནད་གཞི་སྔོན་འགོག་དང་ བཀག་ཐབས་ཀྱི་ གོ་བརྡ་སྤྲོད་ནི་དེ་ ངོ་རྐྱང་ལཱ་འགན་གྱི་ འཆར་གཞིའི་ནང་ བཙུགས་ནི་གི་ ལས་འཆར་ཡོདཔ་ཨིན་པའི་གནས་ཚུལ།